དགའ་བདེ་རྫོང་གིས་བརྗོད་དོན་སློབ་གསོ་སྐོར་གཉིས་པ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མགོ་ལོག་ཁུལ་དགའ་བདེ་རྫོང་གིས་བརྗོད་དོན་སློབ་གསོའི་ཆབ་སྲིད་སྣེ་ཁྲིད་ཀྱི་དོན་སྙིང་དང་གཞུང་ལུགས་དྲག་ཆས་ཀྱི་དོན་སྙིང་། ལག་ལེན་སྐུལ་འདེད་ཀྱི་དོན་སྙིང་། འགན་འཁྲིའི་ཡིད་འགུལ་གྱི་དོན་སྙིང་བཅས་ལ་ངོས་འཛིན་ཟབ་མོ་བྱུང་སྟེ། བསམ་བློ་དང་འགུལ་སྐྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་མཐའ་གཅིག་ཏུ་གཅིག་གྱུར་བྱས་ལ། “དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”ཅེས་པའི་སྤྱིའི་བླང་བྱ་དང་དམ་པོར་སྦྲེལ་བ་དང་། གཅིག་གྱུར་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པའི་ཐད་ཐབས་བཀོད་འཐེན་ཞིང་ནུས་ཤུགས་བཏོན་ནས། རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོ་བྱ་བར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་། 

བསམ་བློ་བརྟན་པོར་བཏང་སྟེ་གཞི་རྩ་བརྟན་སྲུང་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་ལ་གོ་རིམ་དང་ནུས་པ་ལྡན་པའི་སྒོ་ནས་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས། བརྗོད་དོན་སློབ་གསོའི་བྱ་བ་མགོ་བརྩམས་པའི་ཚུན་དུ། དགའ་བདེ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། བརྗོད་དོན་སློབ་གསོ་ཟབ་སྤེལ་བྱེད་པར་སྐུལ་སྤེལ་ཏན་ཏིག་བྱས་ཤིང་། སློབ་སྦྱོང་གི་འཆར་གཞི་ལྟར། གཅིག་བསྡུས་སློབ་སྦྱོང་དང་རང་མོས་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། “ཚོགས་འདུ་གསུམ་དང་སློབ་ཐུན་གཅིག”དང“བརྗོད་དོན་ཏང་གི་ཉིན་མོ”སོགས་དང་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རིགས་མི་འདྲ་བའི་སློབ་སྦྱོང་ཐེངས192སྤེལ་བ་དང་ཏང་ཡོན་མི་ཐེངས1800ལྷག་ཞུགས་པས། ཏང་ཡོན་སློབ་སྦྱོང་ཧ་ལམ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། 

