༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་དོ་དམ་བྱེད་ཐབས་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2023-02-16 16:22:00
མཚོ་སྲིད་གཞུང་ལས་ཐིན〔2022〕ཨང85བ།
གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།
《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་དོ་དམ་བྱེད་ཐབས》ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས117པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། འདིར་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་དོན་འཁྱོལ་དམ་འཛིན་བགྱི་དགོས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
2022ལོའི་ཟླ10བའི་ཚེས1ཉིན།
༄༅། །མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས) ཐོ་འགོད་དོ་དམ་བྱེད་ཐབས།
དོན་ཚན་དང་པོ། རང་ཞིང་གི་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་དོ་དམ་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་ལ། ཁྲོམ་རའི་བྱེད་པོ་ཐོ་འགོད་སྟབས་ཇེ་བདེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་དངུལ་འཇོག་ཤུགས་དང་ཁྲོམ་རའི་གསོན་ཤུགས་སྐུལ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོ་ཐོ་འགོད་དོ་དམ་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོ་ཐོ་འགོད་དོ་དམ་སྲོལ་ཡིག་ལག་བསྟར་ཞིབ་སྲོལ》《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཚོང་དོན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཁེ་ལས་ཀྱི་འཆིང་རྒྱ་སྔར་བས་བཀྲོལ་ཞིང་ཁུར་བོ་ཇེ་ཡང་དུ་བཏང་ནས་ཁེ་ལས་ཀྱི་གསོན་ཤུགས་སྐུལ་བའི་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་སྤེལ〔2020〕ཨང29བ)སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་འབྲེལ་ཡོད་གཏན་འབེབས་བཅས་གཞིར་བཟུང་ཞིང་། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་སུ་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཀུང་སི་དང་ཀུང་སི་མིན་པའི་ཁེ་ལས་ཀྱི་ཁྲིམས་མི་དང་དེའི་ཡན་ལག་ལས་ཁུངས་དང་། སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས། མཉམ་སྡེབ་ཁེ་ལས་དང་དེའི་ཡན་ལག་ལས་ཁུངས། ཞིང་བའི་ཆེད་ལས་མཉམ་ལས་ཁང(མཉམ་འབྲེལ་ཁང)དང་དེའི་ཡན་ལག་ལས་ཁུངས། སྒེར་གཉེར་བཟོ་ཚོང་པ། ཕྱི་རྒྱལ་ཀུང་སིའི་ཡན་ལག་ལས་ཁུངས་དང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཁྲོམ་རའི་བྱེད་པོ་གཞན་དག་བཅས་ཀྱི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་དང་ལྟ་སྐུལ་དོ་དམ་བྱེད་པར་བྱེད་ཐབས་འདི་སྤྱད་འཐུས་པ་ཡིན།
དོན་ཚན་གསུམ་པ། བྱེད་ཐབས་འདིར་བསྟན་པའི་ཐོ་འགོད་ལས་ཁུངས་ཞེས་པ་ནི་ཞིང་ཆེན་དེ་གའི་རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲོམ་རའི་བྱེད་པོ་ཐོ་འགོད་བྱ་བའི་འགན་འཁུར་བའི་སྡེ་ཁག་ལ་ཟེར། བྱེད་ཐབས་འདིར་བསྟན་པའི་སྡོད་གནས་ཞེས་པ་ནི་ཀུང་སི་དང་ཀུང་སི་མིན་པའི་ཁེ་ལས་ཀྱི་ཁྲིམས་མི་དང་། ཞིང་བའི་ཆེད་ལས་མཉམ་ལས་ཁང(མཉམ་འབྲེལ་ཁང)། མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་བཅས་ཀྱི་སྡོད་གནས་དང་མཉམ་སྡེབ་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་ས་གཙོ་བོ་བཅས་ཀྱི་སྤྱི་མིང་ཡིན་ལ། གོང་གསལ་ཁྲོམ་རའི་བྱེད་པོའི་དོན་གཅོད་ལས་ཁུངས་གཙོ་བོའི་གནས་ཡུལ་ལ་ཟེར་ཞིང། དེའི་རྩོལ་ནུས་ནི་གོང་གསལ་ཁྲོམ་རའི་བྱེད་པོའི་བཅའ་ཁྲིམས་ཡིག་ཆ་སྐྱེལ་སྤྲོད་གནས་ཡུལ་ཡོངས་བསྒྲགས་བྱེད་པ་དང་། ཁྲིམས་འཛིན་དང་སྲིད་འཛིན་བདག་སྐྱོང་བྱེད་གནས་གཏན་འཁེལ་བྱ་རྒྱུ་དེ་ཡིན།
