རང་རེའི་དྲ་བའི་འཕྲིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་དུས་རབས་གསར་པ། མཚོ་སྔོན་གསར་པ། རྒྱང་སྐྱོད་གསར་པ་ཅེས་པའི་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་ཀྱི་ཆེད་དོན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་ཆེས་ཐོག་མར་བོད(སོག)གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ལས་སྣོན་བྱས་པའི་སྨན་བཅོས་འགན་སྲུང་དཀར་ཆག་བཟོས་པ་དང་། བོད(སོག)སྨན་རྫས་རིགས492(སྨན་སྣ2763)ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་རྩིས་སྤྲོད་ཁྱབ་ཁོངས་སུ་བཞག་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་བོད་སྨན་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ལས་སྣོན་གྱི71.4%ཟིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རྒྱལ་ཁབ་སྨན་རྫས་དཀར་ཆག་ལེགས་སྒྲིག་སྲིད་ཇུས་ཀྱིས་མཚོ་སྔོན་ཞིང་ཆེན་མི་རིགས་སྨན་རྫས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བའི་སྲིད་ཇུས་བརྩོན་ལེན་བྱས་ཏེ། དུས་ལྟར་སྨན་བཅོས་འགན་སྲུང་སྲིད་ཇུས་དང་འཚམ་པའི་མི་རིགས་སྨན་རྫས་རང་ཞིང་གི་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་བཞག མིག་སྔའི་བར་དུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་མི་རིགས་ཀྱི་སྨན་རྫས་སྣ96གི་རྨང་གཞིའི་སྟེང་། སྨན་རྫས་རིགས60ཁ་སྣོན་བྱས་པ་དང་ཁྱོན་བསྡོམས་མི་རིགས་ཀྱི་སྨན་རྫས་སྣ156རང་ཞིང་གི་སྨན་བཅོས་འགན་སྲུང་ཁྲོད་བཞག 《བོད་ཀྱི་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་བཏུང་སྨན་སྐོར་ཞིག་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་ལས་རྨས་འགན་སྲུང་། སྐྱེ་བཙའ་འགན་སྲུང་རྩིས་སྤྲོད་ཁྱབ་ཁོངས་ནང་འཇོག་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་། སྨན་རྫས་རིགས150སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཁྱབ་ཁོངས་སུ་བཞག དུས་མཚུངས་སུ། ཀྲུང་ལུགས་སྨན་རྫས་རིགས202སྨན་བཅོས་འགན་སྲུང་དཀར་ཆག་ནང་བཞག་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ལས་སྣོན་གྱི85.2%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་ཀྲུང་ལུགས་སྨན་རྫས་དང་མི་རིགས་ཀྱི་སྨན་རྫས་དགོས་མཁོ་བསྐངས་ནས། ཀྲུང་བོད་ལུགས་སྨན་བཅོས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་བཏང་།
འཇོན་མི་གསོ་སྐྱོང་གི་ཐད་ནས། མཚོ་སྔོན་གྱིས་རྒྱལ་ཡོངས(གཞི་རིམ)ཀྲུང་ལུགས་གསོ་རིག་ཆེད་མཁས་པའི་ལས་དོན་ཁང22བཙུགས་པ་དང་། ཞིང་ཆེན་རིམ་པའི་གྲུབ་མཐའི་ལས་དོན་ཁང12བཙུགས་ལ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གི་ཆེད་མཁས་པའི་རིག་གཞུང་ཉམས་མྱོང་རྒྱུད་འཛིན་པ126གསོ་སྐྱོང་བྱས། 2023ལོར། ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་པས་ཀྲུང་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣ1206གསོ་སྦྱོང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་བོད་ལུགས་གསོ་རིག་གི་ལག་རྩལ་དང་ཕྱི་བཅོས་ཁྱད་ལྡན་བཅོས་ཐབས་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ལ་སྔར་ལས་སྟབས་བདེ་དང་སྤུས་ལེགས། ཕན་མཐོའི་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ཀྲུང་བོད་ལུགས་གསོ་རིག་གི་འཇོན་མིའི་དཔུང་སྡེ་མུ་མཐུད་དུ་སྲ་བརྟན་བཏང་།
གཞན་ཡང་། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཀྲུང་བོད་ལུགས་གསོ་རིག་སྨན་ཁང439བཙུགས་པ་དང་། འཛུགས་སྐྲུན་ཁྱབ་ཚད100%ལ་སླེབས། 100%ཡི་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང97.3%གྱི་ཤང་གྲོང་འཕྲོད་བསྟེན་ཁང་གིས་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་དྲ་བ་གཞི་རྩའི་ཆ་ནས་བཙུགས་ཡོད།
ལོ་ཙཱ་བ། ཤ་མོ་འཚོ།
རྩོམ་སྒྲིག་པ། ཤ་མོ་འཚོ།