རང་རེའི་དྲ་བའི་འཕྲིན།རྒྱལ་ཡོངས་ཀྱི་མེ་གསོད་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། ཟླ11པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་མེ་གསོད་བྱ་བར་གྲོས་མོལ་བྱེད་པའི་ཚོགས་འདུ་ཞིང་ཆེན་མེ་གསོད་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་བསྟུན་དོ་དམ་དང་མེ་གསོད་རྒུད་སྐྱོབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་།ད་ལྟའི་ཞིང་ཆེན་ཡོངས་ཀྱི་མེ་གསོད་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱེད་པ། མེ་གསོད་རྒུད་སྐྱོབ་བྱ་བ་དང་དཔུང་སྡེའི་འཛུགས་སྐྲུན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་པར་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། དུས་ཡུན་རིང་བོར། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་རྒུད་སྐྱོབ་ཀྱི་གཙོ་ཤུགས་དམག་དཔུང་དང་རྒྱལ་ཁབ་རུ་ཁག་ཡིན་པའི་ཆ་ནས། མེ་གསོད་རྒུད་སྐྱོབ་རུ་ཁག་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱའི་དགོངས་དོན་ལག་ལེན་བྱས་ཤིང་། མཐོ་སྒང་ལ་རྐང་བཙུགས་ནས་དཔའ་སྐྱེད་གདོང་མཆོང་བྱེད་པ། རང་འགུལ་གྱིས་ཚུལ་སྒྱུར་རིམ་འཕར་བྱེད་པ། རྒུད་སྐྱོབ་ནུས་པར་སྦྱོང་བརྡར་གང་ལེགས་བྱས་ནས། ཤུགས་ཆེན་པོས་མེ་སྐྱོན་སྲུང་བའི་གནས་བབ་གཏན་འཇགས་ཡིན་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་རིགས་སྣ་ཚོགས་ཀྱི་གནོད་འཚེའི་དོན་རྐྱེན་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དུས་རབས་གསར་པར་སླེབས་རྗེས། རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་ནུས་པ་དེང་རབས་ཅན་དུ་གྱུར་པ་ལས་མེ་གསོད་བྱ་བར་རེ་བ་གསར་བ་བཏོན་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་ལས་མེ་གསོད་བཅོས་སྐྱོང་གི་ཆུ་ཚད་ཐད་ཉམས་སད་གསར་བ་བྱེད་ལ། གནོད་འཚེ་མང་དུ་བྱུང་བ་ལས་མེ་གསོད་ཀྱི་ཕྱོགས་བསྡུས་རྒུད་སྐྱོབ་ནུས་པ་མཐོར་འདེགས་བྱེད་པར་རེ་བ་གསར་བ་བཏོན་ཡོད་པར་མ་ཟད། དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་ལས་མེ་གསོད་རྒུད་སྐྱོབ་བྱ་བར་འགྲན་རྩོད་གསར་བ་བསྐྲུན་ཡོད་པས། ངེས་པར་དུ་རིགས་སྣ་ཚོགས་ཀྱི་གནོད་འཚེ་ཐག་གཅོད་བྱེད་པའི་འཕྲལ་བསྟུན་ཆེན་མོའི་འགན་འཁྲིའི་ངེས་གནས་ལ་གཞིགས་ནས། གནོད་འཚེ་དང་ཉེན་ཁའི་དོ་དམ་དང་ཕྱོགས་བསྡུས་གནོད་སེལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་ཆེད་ལས་རྒུད་སྐྱོབ་སྟོབས་ཤུགས་ཀྱི་བཀོད་སྒྲིག་དང་རུ་དཔུང་གི་སྒྲིག་འཛུགས་ལེགས་སྒྱུར་བྱས་ནས། བསྟུད་མར་ས་ཁོངས་ཀྱི་རོགས་ལས་འཐབ་འཛིང་ནུས་པ་མཐོར་འདེགས་བཏང་སྟེ་འཕྲལ་བསྟུན་རྒུད་སྐྱོབ་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱུན་འཐབ་ཟུང་འབྲེལ་དང་རྒྱུན་འཐབ་སྤོར་སྒྱུར་གྱི་རྩ་དོན་གཞིར་བཟུང་ནས། དུས་རྒྱུན་གཙོར་འཛིན་དང་སྔོན་འགོག་གཙོར་འཛིན་སྒོས་སྔོན་ནས་གྲ་སྒྲིག་བྱེད་དགོས་ལ། འཕྲལ་བསྟུན་སྒྲིག་ལུགས་