བྱེད་ཐབས་འདིར་བསྟན་པའི་གཉེར་སྐྱོང་བྱེད་ས་ཞེས་པ་ནི་ཁྲོམ་རའི་བྱེད་པོས་གཉེར་སྐྱོང་བྱེད་སྒོ་སྤེལ་ཡུལ་དངོས་ལ་ཟེར།
དོན་ཚན་བཞི་བ། ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་དོ་དམ་བྱེད་ཐད་བཅའ་ཁྲིམས་སྒྲིག་སྲོལ་ལ་བསྟུན་ཞིང་ཚད་ལྡན་གཅིག་གྱུར་ཡིན་པ་དང་། སྟབས་བདེ་ནུས་མཐོ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱ་དགོས།
ཁྲོམ་རའི་བྱེད་པོས་ཐོ་འགོད་རེ་ཞུ་བཏོན་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ནི་བདེན་པ་དང་ཁྲིམས་མཐུན། ནུས་ལྡན། བདེ་འཇགས་བཅས་ཡིན་པའི་གཏན་འཇགས་གནས་ཡུལ་ཡིན་དགོས། སྦྲེལ་དྲ་ཁོ་ནར་བརྒྱུད་ནས་གློག་རྡུལ་ཚོང་དོན་གྱི་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་སྒེར་གཉེར་བཟོ་ཚོང་པས་ཐོ་འགོད་རེ་ཞུ་བཏོན་པའི་གཉེར་སྐྱོང་བྱེད་ས་ནི་གཏན་འཇགས་གནས་ཡུལ་ཡིན་ཆོག་ལ་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱིས་འདོན་སྤྲོད་བྱས་པའི་དྲ་རྒྱ་གཉེར་སྐྱོང་བྱེད་ས་ཡང་ཡིན་ཆོག
ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)བྱས་པའི་གཏན་འཇགས་གནས་ཡུལ་དེ་ས་ཞིང་དོ་དམ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། རང་སྐྲུན་ཁང་བ་དོ་དམ། བཟོ་བཀོད་ལས་གྲྭའི་སྤུས་ཚད། ཁང་བ་བདེ་འཇགས་ངང་བེད་སྤྱོད། ཁང་བ་བོགས་གཏོང་དོ་དམ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་དོ་དམ་གྲོས་དན་བཅས་དང་འཚམ་དགོས།
ཁྲོམ་རའི་བྱེད་པོས་སྡོད་གནས(གཉེར་སྐྱོང་བྱེད་ས)སུ་གཉེར་སྐྱོང་བྱེད་སྒོ་སྤེལ་སྐབས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་བརྩི་སྲུང་བྱ་དགོས་པ་དང། སྤྱི་སྒྲིག་སྲོལ་བཟང་བརྩི་སྲུང་བྱ་དགོས་པ་ལས། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བརླག་གཏོང་མི་ཆོག་ཅིང་། སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག
རེ་ཞུ་འདོན་མཁན་གྱིས་ལས་གཉེར་ལག་ཁྱེར་དང་ཐོ་འགོད་བྱེད་སྐབས་ཡར་སྤྲོད་པའི་འབྲེལ་ཡོད་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་འབྲེལ་ཡོད་ཡིག་ཆ་དག་ཁང་བ་བེད་སྤྱོད་ཀྱི་ངོ་བོ་བསྒྱུར་བའི་དཔང་རྟགས་བྱེད་མི་ཆོག
དོན་ཚན་ལྔ་བ། ཁྲོམ་རའི་བྱེད་པོས་ཁྲིམས་འགལ་གྱི་བཟོ་བཀོད་དང་ཉེན་ཁ་ཆེ་བའི་བཟོ་བཀོད། ཆོག་མཆན་བཀོད་པའི་བེད་སྤྱོད་བྱེད་འཐུས་ཀྱི་དུས་བཀག་ལས་བརྒལ་བའི་གནས་སྐབས་ཀྱི་བཟོ་བཀོད། སྲིད་འཛིན་བསྡུ་ལེན་བྱེད་ཁོངས་སུ་བཅུག་པའི་བཟོ་བཀོད། ཁྲིམས་འགལ་གྱིས་ས་ཞིང་བེད་སྤྱོད་པའི་འཛུགས་སྐྲུན་ལས་གཞིའི་ནང་གི་ཁང་བ། ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས་ཚད་མ་ལོན་པའི་ཁང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཁང་བ་བདེ་འཇགས་ཀྱི་གསལ་འབྱེད་ཚད་ལོན་དཔང་ཡིག་ཐོབ་མེད་པའམ་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས་ཚད་མ་ལོན་པའི་རང་སྐྲུན་ཁང་བ་དང་། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་ལྟར་གཉེར་སྐྱོང་བྱེད་སྒོའི་ཐད་སྤྱོད་མི་ཆོག་པའི་བཟོ་བཀོད་བཅས་སྡོད་གནས(གཉེར་སྐྱོང་བྱེད་ས)བྱེད་མི་ཆོག ཁྲོམ་རའི་བྱེད་པོས་དོན་ཚན་འདིའི་ནང་གི་བཀག་སྡོམ་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁུར་དགོས།
