ཡུས་ཧྲུའུ་ཁུལ་གྱིས་སྲོལ་རྒྱུན་སྲུང་སྐྱོབ་སྡེ་བའི་རྐྱེན་སྲོལ་གཏན་འབེབ་བྱས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

ཟླ10པའི་ཚེས26ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་དེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཆོག་མཆན་བཀོད་དེ། 2023ལོའི་ཟླ་11པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

གཙང་གསུམ་འབྱུང་ཡུལ་གྱི་སྲོལ་རྒྱུན་བཟོ་བཀོད་ལ་གཙོ་བོ་རྡོ་བརྐོས་དང་ཤིང་བརྐོས། རྡོ་ཤིང་སྦྲགས་མ་བཅས་རིགས་གསུམ་ཡོད། མི་རྣམས་ཀྱིས་རང་ས་རང་ཡུལ་དུ་རྒྱུ་ཆ་བསྡུ་རུབ་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྟར་འཛུགས་སྐྲུན་བྱས་པས། ས་གནས་བོད་རིགས་ཀྱི་མི་རིགས་ཁྱད་ཆོས་དང་རེ་སྙེག བསམ་བློ་དང་དགོས་མཁོ་བཅས་ཡོངས་སུ་མངོན་ཡོད། མིག་སྔར་ཡུས་ཧྲུའུ་འབྲི་ཆུའི་བཞུར་རྒྱུད་དང་རྫ་ཆུའི་བཞུར་རྒྱུད་དུ་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་སྡེ་བ་ཞེ་བདུན་ཡོད་ལ། དེའི་ཁྲོད་སྡེ་བ་ཉེར་གཅིག་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྡེ་བའི་ཁྲོད་ཚུད་ཡོད་པ་དང་། སྡེ་བ་གཉིས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མིང་གྲགས་སྡེ་བའི་ཁྲོད་དུ་ཚུད་ཡོད་ལ། སྡེ་བ་བདུན་ནི་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་འཛུགས་སྐྲུན་གྱི་རྣམ་གྲངས་ཁྲོད་ཚུད་ཡོད་པ་དང་།སྡེ་བ་ཉེར་གསུམ་གནའ་བོའི་སྡེ་གྲོང་གི་འཚོ་བ་ཉམས་རོལ་བྱེད་སའི་ས་ཁུལ་དུ་བདམས་ཡོད། གནའ་བོའི་སྡེ་གྲོང་འདི་དག་ལ་མི་རིགས་ཀྱི་བཟོ་བཀོད་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་པར་མ་ཟད། མི་ཀུན་ལ་གཙང་གསུམ་འབྱུང་ཡུལ་གྱི་མི་རིགས་རིག་གནས་ཀྱི་མཛེས་པ་ངོམ་ཡོད། 

རྒྱུས་ལོན་པ་ལྟརན། སྲོལ་ཡིག་དེར་ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་ཞེ་དགུ་ཡོད་ལ། གཙོ་གནད་དམ་འཛིན་བྱས་ཏེ། སྲུང་སྐྱོབ་བྱེད་དགོས་སར་གང་ཐུབ་ཀྱིས་སྲུང་སྐྱོབ་བྱེད་པའི་རྩ་དོན་ལ་དམིགས་ནས། སྲུང་སྐྱོབ་ཀྱི་མིང་ཐོའི་ལམ་ལུགས་འཛུགས་སྐྲུན་བྱས་པ་བརྒྱུད་ནས། དོ་དམ་ཞིབ་ཚགས་བྱེད་པ་དེས་ལོ་རྒྱུས་རིག་གནས་མིང་གྲགས་སྡེ་བ་དང་སྲོལ་རྒྱུན་སྡེ་བའི་རིམ་པ་དང་ཁྱབ་ཁོངས་གསལ་བོར་དབྱེ་ཞིང་། ཞིབ་ཚགས་ཀྱི་འཆར་འགོད་ལ་བརྟེན་ནས། རྩིས་ཐོའི་དོ་དམ་གྱི་རྣམ་པས་སྲུང་སྐྱོབ་ཀྱི་མཚམས་ཐིག་གསལ་བོར་གཏན་འབེབ་བྱས་པ་དང་། གཞི་རྩའི་ནང་དོན་གསལ་བོར་བཟོས་ཡོད།

སྲོལ་ཡིག་གཏན་འབེབས་བྱས་པ་དེ་ཡིས་ཡུས་ཧྲུའུ་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་བྱ་བ་དེ་སྔར་ལས་ཚན་རིག་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་དོ་དམ་གྱི་བགྲོད་ལམ་དུ་བསྐྱོད་ནས། ཡུས་ཧྲུའུ་ཁུལ་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས། དཔལ་འབྱོར་ཕྱོགས་ཡོངས་ནས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།