སྲིད་གཞུང་གི་བྱ་བའི་སྙན་ཞུ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2023-01-21 11:32:00
ཧྲིན་ཀྲང་། ཝུའུ་ཞའོ་ཅུན།
འཐུས་མི་རྣམ་པ།
ད་ལྟ། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཁྱེད་རྣམ་པས་ཞིབ་གྲོས་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་རྣམ་པ་དང་གྲོས་ཚོགས་སྟེང་ཟུར་ཞུགས་ཡོད་པའི་བློ་མཐུན་རྣམ་པས་བསམ་འཆར་འདོན་རོགས།
གཅིག འདས་པའི་ལོ་ལྔའི་བྱ་བར་ཕྱི་མིག་ལྟ་བ།
2018ལོ་ནས་བཟུང་བའི་ལོ་ལྔ་ནི། རྒྱུན་ལྡན་པ་དང་རང་ག་བ་ཞིག་ཡེ་ནས་མིན། ཏང་གི་ཚོགས་ཆེན་ཉི་ཤུ་བས་དུས་རབས་གསར་བའི་འཐབ་ལམ་གསར་བ་རུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་དུ་བསྒྱུར་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཞིང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འཁོར་ལོ་བཙུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་མཐོང་ཆེན་ཚད་མཐོ་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ་སྐུ་དངོས་སུ་མཚོ་སྔོན་ལ་ཐེངས་གཉིས་ཕེབས་ནས་གཟིགས་ཞིབ་དང་། བཀའ་བཀོད་མཆན་བཀོད་གལ་ཆེན་རབ་དང་རིམ་པ་གནང་བས། མཚོ་སྔོན་གྱི་འཕེལ་རྒྱས་ལ་རྩ་བའི་སྲུང་བྱ་མཁོ་འདོན་བྱས་ཤིང་སྒུལ་ཤུགས་སྟོབས་ཆེན་ཆར་དུ་བསྙིལ་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཞིང་། “དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གཏན་ལ་ཕབ་སྟེ། བརྗིད་ཉམས་ཆགས་པའི་ཐིག་རིས་བཀོད་ཅིང་། དགའ་སྐྱིད་ཁེངས་པའི་འདུན་ལྗོངས་བྲིས་ཡོད།
ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་གནང་བ་དང་། ཞིང་ཆེན་ཏང་ཨུས་ཐད་ཀར་མགོ་ཁྲིད་གནང་བ། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ལྟ་སྐུལ་རྒྱབ་སྐྱོར་གནང་བ་བཅས་ཀྱི་འོག་ཏུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་ལ་གནང་བའི་བཀའ་བཀོད་མཆན་བཀོད་གལ་ཆེན་རྣམས་མཐའ་གཅིག་ཏུ་ལག་བསྟར་མཐིལ་ཕྱིན་བྱས་ཏེ། དྲིན་དྲན་བཞིན་ཡར་བརྩོན་དང་དཀའ་སྤྱད་སྒོས་མདུན་སྐྱོད་བྱས་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་ལེན་བསྟར་བས། རྒྱལ་ཡོངས་དང་འགྲོས་མཉམ་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་བསྐྲུན་ཚར་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་སྐྲུན་པའི་འཐབ་ལམ་གསར་བར་སྤོབས་པ་ཆེར་སྐྱེད་ཀྱིས་སྐྱོད་ཐུབ་པ་བྱུང་།