དོན་ཚན་དྲུག་པ། ཀུང་སི་དང་ཀུང་སི་མིན་པའི་ཁེ་ལས་ཀྱི་ཁྲིམས་མི། ཞིང་བའི་ཆེད་ལས་མཉམ་ལས་ཁང(མཉམ་འབྲེལ་ཁང)། མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས། མཉམ་སྡེབ་ཁེ་ལས་བཅས་ཀྱིས་སྡོད་གནས་གཅིག་མ་གཏོགས་ཐོ་འགོད་བྱེད་མི་ཆོག་མོད། འོན་ཀྱང་གཉེར་སྐྱོང་བྱེད་ས་དུ་མ་ཐོ་འགོད་བྱེད་ཆོག དེའི་གཉེར་སྐྱོང་བྱེད་ས་དང་སྡོད་གནས་གཉིས་གནས་ཡུལ་གཅིག་ཏུ་ཡོད་ནའང་ཆོག
ཡན་ལག་ལས་ཁུངས་དང་སྒེར་གཉེར་བཟོ་ཚོང་པས་གཏན་འཇགས་ཀྱི་གནས་ཡུལ་གཅིག་གཉེར་སྐྱོང་བྱེད་ས་རུ་ཐོ་འགོད་བྱེད་ཆོག གློག་རྡུལ་ཚོང་དོན་ལས་སྟེགས2ཡན་དུ་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་གྱི་སྒེར་གཉེར་བཟོ་ཚོང་པས་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་དྲ་རྒྱ་གཉེར་སྐྱོང་བྱེད་ས་དུ་མ་དེ་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་རེ་ཞུ་གདོན་དགོས།
སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་རེ་ཞུ་འདོན་སྐབས་ཐོ་འགོད་ལས་ཁུངས་ལ་གཤམ་གྱི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་ཆ་འཕྲིན་བཀོད་འབུལ་བྱ་དགོས་ཏེ།
(གཅིག) ཁྲོམ་རའི་བྱེད་པོའི་མིང་།
(གཉིས) སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་གནས་ཡུལ་ཞིབ་ཕྲ།
(གསུམ) ཁང་བའི་དབང་ཁོངས་ཀྱི་གནས་ཚུལ།
(བཞི) ཁང་བའི་སྤྱོད་སྒོ།
(ལྔ) ཁང་བ་བཀོལ་སྤྱོད་བྱེད་སྟངས།
སྡོད་གནས(གཉེར་སྐྱོང་བྱེད་ས)ནི་གཏན་འཇགས་གནས་ཡུལ་ཡིན་ཚེ། དེའི་གནས་ཡུལ་གྱི་ཆ་འཕྲིན་དེ་རྒྱལ་ཁབ་ཀྱི་ས་མིང་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་འཚམ་དགོས་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)། ཤང(གྲོང་རྡལ་དང་སྲང་ལམ)། སྡེ་བ(ལམ་དང་སྡེ་ཁུལ)། སྒོ་རྟགས་སོགས་ཀྱི་ཞིབ་ཕྲའི་ནང་དོན་གསལ་བོར་དགོད་དགོས།
དོན་ཚན་བདུན་པ། ཁྲོམ་རའི་བྱེད་པོ་འཛུགས་སྐབས་ངེས་པར་དུ་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་རེ་ཞུ་གདོན་དགོས།
ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ལ་འགྱུར་བ་བྱུང་ཚེ། གཤམ་གསལ་གྱི་གནས་ཚུལ་ལྟར་འབྲེལ་ཡོད་ཐོ་འགོད་ལས་ཁུངས་ལ་དེར་བསྟུན་གྱི་ཐོ་འགོད་རེ་ཞུ་གདོན་དགོས་ཏེ།
(གཅིག) བསྒྱུར་བཅོས་བྱས་རྗེས་ཀྱི་སྡོད་གནས(གཉེར་སྐྱོང་བྱེད་ས)དེ་སྔར་གྱི་ཐོ་འགོད་ལས་ཁུངས་ཀྱི་དོ་དམ་ས་ཁོངས་སུ་གཏོགས་ཚེ། སྔར་གྱི་ཐོ་འགོད་ལས་ཁུངས་སུ་སྡོད་གནས(གཉེར་སྐྱོང་བྱེད་ས)བསྒྱུར་བཅོས་ཀྱི་ཐོ་འགོད་རེ་ཞུ་གདོན་དགོས།
(གཉིས) བསྒྱུར་བཅོས་བྱས་རྗེས་ཀྱི་སྡོད་གནས(གཉེར་སྐྱོང་བྱེད་ས)དེ་སྔར་གྱི་ཐོ་འགོད་ལས་ཁུངས་ཀྱི་དོ་དམ་ས་ཁོངས་སུ་མེད་ཚེ། ནང་དུ་སྤོ་ཡུལ་གྱི་ཐོ་འགོད་ལས་ཁུངས་ལ་ནང་སྤོའི་རེ་ཞུ་གདོན་དགོས་པ་དང་། སྔར་གྱི་ཐོ་འགོད་ལས་ཁུངས་ལ་ཕྱིར་སྤོའི་རེ་ཞུ་གདོན་དགོས་ལ། ནང་སྤོའི་ཐོ་འགོད་ལས་ཁུངས་ལ་སྡོད་གནས(གཉེར་སྐྱོང་བྱེད་ས)བསྒྱུར་བཅོས་ཀྱི་ཐོ་འགོད་རེ་ཞུ་གདོན་དགོས།
དོན་ཚན་བརྒྱད་པ། ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ནི་གཏན་འཇགས་གནས་ཡུལ་ཡིན་ཚེ། རེ་ཞུ་འདོན་མཁན་ལ་གཤམ་གསལ་གྱི་ཡིག་ཆ་ཚང་དགོས་པར་མ་ཟད་ཐོ་འགོད་ལས་ཁུངས་ལ་འདོན་སྤྲོད་བྱ་དགོས་ཏེ།
(གཅིག) རང་བདག་ཁང་བར་གཏོགས་ཚེ། བརྟན་ནོར་དབང་ཁོངས་དཔང་ཡིག་གི་བསྐྱར་དཔར་ཡིག་ཆ་ཡོད་དགོས།
