ཉེ་ཆར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་གཏན་འཁེལ་བྱ་རྩིས་ཡོད་པའི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་ཐོ29ཡོངས་བསྒྲགས་བྱས་ཤིང་། དེར་མཚོ་སྔོན་ཞིང་ཆེན་གྱི་བརླན་ས3འོས་འདེམ་བྱས་ཡོད་དེ། གཏེར་ཆུའི་འབྱུང་ཁུངས་ཀྱི་རྒྱལ་ཁབ་བརླན་ས་གལ་ཆེན་དང་། རྩེ་ཆུ་ཡི་རྒྱལ་ཁབ་བརླན་ས་གལ་ཆེན། གཏེར་ལམ་མཚེའུ་ཡི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་བཅས་ཡིན་པ་དང་སྲུང་སྐྱོང་བྱེད་ཐབས་ནི་རྒྱལ་ཁབ་ཀྱི་བརླན་ས་སྤྱི་གླིང་ཡིན།
རྩེ་ཆུའི་རྒྱལ་ཁབ་བརླན་ས་སྤྱི་གླིང་། པར་རིས་ནི་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཁོ་འདོན་བྱས་པ།
གཏེར་ཆུའི་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་གསུམ་རྫོང་ཁོངས་སུ་ཡོད་ཅིང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང11539.71ཡོད་པ་དང་། སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་བརླན་སའི་སྐྱེ་ཁམས་མ་ལག་དང་དཀོན་ཞིང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཡིན། སྤྱི་གླིང་གནས་སའི་ས་ཁོངས་ནི་ཁུ་ནུ་རི་རྒྱུད་དང་དེའི་ཡན་ལག་ཨ་ཆེན་གངས་རྒྱབ་དང་། པ་ཡན་ཁ་ལ་རི་བོ། ཨ་མྱེས་རྨ་ཆེན་གངས་རི་སོགས་ལས་གྲུབ་པ་དང་། ས་བབ་མཐོ་ཚད་སྨི5000ཡན་ཟིན་པ། རི་རྒྱུད་བར་གྱི་མཐོ་སྒང་ཡང་སྨི4000ཡན་ཟིན་པ། འབྲི་ཆུའི་བྱང་རྒྱུད་དང་རྨ་ཆུའི་ཆུ་འགོའི་འབྱུང་ཁུངས་ཚང་མ་དེ་གར་གནས་པ། ས་ཁོངས་ནང་ཆུ་བོ་དང་བརླན་ས། བརླན་ས། མཚེའུ་དང་བརླན་ས་སོགས་ཀྱི་ཐོན་ཁུངས་ཁྱབ་ཡོད།
རྩེ་ཆུའི་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་སུ་ཡོད་ཅིང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང16914.54ཡོད་པ་དང་། སྲུང་སྐྱོང་གི་ས་ཁོངས་གཙོ་བོ་ནི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་དང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། དེ་དག་གི་འཚོ་གནས་དང་སྐྱེ་འཕེལ་བྱ་ཡུལ་ཡིན། སྤྱི་གླིང་གི་བརླན་སའི་སྐྱེ་ཁམས་མ་ལག་འཐུས་ཚང་བ་སྟེ། ཉེ་འཁོར་གྱི་སྔོ་ཁེབས་དང་མཉམ་དུ་འདྲེས་ཤིང་། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་ནག་པོ་སོགས་རྩ་ཆེའི་སྲོག་ཆགས་ཀྱང་ཡོད་ལ། ལྷག་པར་ས་ཁོངས་སྐྱེ་ཁམས་ཁོར་ཡུག་ཁྲོད་དགོས་ངེས་ཀྱི་སྐྱེ་ཁམས་ཕན་འབྲས་དང་ནུས་པ་བཏོན་ཞིང་བརླན་སའི་རིན་ཐང་གང་ལེགས་མངོན་པ་ཡོད་པས། མདོ་དབུས་མཐོ་སྒང་གི་མཐོ་ལ་གྲང་བའི་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་རེད།
གཏེར་ལམ་མཚེའུ་ཡི་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཁོངས་སུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ཆིང6682.87ཡོད་པ་དང་། གཙོ་བོ་ཁྲུང་ཁྲུང་སྐེ་ནག་དང་། ངང་དཀར། ཁྲུང་ཁྲུང་མགོ་ནག་སོགས་དཀོན་ཞིང་སྟོངས་ཉེར་ཡོད་པའི་སྲོག་ཆགས་དང་དེ་བཞིན་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཡི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པ་ཡིན། སྤྱི་གླིང་གི་ཆུ་ཁུངས་ཕུན་སུམ་ཚོགས་ཤིང་རྩྭ་ཆུ་འཛོམས་པས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་ཡག་ཤོས་སུ་ཆགས་ཡོད། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། ངང་པ་སོགས་སྲོག་ཆགས་མང་པོ་ཞིག་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད་པས། མདོ་དབུས་མཐོ་སྒང་གི་བརླན་ས་གདོད་མའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་རེད།
གཡང་སྐྱིད་ཀྱིས་བསྒྱུར།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།