ལོ་ལྔ་བོ་འདི་ནི། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དུ་ཇེ་མཐོར་སོང་བའི་ལོ་ལྔ་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཙུགས་ཤིང་ལག་ལེན་དུ་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་གཏད་ཅིང་སྟོབས་ཤུགས་བསྒྲིམས་ནས། འཐབ་ཇུས་རང་བཞིན་གྱི་ཇུས་འགོད་དང་ལམ་ལུགས་རང་བཞིན་གྱི་འཆར་གཞི། གནད་འགག་རང་བཞིན་གྱི་ཐབས་བཀོད། འདེགས་སྐྱོར་རང་བཞིན་གྱི་ལས་གྲྭ་སྐོར་ཞིག་ལ་སྤྱི་ཁོག་ནས་སྐུལ་འདེད་བྱས་པས། དཔལ་འབྱོར་གྱི་སྟོབས་ཤུགས་ལོ་རེ་བཞིན་དུ་ཇེ་ཆེ་དང་ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར། སྔོན་དཔག་ལྟར་ན་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར3500ལས་བརྒལ་ཏེ། ལོ་རེར་ཆ་སྙོམས་ཀྱིས4.5%ཡས་མས་འཕར་ཡོད་པ་དང་། སྤྱིའི་རྒྱུ་སྟོབས་སྒོར་དུང་ཕྱུར2500ལས་བརྒལ་ཏེ། ལོ་རེར་ཆ་སྙོམས་ཀྱིས8.8%འཕར་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཟིན་པའི་བསྡུར་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ཞིང་། ཞབས་ཕྱི་ལས་རིགས་ཀྱིས་དཔལ་འབྱོར་ལ་བྱས་རྗེས་བཞག་ཕྱོད་ཀྱི་ཕྱེད་ཀ་ཟིན་ཡོད། ཁྱོན་བསྡོམས་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་ལ་ཉེ་བ་གཏོང་འཇོག་བྱས་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་བཞིན་འཐུས་ཚང་དུ་གྱུར། མྱུར་སྐྱོད་གཞུང་ལམ་གྱི་རིང་ཚད་སྤྱི་ལེ4000ལས་བརྒལ་བ་དང་། གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་རྫོང་སུམ་ཆའི་གཉིས་ལ་མྱུར་སྐྱོད་གཞུང་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། གཞི་རྩའི་ཆ་ནས་ཤར་རྒྱུད་དུ་དྲ་ལྟར་ཆགས་པ་དང་། ནུབ་རྒྱུད་དུ་འགྲོ་འོང་བདེ་བ། ལྷོ་ཁུལ་དུ་ཤར་གཏོང་ཐུབ་པ། ཞིང་ཆེན་དབར་འབྲེལ་ཞིང་མཐུད་པའི་ལམ་དྲའི་བཀོད་པ་ལེགས་འགྲུབ་བྱུང་ཡོད། གོར་ཁུའུ་ལྕགས་ལམ་དང་གོར་ཏུན་ལྕགས་ལམ་བསྐྲུན་ཚར་ནས་མེ་འཁོར་རྒྱུག་གིན་ཡོད་ལ། ཟི་ཁྲིན་ལྕགས་ལམ་ཡོངས་སུ་ལས་མགོ་བརྩམས། རྨ་ཆེན་གནམ་གྲུ་ཐང་དང་མདོ་ལའི་གནམ་གྲུ་ཐང་བསྐྲུན་ཚར་ནས་གནམ་གྲུ་འཕུར་གཏོང་བྱེད་ཀྱིན་ཡོད་ལ། ཡུལ་ཤུལ་གནམ་གྲུ་ཐང་ལ་རྒྱས་བསྐྲུན་དང་སྒྱུར་བསྐྲུན་བྱས་ཚར་ཏེ། “གཙོ་གཅིག་ཕལ་དྲུག”གི་དམངས་སྤྱོད་གནམ་གྲུ་ཐང་གི་ཆགས་སྟངས་གྲུབ་ཡོད། འཇུ་ལག་ཆུ་བོ་རྨ་ཆུར་འདྲེན་པའི་ལས་གྲྭ་ཡོངས་སུ་བསྐྲུན་ཚར་བ་དང་། རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་སྲུང་ལས་གྲྭ་དང་རྨ་རྒྱུད་ཀྱི་ཆུ་མཛོད་ཆེན་པོ་བཞིའི་ཞིང་ཆུ་གཏོང་འདྲེན་ལས་གྲྭ་བསྐྲུན་ཚར་ནས་བཀོལ་སྤྱོད་གཏོང་གིན་ཡོད་པས། ཆུ་བེད་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྐང་འཛིན་དྲ་བ་རགས་རིམ་བཙུགས་ཡོད། རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་ཕྱོད60%ལས་བརྒལ་ཞིང་། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཕྱེད་ཀར་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཟིན། དེང་གི་མཚོ་སྔོན་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་བརླིང་བ་དང་། རྨང་གཞི་སྔར་བས་བརྟན་པ། འགུལ་ནུས་སྔར་བས་སྟོབས་པ་ཞིག་ཏུ་གྱུར་ཡོད།