(གཉིས) བོགས་མར་གཏོང་ལེན་གྱི་ཁང་བར་གཏོགས་ཚེ། བོགས་མར་གཏོང་ལེན་གྱི་གྲོས་ཆིངས(གན་རྒྱ)དང་བོགས་མར་གཏོང་མཁན་གྱི་བརྟན་ནོར་དབང་ཁོངས་དཔང་ཡིག་གི་བསྐྱར་དཔར་ཡིག་ཆ་དང་ཡང་ན་ཁང་ཁོངས་དོ་དམ་སྡེ་ཁག་གིས་བཏོན་པའི་ཁང་བ་བོགས་མར་གཏོང་ལེན་གྱི་ཐོ་འགོད་དཔང་ཡིག་གི་བསྐྱར་དཔར་ཡིག་ཆ་བཅས་ཚང་དགོས།
(གསུམ) མི་གཞན་གྱི་ཁང་བ་རིན་མེད་དུ་བཀོལ་སྤྱོད་བྱས་པ་ཡིན་ཚེ། ཐོན་དབང་བདག་དབང་ཡོད་མཁན་གྱིས་བཏོན་པའི་རིན་མེད་དུ་བཀོལ་སྤྱོད་བྱས་པའི་གསལ་བཤད་ཡིག་ཆ་དང་བརྟན་ནོར་དབང་ཁོངས་དཔང་ཡིག་གི་བསྐྱར་དཔར་ཡིག་ཆ་ཚང་དགོས།
(བཞི) མགྲོན་ཁང་གི་ཁང་བ་གླས་པ་ཡིན་ཚེ། བོགས་མར་གཏོང་ལེན་གྱི་གྲོས་ཆིངས(གན་རྒྱ)དང་མགྲོན་ཁང་གི་ལས་གཉེར་ལག་ཁྱེར། མགྲོན་ཁང་ལས་རིགས་ཀྱི་དམིགས་བསལ་ལས་རིགས་ཆོག་འཐུས་དཔང་ཡིག(ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་ཐོ་འགོད་འགྲོ་ལུགས)གི་བསྐྱར་དཔར་ཡིག་ཆ་བཅས་ཚང་དགོས།
(ལྔ) ཆེད་ལས་ཁྲོམ(ཚོང)རའི་འགྲེམ(ཚོང)གནས་སྣ་ཚོགས་གླས་པ་ཡིན་ཚེ། བོགས་མར་གཏོང་ལེན་གྱི་གྲོས་ཆིངས(གན་རྒྱ)དང་ཁྲོམ་ར(ཚོང་ར)དོ་དམ་སྡེ་ཚན་གྱི་ལས་གཉེར་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆ་ཚང་དགོས།
(དྲུག) ཏང་སྲིད་ལས་ཁུངས་དང་ལས་དོན་སྡེ་ཚན་ལ་གཏོགས་པའི་སྡོད་ཁང་མིན་པའི་ཁང་བ་གླས་པ་ཡིན་ཚེ། བོགས་མར་གཏོང་མཁན་སྡེ་ཚན་གྱི་གཞུང་ཐམ་བརྒྱབ་པའི་བོགས་མར་གཏོང་ལེན་གྱི་གྲོས་ཆིངས(གན་རྒྱ)ཀྱི་བསྐྱར་དཔར་ཡིག་ཆ་ཚང་དགོས།
(བདུན) ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་གཏོགས་པའི་ཁང་བ་གླས་པ་ཡིན་ཚེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དམངས་གཙོའི་དོ་དམ་རྩ་འཛུགས་བར་དུ་བཞག་པའི་བོགས་མར་གཏོང་ལེན་གྱི་གྲོས་ཆིངས(གན་རྒྱ)དང་རྫོང་རིམ་པ་ཡན་གྱི་མི་རིགས་ཆོས་ལུགས་ལས་དོན་དོ་དམ་སྡེ་ཁག་གིས་བཏོན་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)བྱེད་པར་མོས་མཐུན་བྱུང་བའི་ཡིག་ཆ་ཚང་དགོས།
སྡོད་གནས(གཉེར་སྐྱོང་བྱེད་ས)བྱས་པའི་ཁང་བར་བརྟན་ནོར་དབང་ཁོངས་དཔང་ཡིག་ཐོབ་མེད་ཅིང་མཁར་གྲོང་གི་ཁང་བར་གཏོགས་ཚེ། རེ་ཞུ་འདོན་མཁན་ལ་ཁང་བ་ཉོ་བའི་གན་རྒྱ་དང་བཤིག་སྤོའི་གུན་གསབ་བཀོད་སྒྲིག་གྲོས་ཆིངས། ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་ཐོ་འགོད་རེའུ་མིག མི་དམངས་ཁྲིམས་ཁང་གིས་བཏོན་པའི་བརྟན་ནོར་དབང་ཁོངས་ཐད་ཀྱི་ནུས་ཐོན་ཁྲིམས་འདུམ་ཡིག་རིགས་སོགས་ཡིག་ཆ་གང་རུང་ཞིག་ཚང་དགོས་པར་མ་ཟད་ཐོ་འགོད་ལས་ཁུངས་ལ་འདོན་སྤྲོད་བྱ་དགོས་ཤིང་། བཟོ་ལས་གླིང་ཁུལ་དང་ཁྲལ་སྲུང་ཁུལ་སོགས་དམིགས་བསལ་རྩོལ་ནུས་ས་ཁོངས་ནང་གི་ཁང་བ་ཡིན་ཚེ། རེ་ཞུ་འདོན་མཁན་ལ་གླིང་ཁུལ་དོ་དམ་ཨུ་ལྷན་ནམ་ཡང་ན་དེའི་ཁོངས་གཏོགས་སྡེ་ཁག་གིས་བཏོན་པའི་སྡོད་ཁང་གནས་ཡུལ་དང་དབང་ཁོངས་གི་བྱེད་པོ་གསལ་བོར་བཀོད་པ་དང་། དེ་བཞིན་སྡོད་གནས(གཉེར་སྐྱོང་བྱེད་ས)བྱེད་པར་མོས་མཐུན་བྱུང་བའི་ཡིག་ཆ་བཅས་ཚང་དགོས་པར་མ་ཟད་ཐོ་འགོད་ལས་ཁུངས་ལ་འདོན་སྤྲོད་བྱ་དགོས།
དོན་ཚན་དགུ་བ། ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ནི་རང་སྐྲུན་ཁང་བ་ཡིན་ཚེ། བྱེད་ཐབས་འདིའི་དོན་ཚན་བརྒྱད་པའི་ནང་ཚན(དང་པོ)དང(གཉིས་པ)དང(གསུམ་པ)བཅས་སུ་གཏན་ལ་ཕབ་པའི་འབྲེལ་ཡོད་ཡིག་ཆ་འདོན་སྤྲོད་བྱས་ཏེ་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་བྱ་དགོས།