བརྟག་ཞིབ་གཏིང་ཟབ་བྱས་ནས་མཐོར་འདེགས་ལ་སྐུལ་འདེད་བཏང་བ་དང་། དངོས་འཛིན་རྣལ་སྒྲུབ་ཀྱིས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཐབས་བྱེད་པ་རྒྱུན་འཁྱོངས་བྱས། རྫོང་ཁྲུའུ་རིམ་པའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཏན་འཁེལ་བྱས་པའི་ནང་དོན་དང་ཐབས་ལམ་ནན་བསྟར་གྱིས། དགའ་བདེ་རྫོང་གི་དངོས་ཡོད་ལ་གཞིགས་པ་དང་། ཁག་བགོས་ཁྱབ་ཁོངས་ཀྱི་བྱ་བའི་དངོས་ཡོད་ནས་མགོ་བརྩམས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། དམངས་འཚོ་ལེགས་བསྒྱུར་སོགས་ཐད་ཀྱི་དགའ་བདེའི་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་བར་ཆད་བཟོ་བའི་ཁག་གནད་དང་གཞི་རིམ་གྱིས་ཐེར་འདོན་བྱས་པའི་གནད་དོན་གལ་ཆེན། མང་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ཛ་དྲག དུས་ཡུན་རིང་པོར་ཐག་མ་ཆོད་པའི་དཀའ་གནད་དང་ཉེན་ཁ་ཆེ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ། བརྟག་ཞིབ་བསླབ་ཚན25གཏན་འཁེལ་བྱས་པ་དང་། “མི་གཅིག་ལ་ཇུས་གཞི་གཅིག”གི་བྱེད་ཐབས་བརྒྱུད་དེ། རྫོང་རིམ་པའི་ལས་བྱེད་པའི་བརྟག་ཞིབ་ཇུས་གཞི་གཏན་འབེབས་བྱས་ལ། གཅིག་གྱུར་འཆར་འགོད་སྒོས་བརྟག་ཞིབ་བཀོད་སྒྲིག་བྱེད་པ། གནས་ཚུལ་དངོས་ལ་བརྟག་ཞིབ་དང་བྱེད་ཐབས་གོ་ཆོད་འདོན་པ། ཕན་འབྲས་ངོ་མ་བརྩོན་པའི་ཐད་ཤུགས་འདོན་པ། གནས་ཚུལ་གསལ་རྟོགས་བྱེད་པ་དང་གནད་དོན་གནད་དུ་འཁེལ་བར་བཙལ་བ། བྱེད་ཐབས་གོ་ཆོད་འདོན་པ་བཅས་ཀྱིས། བརྟག་ཞིབ་གྲུབ་འབྲས་དེ་བྱ་བ་ལེགས་བསྒྱུར་བྱེད་པ་དང་དགའ་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་སུ་བསྒྱུར་ཡོད།

གནད་དོན་བཙལ་ཏེ་དག་ཐེར་བཅོས་སྐྱོང་ནན་འཛིན་བྱས་པ་དང་། གནད་དོན་ངོ་མ་ཡོ་བསྲང་བྱས་ནས་རང་ངོས་གསར་བརྗེ་ལ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས(ལས་བྱེད་པ)གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གནད་དོན་ཞིབ་བརྟག་གི་འབྲེལ་ཡོད་བླང་བྱ་ལྟར། གནད་དོན་ཞིབ་བརྟག་གསལ་ཐོ་དུས་ཐོག་ཏུ་བཙུགས་པ་དང་། ཕྱོགས་ཡོངས་དང་ཡང་དག་པའི་གནད་དོན་གསལ་ཐོ་དང་ལས་འགན་གསལ་ཐོ། དག་ཐེར་གསལ་ཐོ་བཅས་རིམ་པ་དགར་ཏེ་ཆགས་པར་བྱས་ལ། འགུལ་རྣམ་དོ་དམ་དང་འཁོར་བསྒྲིལ་ཨང་རྟགས་མེད་པར་བཟོ་བའི་བྱེད་ཐབས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་བྱས་པ་དང་། དུས་བཅད་ལྟར་འཁོར་བསྒྲིལ་གསར་བསྒྱུར་བྱས་པ་དང་། སློབ་སྦྱོང་བྱེད་ཞོར་དུ་ཤན་སྦྱར་དང་ལྟ་ཞིབ། དག་ཐེར་ལེགས་བཅོས་བཅས་བྱས་ཏེ། བརྗོད་དོན་སློབ་གསོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པར་ཁག་ཐེག་བྱས། རྫོང་རིམ་པའི་མགོ་ཁྲིད་གཞོན་པ་ཡན་གྱི་མགོ་ཁྲིད་ཚན་ཁག་གིས་གནད་དོན་ཞིབ་བརྟག་བྱེད་ཐེངས་དང་པོའི་ནང་། ཚན་ཁག་གི་གནད་དོན43ལ་ཞིབ་བརྟག་བྱས་པ་དང་། རྫོང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པས་གནད་དོན149ལ་ཞིབ་བརྟག་བྱས། ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུས་གནད་དོན42ལ་གསེད་སྒྲིག་དང་ཞིབ་བརྟག་བྱས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གནད་དོན588ལ་ཞིབ་བརྟག་བྱས། རྫོང་ཡོངས་ཀྱི་ཏང་ཡོན་གྱིས་བསྡོམས་པས་གནད་དོན2100ལྷག་ལ་ཞིབ་བརྟག་བྱས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།