བོད་ལྗོངས་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

ཟླ10པའི་ཚེས26ཉིན་ནས་ཚེས27ཉིན་བར། བོད་ལྗོངས་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་དང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གཏམ་བཤད། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲིན་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲིན་ཡུང་ཆི་གཉིས་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བོད་ལྗོངས་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་པ་དང་། བོད་ལྗོངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་མདོ་དབུས་མཐོ་སྒང་ལ་ཐུགས་ཁུར་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་དང་བོད་ལྗོངས་ཀྱི་འཕེལ་རྒྱས་ཐད་རླབས་ཆེན་འཆར་འགོད་བཟོས་ལ། རྒྱལ་དོན་གལ་ཆེན་གྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཐུན་མོང་གི་རེ་བ་གལ་ཆེན་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་ནི། ས་གཉིས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ། ཕྱོགས་གཉིས་ཀྱི་འཕེལ་རྒྱས་མཉམ་ལས་ཐད་དུས་རབས་ཀྱི་གོ་སྐབས་ཀྱང་བསྐྲུན་ཡོད། ང་ཚོས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དྲིན་གཟོ་མདུན་སྐྱོད་བྱེད་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལག་བསྟར་བྱེད་པ། ས་གཉིས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་དང་བོད་ལྗོངས་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་དགོས། མཉམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་དང་རྒྱལ་ཁབ་ཀྱི་ཆུ་འགོ་གསོ་ས། རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་བཅས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐད་མཉམ་ཤུགས་འདོན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་ཀྱི་རྨང་གཞི་བཟང་བོར་རྐང་འཛུགས་པ། མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ། དག་གཙང་ནུས་ཁུངས་དང་ཚྭ་མཚོའི་ཐོན་ལས། ཞིང་ཕྱུགས་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་གྲོས་མཉམ་འཛུགས་དང་མཉམ་སྤྱོད་མཉམ་རྒྱལ་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་བྱས་རྗེས་གསར་བ་འཇོག་དགོས། མི་སྣའི་འགྲོ་འོང་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་མཉམ་ལས་འགྲོ་འོང་ལ་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མི་རིགས་སོ་སོས་འགྲོ་འོང་དམ་ཟབ་དང་ཕྱོགས་ཡོངས་བརྗེ་རེས། མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། མཉམ་དུ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བརྗེ་རེས་མཉམ་ལས་ཤུགས་སྣོན་པ། ཉེན་ཁ་དང་འགྲན་རྩོད་བཀག་འགོག་བྱེད་པ། བཅོས་སྐྱོང་གི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་བདེ་འཇགས་ཀྱི་དྲ་རྒྱ་ཇེ་བརྟན་དུ་གཏོང་བ་བརྒྱུད་དེ། བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། མཉམ་དུ་དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། ཁུལ་ཁོངས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ས་གཉིས་ཀྱི་མི་དམངས་ལ་ཕན་འདོགས་དགོས།

ཝང་ཅུན་ཀྲིན་གྱིས་མཚོ་སྔོན་གྱིས་དུས་ཡུན་རིང་བོར་བོད་ལྗོངས་ཀྱི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མིག་སྔར། བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ཀྱི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་ལག་ལེན་མཐར་ཕྱིན་བྱེད་ཀྱིན་ཡོད་པ་དང་། དོན་ཆེན་བཞི་གཙིགས་སུ་འཛིན་པ་དང་གསར་སྐྲུན་བཞིའི་ཐད་ཤུགས་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་བོར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་སྲིང་འཕེལ་རྒྱས་ཐད་ནས་གསུང་བཤད་གལ་ཆེན་གནང་བ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ལ། ང་ཚོར་མཉམ་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་བསྩལ། ང་ཚོས་མཉམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་སྲུང་བྱས་ནས། ཀྲུང་ཧྭ་མི་རིགས་ཡུན་མཐུད་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་འཇོག་དགོས། མཉམ་དུ་རྨང་གཞིའི་སྒྲིག་ཆས་ཐད་མཉམ་སྦྲེལ་མཉམ་མཐུད་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ཟབ་མོ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མདོ་དབུས་ཀྱི་ཕྱོགས་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་འཛུགས་པ། དགེ་མཚན་ཁ་གསབ་དང་ཐོན་ལས་བརྗེ་རེས། གཉིས་ཕན་མཉམ་རྒྱལ་བྱས་ཏེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས། མཉམ་དུ་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་རྐང་འཛུགས་ས་དང་ཤུགས་འདོན་ས་རུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་ཏུ་བྱེད་པ། མི་གྲངས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བ་དང་མི་སེམས་གཅིག་ཏུ་བསྡུ་བ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་བྱ་བ་རྒྱུན་མཐུད་ངང་བཟང་བོར་སྒྲུབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། མཉམ་དུ་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མཐའ་མཚམས་ཀྱི་བརྟན་འཇགས་སྲ་བརྟན་དུ་གཏོང་དགོས། སྤྱིའི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་བརྟན་པོར་འཛུགས་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། འགལ་རྩོད་གཞི་རིམ་ནས་ཐག་གཅོད་པ་དང་འགོ་ནས་ཐག་བཅད་དེ། སྤྱི་ཚོགས་ཡོངས་ཀྱི་དུས་ཡུན་རིང་བོའི་འཆམ་མཐུན་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས། མཉམ་དུ་དམངས་ཚིས་བྱ་བར་སྐུལ་འདེད་གཏོང་བ་དང་དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་དགོས། དགེ་མཚན་གསུམ་དང་ཕན་ལྡན་གཅིག་གི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་རྒྱུ་དེ་བྱ་བའི་གཙོ་གནད་དུ་བརྩིས་ནས་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཉམས་སུ་མྱོང་ཐུབ་པར་བྱེད་དགོས།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། བོད་ལྗོངས་ཏང་སྲིད་འཐུས་ཚབ་ཚོགས་པ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་ཟི་ལིང་ཉི་འོད་ནུས་པའི་གློག་ཤུགས་ཡན་ལག་ཀུང་ཟི། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་བཅས་ལ་སོང་ནས་རྟོག་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན། ཉི་མ་སྒྲོལ་མ། ལིའུ་ཁྲའོ། ལིས་ཧུང་ཡ། མཱ་ཧྥིན་ཧྲིན། བོད་རང་སྐྱོང་ལྗོངས་གྱི་འགོ་ཁྲིད་སྐར་མ་ཚེ་བརྟན་དང་ཟླ་བ་ཚེ་རིང་། རྒྱལ་མཚན། ཀྲུང་ཧུང་པོ། ལང་ཧྥུའུ་ཁོན། མིན་ཞའོ་ལེན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། ཁོན་ཐར་འཚོ།