རང་སྐྲུན་ཁང་བར་བརྟན་ནོར་དབང་ཁོངས་དཔང་ཡིག་ཐོབ་མེད་ཚེ། རེ་ཞུ་འདོན་མཁན་གྱིས་རྒྱུ་ནོར་བདག་དབང་ཡོད་མཁན་གྱིས་འདོན་སྤྲོད་བྱས་པའི་ཁང་སྐྲུན་ཞིབ་མཆན་བཀོད་པ་དང་། ཇུས་འགོད་ཨར་སྐྲུན་དང་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་སོགས་ཀྱི་འབྲེལ་ཡོད་ཡིག་ཆ་འདོན་སྤྲོད་བྱ་དགོས་ཤིང་། རྒྱུ་ནོར་བདག་དབང་ཡོད་མཁན་གྱིས་རང་སྐྲུན་ཁང་བའི་ཁང་སྐྲུན་ཞིབ་མཆན་བཀོད་པ་དང། ཇུས་འགོད་ཨར་སྐྲུན་དང་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་སོགས་ཀྱི་འབྲེལ་ཡོད་ཡིག་ཆ་འདོན་སྤྲོད་བྱེད་མི་ཐུབ་ཚེ། རེ་ཞུ་འདོན་མཁན་གྱིས་རྒྱུ་ནོར་བདག་དབང་ཡོད་མཁན་གྱིས་འདོན་སྤྲོད་བྱས་པའི་ཁང་བའི་བདེ་འཇགས་གསལ་འབྱེད་ཀྱི་ཚད་ལོན་དཔང་ཡིག་སྤྲད་དགོས།
དོན་ཚན་བཅུ་བ། ཁྲོམ་རའི་བྱེད་པོས་ཐོ་འགོད་མ་བྱས་གོང་གི་ཞིབ་བཤེར་མཆན་འགོད་དོན་ཚན་དང་འབྲེལ་བའི་ཁྲོམ་རའི་བྱེད་པོ་ལ་ཐོ་འགོད་མ་བྱས་གོང་གི་ཆོག་འཐུས་མཆན་འགོད་ཡིག་ཆའམ་ཆོག་འཐུས་ལག་ཁྱེར་ཐོབ་ཚེ། ཞིབ་བཤེར་མཆན་འགོད་ཡིག་ཆའམ་ཆོག་འཐུས་ལག་ཁྱེར་ཐོག་བཀོད་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་ཆ་འཕྲིན་ལ་བརྟེན་ནས་ཐད་ཀར་ཐོ་འགོད་བྱ་རྒྱུའི་རེ་ཞུ་འདོན་ཆོག་པ་དང་། བྱེད་ཐབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་ལ་ཕབ་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་འབྲེལ་ཡོད་ཡིག་ཆའམ་ཡང་ན་དོན་ཚན་བཅུ་གསུམ་པའི་ནང་གཏན་ལ་ཕབ་པའི《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)རང་བདག་ཡིག་ཞུའི་ཁས་ལེན་ཡི་གེ》སྤྲོད་མི་དགོས།
དོན་ཚན་བཅུ་གཅིག་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཀྱི་དོན་ཚན་ཉིས་བརྒྱ་དོན་དགུ་བའི་གཏན་འབེབས་དང་མཐུན་པའི་མཁར་གྲོང་སྡོད་ཁང་དེ་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)སུ་ཐོ་འགོད་བྱེད་ཆོག་མོད། འོན་ཀྱང་སྡོད་ཁང་དེ་ཁྲོམ་རའི་བྱེད་པོས་སྲོག་ཆགས་གསོ་ཚགས་དང་ཕྱིར་འཚོང་། སྨན་བཅོས། བཤའ་གཏོང་། གནོད་མེད་ཅན་དུ་ཐག་གཅོད་པ་བཅས་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་སམ་ཤོག་སྦག་ཐོན་སྐྱེད་དང་མཛོད་ཉར། གཉེར་སྐྱོང། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཚུར་བསྡུ་དང་བཤིག་གཏོར། ཉེན་ཆེའི་ཟོག་རོ་གཉེར་སྐྱོང་དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་། སྦྲེལ་དྲའི་དྲ་ཐོག་ཞབས་ཕྱི། ཡུལ་སྐོར་ལས་སྒོ། རོལ་རྩེད་བྱེད་སྒོ། འཛེར་སྒྲ་དང་སྣུམ་དུ། དྲི་ངན། རླངས་རོ་བཅས་ཀྱི་སྦགས་བཙོག་འབྱུང་སྲིད་པའི་བཟའ་བཏུང་གི་ཞབས་ཕྱི། དེ་བཞིན་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་ཞིང། བདེ་འཇགས་ཐད་མངོན་མེད་རྐྱེན་ངན་ཚབས་ཆེན་གནས་པ་དང་། ཁོར་ཡུག་སྦགས་བཙོག མི་ལུས་བདེ་ཐང་དང་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པ། ཁང་བདག་གི་རྒྱུན་ལྡན་འཚོ་བའི་སྒྲིག་སྲོལ་ལ་ཤུགས་རྐྱེན་བཟོ་བ་སོགས་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་གཉེར་སྐྱོང་བྱེད་ས་བྱེད་མི་ཆོག
མཁར་གྲོང་སྡོད་ཁང་དེ་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་བྱེད་ས་རུ་ཐོ་འགོད་བྱེད་པའི་རེ་ཞུ་འདོན་ཚེ། ཐོ་འགོད་ལས་ཁུངས་ལ་བྱེད་ཐབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་ལ་ཕབ་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་འབྲེལ་ཡོད་ཡིག་ཆ་སྤྲད་དགོས་པ་ཕུད། རེ་ཞུ་འདོན་མཁན་གྱིས་ད་དུང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་ཁང་བདག(ཁང་བརྩེགས་དེའི་ནང་གི་ཁང་བདག་གཞན་དག)གི་བསམ་འཆར་བསྡུ་ལེན་བྱས་ཏེ་མགྲིན་གཅིག་ཏུ་འཐད་པ་བྱུང་བའི་འབྲེལ་ཡོད་རྒྱུ་ཆ་སྤྲད་དགོས། དུས་མཚུངས་སུ། རེ་ཞུ་འདོན་མཁན་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་སྤྱི་སྒྲིག་སྲོལ་བཟང་བརྩི་སྲུང་བྱེད་པ་དང་། དེ་མིན་སྦགས་བཙོག་དང་མང་ཚོགས་ལ་རྙོག་དྲ་བཟོ་བ་སོགས་ཀྱི་གནས་ཚུལ་ཐོན་ན་རང་འགུལ་ངང་ཤུགས་རྐྱེན་ངན་པ་བསལ་དགོས་པར་མ་ཟད་སྡོད་གནས(གཉེར་སྐྱོང་བྱེད་ས)བསྒྱུར་བཅོས་ཀྱི་ཐོ་འགོད་རེ་ཞུ་འདོན་པ་བཅས་ཁས་ལེན་བྱ་དགོས།
དོན་ཚན་བཅུ་གཉིས་པ། སྒེར་གཉེར་བཟོ་ཚོང་པས་དྲ་རྒྱ་གཉེར་སྐྱོང་བྱེད་ས་དེ་གཉེར་སྐྱོང་བྱེད་ས་རུ་ཐོ་འགོད་བྱ་རྒྱུའི་རེ་ཞུ་འདོན་ཚེ། ཐོ་འགོད་ལས་ཁུངས་ལ་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱིས་བཏོན་པའི་དྲ་རྒྱ་གཉེར་སྐྱོང་བྱེད་ས་བེད་སྤྱོད་དཔང་ཡིག་སྤྲད་དགོས།
དོན་ཚན་བཅུ་གསུམ་པ། སྡོད་གནས(གཉེར་སྐྱོང་བྱེད་ས)དེ་རང་སྐྲུན་ཁང་བར་མི་གཏོགས་པ་དང་ཁྲོམ་རའི་བྱེད་པོ་ཐོ་འགོད་མ་བྱས་གོང་གི་ཞིབ་བཤེར་མཆན་འགོད་དོན་ཚན་དང་འབྲེལ་བ་མེད་པ། བརྟན་ནོར་དབང་ཁོངས་ཀྱི་དཔང་ཡིག་ཐོབ་ཟིན་པ། ཐོ་འགོད་ལས་ཁུངས་དང་བརྟན་ནོར་དོ་དམ་སྡེ་ཁག་གིས་ཆ་འཕྲིན་མཉམ་སྤྱོད་ཀྱི་བྱེད་ཐབས་བརྒྱུད་དེ་དྲ་ཐོག་ཏུ་སྡོད་ཁང་ཞིབ་བཤེར་རྩིས་ལེན་བྱས་པའི་ཆ་འཕྲིན་གཅིག་གྱུར་ཡིན་ཞིང་། གཤམ་གསལ་གྱི་ཆ་རྐྱེན་ལས་རིགས་གཅིག་དང་མཐུན་པའི་ཁྲོམ་རའི་བྱེད་པོ་ཡིན་ན། དེའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་བྱེད་དུས་རང་བདག་ཡིག་ཞུའི་ཁས་ལེན་ལམ་ལུགས་ལག་ཏུ་བསྟར་དགོས་ཏེ།
(གཅིག) སྡོད་གནས(གཉེར་སྐྱོང་བྱེད་ས)བྱས་པའི་ཁང་བའི་སྤྱོད་སྒོ་ནི་སྡོད་ཁང་མིན་པ།
(གཉིས) མཁར་གྲོང་གི་སྡོད་ཁང་དེ་སྡོད་གནས་མ་གཏོགས་གཉེར་སྐྱོང་བྱེད་ས་བྱས་མེད་པ།
རེ་ཞུ་འདོན་མཁན་གྱིས《མཚོ་སྔོན་ཞིང་ཆེན་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)རང་བདག་ཡིག་ཞུའི་ཁས་ལེན་ཡི་གེ》(མ་དཔེ་ནི་བྱེད་ཐབས་འདིའི་ཟུར་བཀོད1པོར་གསལ)དང་ཡང་ན་བྱེད་ཐབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་ལ་ཕབ་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་འབྲེལ་ཡོད་ཡིག་ཆ་འདོན་སྤྲོད་བྱས་ནས་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་བྱ་དགོས།
རེ་ཞུ་འདོན་མཁན་གྱིས《མཚོ་སྔོན་ཞིང་ཆེན་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)རང་བདག་ཡིག་ཞུའི་ཁས་ལེན་ཡི་གེ》སྤྲད་ཚེ། ཁང་བའི་དབང་ཁོངས་ཀྱི་འབྲེལ་བ་དང་བེད་སྤྱོད་བྱེད་སྟངས། ཁང་བའི་སྤྱོད་སྒོ་བཅས་དོན་དངོས་དང་མཐུན་པར་ཁས་ལེན་བྱ་དགོས་པར་མ་ཟད། ཡིག་ཞུ་བྱས་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་དོན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན། བདེ་འཇགས་རང་བཞིན་བཅས་ཁས་ལེན་བྱ་དགོས་ལ། ཁས་ལེན་རྫུན་མ་བྱས་པ་སོགས་ཀྱི་རྐྱེན་ལས་བྱུང་བའི་བཅའ་ཁྲིམས་ཀྱི་འགན་ཡོད་ཚད་འཁུར་དགོས། ཐོ་འགོད་ལས་ཁུངས་ཀྱིས་ལས་གཉེར་ལག་ཁྱེར་སྟེང་གི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་རྗེས་སུ“རང་བདག་ཡིག་ཞུ”ཞེས་པའི་ཡིག་འབྲུ་དགོད་དགོས།
དོན་ཚན་བཅུ་བཞི་བ། བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་གཏན་འགོག་རང་བཞིན་གྱི་གཏན་འབེབས་ཡོད་པ་ཕུད། གཏན་འཇགས་གནས་ཡུལ་གཅིག་ཁྲོམ་རའི་བྱེད་པོ་དུ་མའི་སྡོད་གནས(གཉེར་སྐྱོང་བྱེད་ས)སུ་ཐོ་འགོད་བྱེད་ཆོག