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་བྱ་བ་སྣ་ཚོགས་ཀྱི་གྲ་སྒྲིག་ལ་ཤུགས་སྣོན་པ། མེ་གསོད་ལྟ་རྟོག་དོ་དམ་དང་འཕྲལ་བསྟུན་དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་བྱས་ནས། མཚོ་སྔོན་གྱི་མེ་གསོད་རྒུད་སྐྱོབ་ཀྱི་གྲ་སྒྲིག་ཡོད་པའི་འཐབ་འཁྲུག་གི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། སྒྲིག་ལམ་ནན་སྲུང་དང་ནུས་པ་ཆེན་པོ་ལྡན་པའི་འཕྲལ་བསྟུན་རྒུད་སྐྱོབ་རུ་ཁག་ཅིག་གསར་འཛུགས་བྱས་ཤིང་། བསྟུད་མར་མེ་གསོད་རུ་ཁག་གི་འགྱུར་གསུམ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། མེ་གསོད་ཀྱི་གཞི་རིམ་རྨང་གཞིའི་བྱ་བ་དངོས་འབེབས་སྒོས་གནོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་དང་ཉེན་ཁའི་འགོག་སྲུང་ཚད་ཐིག་ཇེ་བརྟན་དུ་གཏོང་དགོས་པར་བསྟན།
གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་མི་མངོན་པའི་ཉེན་ཁར་དོགས་ཟོན་བྱེད་པར་མཉམ་འཇོག་པ་དང་། གནས་གཙོ་བོའི་མེ་གསོད་འགོག་སྲུང་གནད་དུ་བཟུང་སྟེ། སྤྱི་པའི་མེ་གསོད་ཀྱི་རྨང་གཞིའི་སྒྲིག་ཆས་དང་མེ་གསོད་བདེ་འཇགས་ཀྱི་འགན་འཁྲི་དངོས་འབེབས་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཕྲལ་བསྟུན་རྒུད་སྐྱོབ་ནུས་པ་མཐོར་འདེགས་བྱས་ཤིང་རྒུད་སྐྱོབ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་པ། ནུས་པའི་མཐོར་འདེགས་འབུར་དུ་ཐོན་པར་བྱས་ནས་མཁྲེགས་གཏོར་རྒྱལ་ཁ་ལོན་པའི་འདྲིལ་ཤུགས་ཆགས་པར་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་འགན་སྲུང་ལ་རྒྱབ་སྐྱོར་བྱེད་པ་དང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མེ་གསོད་རྒུད་སྐྱོབ་རུ་ཁག་ལ་གཅེས་སྐྱོང་བྱེད་པ། ཤུགས་ཆེན་པོས་མེ་གསོད་རྒུད་སྐྱོབ་བྱ་བར་ཞབས་ཞུའི་འགན་སྲུང་བྱས་ཏེ། ལས་རིགས་སོ་སོས་མེ་གསོད་བྱ་བར་སེམས་ཁུར་དང་དེའི་ནང་ཞུགས་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་མེ་གསོད་བདེ་འཇགས་གནས་བབ་ཀྱི་དབྱེ་ཞིབ་དང་མེ་གསོད་བྱ་བ། རྒུད་སྐྱོབ་རུ་ཁག་གི་འཛུགས་སྐྲུན་གནས་ཚུལ་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་མ་བསྡུས་གོང་། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གནོད་འཚེ་ཆེན་མོའི་རྒུད་སྐྱོབ་འཕྲལ་སྒྲུབ་རུ་ཁག་ལ་སོང་ནས། གཞི་རིམ་གྱི་ལས་ཡུལ་དང་པོའི་མེ་གསོད་བཀོད་འཐབ་མི་སྣར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་གསོད་རྒུད་སྐྱོབ་རུ་ཁག་ལ་འཚམས་འདྲི་ཞུས་པར་མ་ཟད་བཀའ་དྲིན་ཞུས། གྲ་སྒྲིག་འགན་བསྟར་དང་རིག་ནུས་ཏང་འཛུགས། མེ་སྐྱོན་འགོག་སྡོམ། གནོད་འཚེ་རྒུད་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་དམིགས་བསལ་གནོད་འཚེ་ཆེན་མོའི་འཕྲལ་བསྟུན་རྒུད་སྐྱོབ་ཀྱི་ཡུལ་དངོས་བཀོད་འདོམས་ཁང་གི་བརྙན་རིས་སྦྲེལ་མཐུད་ལ་བརྟེན་ནས་ས་ཡོམ་དང་རི་མགོ། ཆུ་ཁོངས་སོགས་ཀྱི་རྒུད་སྐྱོབ་དངོས་འཐབ་ཀྱི་སྦྱོང་བརྡར་ལ་བལྟས།
ལོ་ཙཱ་བ། ཤ་མོ་འཚོ།
རྩོམ་སྒྲིག་པ། ཤ་མོ་འཚོ།