ལོ་ལྔ་བོ་འདི་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པའི་ལོ་ལྔ་ཡིན། ང་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་ཡིད་ལ་དམ་པོར་བཟུང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གྱི་བཙན་ས་གསར་བ་བསྐྲུན་རྒྱུ་སྤྱི་འདོམས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུ་ཕྱོགས་ཡོངས་ནས་མགོ་བརྩམས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་བ་ཆེན་པོ་བྱུང་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་ཀྱིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པས། རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་གྲས་ཀྱི་ཨང་དང་པོ་དང་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད། མདོ་ལའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཐད་ལ་དོན་སྙིང་ལྡན་པའི་གོམ་ཁ་ཕྱེས་ཡོད། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་དང་པོ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་འཕྲིན་གྱི་དགོངས་དོན་བརྩི་སྲུང་བྱས་ཏེ“ཟི་ལིང་མོས་མཐུན”ཁྱབ་བསྒྲགས་བྱས། “ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམས། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་འཇལ་དྲ་བ་རིམ་གྱི་འཐུས་ཚང་དུ་བཏང་བ་དང་། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་ལ། ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད། ས་ཆུ་ཤོར་བ་སྤྱི་ལེ་གྲུ་བཞི་མ2480བཅོས་སྐྱོང་བྱས་པ་དང་། རང་ཞིང་རྒྱལ་ཡོངས་ལས་ཆུ་བོའི་རྒྱལ་ཁབ་དཔྱད་ཞིབ་བཅད་ངོས་ཀྱི་ཆུ་སྤུས་སྤུས་ལེགས་བསྡུར་ཚད100%ལ་སླེབས་པའི་ཞིང་ཆེན་ཉག་ཅིག་ཡིན། མཁའ་དབུགས་སྤུས་ཚད་སྤུས་ལེགས་ཡིན་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་ལ་སླེབས་པ་དང་། ནགས་ཚལ་ཁེབས་ཕྱོད7.5%དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད57.9%ལ་སླེབས་ཡོད། མཚོ་སྔོན་པོའི་གསེར་ཉ་འདུས་ཚད་དེ་སྲུང་སྐྱོབ་བྱེད་མགོ་རྩོམ་དུས་ཀྱི་ཏུན2600ནས་ཏུན་ཁྲི11.4ལ་སླར་གསོ་བྱས་ཡོད། གཙོད་ཀྱི་ཁ་གྲངས་ཆེས་ཉུང་དུས་ཁྲི2ཀྱང་མི་ལོངས་པ་ནས་ད་ལྟ་ཁྲི7ལྷག་ལ་འཕར་ཡོད། དེང་གི་མཚོ་སྔོན་ནི། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་སུ་ཡོད་ལ། “ཀྲུང་ཧྭའི་ཆུ་གཏེར”བརྟན་ཞིང་འབེལ་ཏེ། རི་ཀླུང་རབ་ཏུ་མཛེས་ཤིང་སྐྱེ་དགུ་དཔལ་ལ་རོལ་པའི་མཛེས་རིས་ཞིག་ཏུ་གྱུར་ཡོད།