དོན་ཚན་བཅོ་ལྔ་བ། ཀུང་སི་དང་ཀུང་སི་མིན་པའི་ཁེ་ལས་ཀྱི་ཁྲིམས་མི་དང་། ཞིང་བའི་ཆེད་ལས་མཉམ་ལས་ཁང(མཉམ་འབྲེལ་ཁང)། མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས། མཉམ་སྡེབ་ཁེ་ལས་བཅས་ཀྱི་གཉེར་སྐྱོང་བྱེད་ས་དང་སྡོད་གནས་དེ་གནས་ས་གཅིག་ལ་མེད་མོད། འོན་ཀྱང་རྫོང་རིམ་པའི་ཐོ་འགོད་ལས་ཁུངས་གཅིག་གམ་ཡང་ན་དམིགས་བསལ་རྩོལ་ནུས་ས་ཁོངས་ཀྱི་ཐོ་འགོད་ལས་ཁུངས་ཀྱི་བདག་སྐྱོང་ས་ཁོངས་གཅིག་ནང་དུ་ཡོད་ཚེ། “དཔང་གཅིག་གནས་མང”ཡོད་ཆོག་པ་དང་། ཡན་ལག་ལས་ཁུངས་སུ་ཐོ་འགོད་བྱེད་མི་དགོས།
གོང་གསལ་ཁྲོམ་རའི་བྱེད་པོས་ཐོ་འགོད་ལས་ཁུངས་ལ་གཉེར་སྐྱོང་བྱེད་སའི་ཐོག་མའི(ཡང་ན་ཁ་སྣོན་དང་བསྒྱུར་བཅོས། མེད་པར་བཟོ་བ)ཐོ་འགོད་རེ་ཞུ་གདོན་དགོས་པར་མ་ཟད། བྱེད་ཐབས་འདིའི་འབྲེལ་ཡོད་གཏན་འབེབས་ལྟར་གཉེར་སྐྱོང་བྱེད་སའི་འབྲེལ་ཡོད་ཡིག་ཆ་འདོན་སྤྲོད་བྱ་དགོས་ལ། ཐོ་འགོད་ལས་ཁུངས་ཀྱིས་ལས་གཉེར་ལག་ཁྱེར་སྟེང་གི་སྡོད་གནས་ཆ་འཕྲིན་གྱི་རྗེས་སུ“དཔང་གཅིག་གནས་མང”ཞེས་པའི་ཡིག་འབྲུ་དགོད་དགོས། གཉེར་སྐྱོང་བྱེད་སའིི་ཐོག་མ་དང་ཁ་སྣོན། བསྒྱུར་བཅོས། མེད་པར་བཟོ་བ་བཅས་ཀྱི་ཐོ་འགོད་ཀྱི་ཚད་གཞི་ཞིབ་ཕྲ་བྱེད་ཐབས་འདིའི་ཟུར་བཀོད2པར་གསལ།
གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གོང་གསལ་ཁྲོམ་རའི་བྱེད་པོས་གཉེར་སྐྱོང་བྱེད་ས་གནས་སའི་ཐོ་འགོད་བདག་སྐྱོང་དབང་ཆ་ཡོད་མཁན་གྱི་ཐོ་འགོད་ལས་ཁུངས་ལ་ཡན་ལག་ལས་ཁུངས་སུ་ཐོ་འགོད་བྱེད་པའི་རེ་ཞུ་གདོན་དགོས་ཏེ།
(གཅིག) གཉེར་སྐྱོང་བྱེད་ས་དང་སྡོད་གནས་དེ་ཐོ་འགོད་ལས་ཁུངས་མི་འདྲ་བའི་བདག་སྐྱོང་བྱེད་ཁོངས་སུ་ཡོད་པ།
(གཉིས) གཉེར་སྐྱོང་བྱེད་ཁོངས་སུ་ཆོག་འཐུས་རྣམ་གྲངས་ཡོད་པ།
(གསུམ) བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་བཅས་ལས་ཡན་ལག་ལས་ཁུངས་སུ་ཐོ་འགོད་བྱ་དགོས་པའི་གཏན་འབེབས་བྱས་ཡོད་པ།
(བཞི) ཀུང་སི་དང་ཀུང་སི་མིན་པའི་ཁེ་ལས་ཀྱི་ཁྲིམས་མི་དང་། ཞིང་བའི་ཆེད་ལས་མཉམ་ལས་ཁང(མཉམ་འབྲེལ་ཁང)། མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས། མཉམ་སྡེབ་ཁེ་ལས་བཅས་ཀྱིས་ཡན་ལག་ལས་ཁུངས་སུ་ཐོ་འགོད་བྱ་རྒྱུའི་ཐག་བཅད་ཡོད་པ།
མྱུར་སྐྱེལ་མཇུག་སྣེའི་ས་ཚིགས་སོགས་རྒྱལ་ཁབ་ལ་ཆེད་དམིགས་གཏན་འབེབས་ཡོད་པ་ཕུད།
དོན་ཚན་བཅུ་དྲུག་པ། ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རེ་ཞུ་འདོན་མཁན་གྱིས་སྤྲད་པའི་རེ་ཞུ་རྒྱུ་ཆར་རྣམ་པའི་ཞིབ་བཤེར་བྱ་དགོས་པ་དང་། རེ་ཞུ་འདོན་མཁན་གྱིས་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་རྒྱུ་ཆའི་བདེན་པ་རང་བཞིན་དང་ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན་བཅས་ཀྱི་འགན་འཁུར་དགོས། རྒྱུ་ནོར་བདག་དབང་ཡོད་མཁན་གྱིས་སྡོད་གནས(གཉེར་སྐྱོང་བྱེད་ས)བྱས་པའི་ཁང་བའི་བདེ་འཇགས་རང་བཞིན་ལ་འགན་འཁུར་དགོས།
དོན་ཚན་བཅུ་བདུན་པ། ཞིང་ཆེན་རིམ་པའི་ཁྲོམ་ར་ལྟ་སྐུལ་དོ་དམ་དང་རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། སྤྱི་བདེ། དམངས་སྲིད་སོགས་སྡེ་ཁག་གིས་ཆ་འཕྲིན་ཅན་སོགས་ཀྱི་ཐབས་ལ་བརྟེན་ནས་སྡོད་ཁང་དང་འབྲེལ་བའི་ཁྲོམ་རའི་བྱེད་པོ་ཐོ་འགོད་དང་བརྟན་ནོར་ཐོ་འགོད། ཁང་བ་ཉོ་འཚོང་གན་རྒྱ། ཁང་བ་བསྡུ་ལེན། ཁྲིམས་འགལ་བཟོ་བཀོད། ཐེམ་ཐོ། སྒོ་བྱང་ལག་ཁྱེར་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་ཞིང། སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི“ཚད་ལྡན་གནས་སའི་མཛོད”འཚོལ་ཞིབ་བྱས་ནས་བཙུགས་ཏེ། སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་ཆ་འཕྲིན་དྲ་ཐོག་ནས་ཞིབ་བཤེར་བྱེད་པར་རྒྱུན་མཐུད་ངང་འཐུས་ཚང་དུ་གཏང་དགོས།
