ཉེ་ཆར། མང་རྫོང་གི་ལུག་ནག་ཐོན་རྫས་ཆེད་ཚོང་ཁང་གཟབ་རྒྱས་ངང་ལས་གཉེར་མགོ་ཚུགས་པ་དེས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་གི་ཐབས་ལམ་མགྱོགས་མྱུར་བཏོད་པ་མ་ཟད། ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ་དང་འཛད་སྤྱོད་པར་སྦྲེལ་མཐུད་ལས་སྟེགས་ཀྱང་བསྐྲུན་ནས་རྒྱ་ཆེའི་འཛད་སྤྱོད་པར་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་ཐུབ་ཡོད་པ་རེད།
ཆེད་འཚོང་ཁང་འདིར་གཙོ་བོ་ལུག་ནག་གི་ཐོན་རྫས་ཏེ་ལུག་ནག་གི་མགོ་སུག་སོགས་ཡོད་པ་མ་ཟད། ནོར་ནག་གི་ཤའང་བཙོང་རྒྱུ་ཡོད། འགྲེམས་ཁང་ནང་ཤ་འཇོག་སའི་སྒམ་བརྒྱད་བཀོད་སྒྲིག་བྱས་ནས་ཉོ་མཁན་ལ་ཤ་གསར་མཁོ་འདོན་བྱེད་ཀྱིན་ཡོད། བོད་ནག་པོའི་ཐོན་རྫས་ཐུམ་སྒྲིལ་ཐད་ལའང་དབྱེ་བ་ཡོད་ཅིང་། ཁེ་500ནས་རྒྱ་མ་བཅུ་ཕྲག་ཁ་ཤས་ལ་དེ་མཚུངས་ཀྱི་ཐུམ་སྒྲིལ་བརྒྱབ་ནས་ཉོ་མཁན་ལ་སྟབས་བདེ་བཟོས་ཡོད།
མང་རྫོང་གཙང་གསུམ་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར། མཱ་ཀྲན་ཡོན། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ལུག་ནག་པོའི་ཐོན་རྫས་ཚོང་ཁང་བདེ་བླག་ངང་ལས་གཉེར་བྱེད་མགོ་ཚུགས་པ་དང་། ལུག་ནག་གི་ཤའི་བྲོ་བ་དམིགས་བསལ་ཡིན་པ་དང་། སྤུས་ཀ་ལེགས་པ། འཚོ་བཅུད་ཀྱི་རིན་ཐང་མཐོ་བ་བཅས་ཡིན་པས། རྗེས་ཕྱོགས་ང་ཚོས་བོད་ལུག་ནག་པོའི་ཤ་ཁྲོམ་རར་ཕྱིར་ཚོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལུག་ནག་གི་སྐད་གྲགས་ཆོད་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཀོས་ནན་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་དེ་ཡིན།
ཉེ་བའི་ལོ་ཤས་རིང་། མང་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་དང་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས་ལུག་ནག་རྒྱུད་འཕེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལུག་ནག་དེ་ཁྱད་ལྡན་ཐོན་ལས་ལ་བརྩིས་ནས་སྐྱེད་སྲིང་བྱས་པ་དང་འབྲེལ་ས་མཐོའི་སྐྱེ་ལྡན་ཞིང་ཕྱུགས་ལས་རྨང་གཞིར་བྱེད་པ་དང་། སྔོན་ཐོན་ལག་རྩལ་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་གཙོ་གནད་དུ་བྱས་ནས་བོད་ལུག་ནག་པོའི་ཐོན་ལས་ཀྱི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ས་མཐོའི་ཟས་རིགས་འཕེལ་རྒྱས་གཏོང་ཆེད་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ཡོད།
གསར་འགོད་པ། གནམ་ཕྱུག
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།