རང་ཞིང་དུ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གཅིག་གསར་སྣོན་བྱས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-08-03 16:42:21
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ཆར། གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བརྒྱུད། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ལ་དངོས་སུ་ངོས་འཛིན་བྱས་པ་རེད། དེ་ནི2019ལོར་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བསྐྲུན་རྗེས་མཚོ་སྔོན་ཞིང་ཆེན་དུ་གསར་དུ་བསྣན་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གཞན་ཞིག་རེད།
རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཞེས་པ་ནི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་བ་ལྟེ་བར་འཛིན་པ་དང་། ལོ་རྒྱུས་དང་རིག་གནས་གསོག་འཇོག་ཕུན་སུམ་ཚོགས་པ། རིན་ཐང་གལ་ཆེན་དང་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ཀྱི་རྣམ་པས་ཁྱོན་ཡོངས་ནས་སྲུང་སྐྱོང་བྱེད་པའི་དམིགས་བསལ་གྱི་ས་ཁོངས་ལ་ཟེར། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་རྒྱུ་ནི་རང་རྒྱལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལམ་ལུགས་ཤིག་རེད། རང་ཞིང་གིས་མི་རིགས་རིག་གནས་སྣ་མང་དང་། ས་ཁོངས་ཀྱི་ཁྱད་ཆོས་གསལ་བ། ལོ་རྒྱུས་ཀྱི་རྨང་གཞི་མཐུག་པ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། 2008ལོ་ནས་བཟུང་སྔ་ཕྱིར་དུ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་གསུམ་འཛུགས་པར་རེ་ཞུ་བྱས་པས། རེབ་གོང་རིག་གནས་དང་། གེ་སར་རིག་གནས(མགོ་ལོག)། བོད་རིགས་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་བཅས་སུ་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀར་འཕེལ་རྒྱས་བྱུང་བ་རེད།
ལོ་མང་པོའི་རིང་གི་འཛུགས་སྐྲུན་བརྒྱུད་། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་སོ་སོས་སྤྱིའི་འཆར་གཞིའི་དམིགས་ཚད་ལས་འགན་དང་ལས་ཀའི་བླང་བྱ་ལྟར། གཅིག་གྱུར་འཆར་གཞི་དང་ཁྱོན་ཡོངས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཐོན་ཁུངས་མངོན་པར་གསལ་བའི་སྒོ་ནས་ས་ཁོངས་ཀྱི་ཁྱད་ཆོས་ལ་སྣང་ཆེན་བྱས་ནས་སྲུང་སྐྱོང་རྒྱུན་འཛིན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། རྒྱུན་འཛིན་གྱི་ཐབས་ལམ་རྒྱ་ཆེ་ཞིང་རྒྱུན་འཛིན་གྱི་ཚོགས་སྤྱིར་སྟོབས་བསྐྱེད་དེ་རིག་གནས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱས་ཡོད། མིག་སྔར། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱིས་རེབ་གོང་སྒྱུ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་། རྒྱ་ཆེའི་རོང་འབྲོག་པས་སྲོལ་རྒྱུན་ལག་རྩལ་གྱི་ལས་གཞི་བཅས་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་དང་ལྷོད་མེད་པ་བྱས་པས་འབབ་འཕར་ཕྱུག་འགྱུར་གྱི་མིག་དཔེ་ཞིག་ཏུ་གྱུར་ཡོད། གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་རྣམ་གྲངས《གླིང་གེ་སར་སྒྲུང》གི་སྲུང་སྐྱོང་རྒྱུན་འཛིན་ལག་ལེན་ལ་བརྟེན་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་ཆེར་བཏང་ཡོད། བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ཁོངས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་སྤུས་རྟགས་བཏོད་ཡོད།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།