ཐོ་འགོད་ལས་ཁུངས་ཀྱིས་ཁྲོམ་རའི་བྱེད་པོས་ཐོ་འགོད་རེ་ཞུ་བཏོན་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཀྱི་ཆ་འཕྲིན་དང་སྡོད་གནས(གཉེར་སྐྱོང་བྱེད་ས)རང་བདག་ཡིག་ཞུའི་ཁས་ལེན་གྱི་ཆ་འཕྲིན་དག་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག(མཚོ་སྔོན)བརྒྱུད་ནས་ཡོངས་བསྒྲགས་བྱ་དགོས།
དོན་ཚན་བཅོ་བརྒྱད་པ། ཐོ་འགོད་ལས་ཁུངས་ཀྱིས་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། གཤམ་གསལ་གྱི་གནས་ཚུལ་དག་ཁྲིམས་ལྟར་ཐག་གཅད་དགོས་ཏེ།
(གཅིག) ཐོ་འགོད་བྱས་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)བརྒྱུད་ནས་འབྲེལ་གཏུག་བྱེད་ཐབས་བྲལ་བ།
(གཉིས) རྒྱུ་ཆ་རྫུན་མ་འདོན་སྤྲོད་བྱས་པའམ་ཁས་ལེན་རྫུན་མ་བྱས་ཏེ་གཡོ་ཐབས་ཀྱིས་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་བྱས་པ།
(གསུམ) ཁྲིམས་ལྟར་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་བསྒྱུར་བཅོས་བྱ་རྒྱུའི་རེ་ཞུ་བཏོན་མེད་པ།
(བཞི) ཁྲིམས་ལྟར་ཐོ་འགོད་ལས་ཁུངས་ཀྱིས་རྩད་གཅོད་བྱ་དགོས་པའི་ཁྲིམས་འགལ་བྱ་སྤྱོད་གཞན་དག
རེ་ཞུ་འདོན་མཁན་གྱིས་རྒྱུ་ཆ་རྫུན་མ་འདོན་སྤྲོད་བྱས་པའམ་ཁས་ལེན་རྫུན་མ་བྱས་ནས་གཡོ་ཐབས་ཀྱིས་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་བྱས་པར་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྩད་གཅོད་བྱས་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག་ལག་བསྟར་ཞིབ་སྲོལ》གྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅད་དགོས།
དོན་ཚན་བཅུ་དགུ་བ། འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གཞན་དག་གིས་འགན་འཁྲི་སྒྲུབ་ཁོངས་སུ་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། དམིགས་བསལ་གྱི་ཆ་རྐྱེན་འཛོམ་དགོས་པའི་སྡོད་གནས(གཉེར་སྐྱོང་བྱེད་ས)དང་ཡང་ན་ཁྲིམས་འགལ་བཟོ་བཀོད་དང་ཁང་བའི་སྤྱོད་སྒོ་རང་དགར་གྱིིས་བསྒྱུར་བ་སོགས་ལ་བརྟེན་ནས་གཉེར་སྐྱོང་བྱེད་སྒོ་སྤེལ་ཚེ། རང་བྱུང་ཐོན་ཁུངས་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། སྤྱི་བདེ། རྒྱལ་ཁབ་བདེ་འཇགས། འཚུབ་ཟློག་དོ་དམ། སྐྱེ་ཁམས་ཁོར་ཡུག འཕྲོད་བསྟེན་བདེ་ཐང་། རིག་གནས་ཡུལ་སྐོར། ལུས་རྩལ། ཚན་རྩལ། གྲོང་ཁྱེར་ཕྱོགས་བསྡུས་ཁྲིམས་བསྟར། མེ་གསོད་སོགས་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲི་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་དགོས།
འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱེད་ས)ཐད་གནས་པའི་ཁྲིམས་འགལ་བྱ་སྤྱོད་རྩད་གཅོད་བྱས་པའི་མཇུག་འབྲས་དེ་ཐོ་འགོད་ལས་ཁུངས་ལ་བརྡ་ཁྱབ་གཏོང་བ་དང་། ཐག་གཅོད་བྱེད་རོགས་བྱ་དགོས་པའི་རེ་ཞུ་བཏོན་ན། ཐོ་འགོད་ལས་ཁུངས་ཀྱིས་འགན་འཁྲིའི་ཁྱབ་ཁོངས་སུ་ཁྲིམས་ལྟར་ཐག་གཅོད་བྱེད་རོགས་བྱ་དགོས།
དོན་ཚན་ཉི་ཤུ་བ། ཕྱི་རྒྱལ་ཁེ་ལས་ཀྱི་རྒྱུན་སྡོད་འཐུས་ཚབ་ལས་ཁུངས་ཀྱི་བཅའ་སྡོད་གནས་ཡུལ་ཐོ་འགོད་དོ་དམ་བྱེད་པར་བྱེད་ཐབས་འདི་སྤྱད་འཐུས་པ་ཡིན།
དོན་ཚན་ཉེར་གཅིག་པ། བྱེད་ཐབས་འདི་2022ལོའི་ཟླ11པའི་ཚེས30ཉིན་ནས་བཟུང་སྟེ་ལག་བསྟར་བགྱི་དགོས། །
◎པདྨ་ཚེ་འཛོམས་ཀྱིས་བསྒྱུར། ཝང་ཧེ་དབྱིན་གྱིས་ཞུས།