ལོ་ལྔ་བོ་འདི་ནི། ཐོན་ལས་ཀྱི“གནས་བཞི”བབ་རླིང་ངང་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ལོ་ལྔ་ཡིན། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་ཅཱ་དང་ནཱ། རྨེ། ལིས། ཁིལ་བཅས་ཀྱི་ཐོན་ལས་ཆེན་པོ་ལྔའི་སྡེ་ཚོགས་གྲུབ་ཅིང་། རྒྱལ་ཡོངས་ཀྱི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་ཡོད། 2022ལོར་ཅཱ་ལུད་ཐོན་ཚད་ཏུན་ཁྲི100འཕར་ཏེ། ཐོན་ཚད་ཏུན་ཁྲི860ལ་སླེབས་ཡོད་པས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། འཛམ་གླིང་གི་ལྕགས་རིགས་ལིས་ཐོན་སྐྱེད་རིམ་སྟེགས་ཆེ་ཤོས་བསྐྲུན་ཚར་བ་དང་། རྨེ་རྨང་ས་རྒྱུ་སླར་གསོ་རྒྱུ་ཆའི་སྐོར་གྱི་ཐོན་རྫས་མེད་པ་ནས་ཡོད་པར་གྱུར། ནུས་ཁུངས་གཙང་མ་དེ་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་དུས་རིམ་གསར་བར་ཞུགས་པ་དང་། ཚན་རྩལ་གསར་གཏོད་དང་འཛུགས་སྐྲུན་གཞི་ཁྱོན། བེད་སྤྱོད་ཕན་ཕྱོད་བཅས་ཀྱི་དམིགས་ཚད་མང་པོ་ཞིག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཀྱིན་ཡོད། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི4468ལ་སླེབས་པ་དང་། ནུས་ཁུངས་གཙང་མའི་གློག་ཤུགས་འཕྲུལ་འཁོར་བསྡུར་ཚད་ཀྱིས90%ཡན་ཟིན་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་སྔོན་དུ་གནས་ཡོད། གློག་དྲ་ནི་ཁྱད་མཐོ་གློག་གནོན་གྱི་དུས་རབས་སུ་འབྱོར་ཞིང་། འཛམ་གླིང་གི་ལྗང་གློག་བརྒྱུད་ལམ་ཆེན་པོ་ཐོག་མ་བསྐྲུན་ཚར། འཁོར་སྟེགས21ལས་གྲུབ་པའི་འཛམ་གླིང་གི་ནུས་ཁུངས་གསར་བའི་ཁྱབ་ཚུལ་གློག་མཚན་སྒྱུར་ཆས་སྐོར་ཚོགས་ཐོག་མ་གཉེར་སྤྱོད་བྱས་པས། ཁྱོན་བསྡོམས་ཕྱིི་ཕྱོགས་སུ་གློག་སྟོང་ཝ་ཆུ་ཚོད་དུང་ཕྱུར300བསྐྱལ་བ་དང་། “ལྗང་གློག་གཟའ་འཁོར5”ཡིས་འཛམ་གླིང་ཟིན་ཐོ་ཡང་བསྐྱར་གསར་དུ་བསྐྲུན། རྒྱལ་ཡོངས་ཀྱི100%ནུས་ཁུངས་གཙང་མ་སྤྱོད་པའི་གཞི་གྲངས་ཆེན་མོའི་ཐོན་ལས་རྟེན་གཞི་ལེགས་འགྲུབ་བྱུང་བ་དང་། ལས་རིགས་ཀྱི་དཔུང་འདྲེན་ཁེ་ལས་ཁག་ཅིག་མཚོ་སྔོན་དུ་གཞིས་ཆགས་པ་དང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ཉི་གློག་སྒྲིག་ཆས་བཟོ་སྐྲུན་བཅས་ཀྱི་ཐོན་ལས་དེ་རྒྱ་ཆེན་པོ་ནས་སྟོབས་ཆེན་པོར་གྱུར། ཞིང་ཕྱུགས་ལས་ཀྱི་སྤུས་ཀ་དང་རིམ་པ་ཇེ་མཐོར་བཏང་སྟེ། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་དང་། སྐྱེ་ལྡན་འཕང་འབྲས། འཁྱགས་ཆུའི་ཉ་རིགས་བཅས་ཀྱི་ཐོན་སྐྱེན་རྟེན་གཞི་ཆེ་ཤོས་སུ་གྱུར་པ་དང་། མཐོ་སྒང་གི་སོན་རིགས་གསོ་བར་ཐོད་བརྒལ་གསར་བ་བྱུང་ཡོད་ལ། “དག་གཙང་གི་མཚོ་སྔོན། མཐོ་སྒང་གི་རྫས་མཆོག”ཅེས་པའི་སྤྱི་སྤྱོད་ཟོང་རྟགས་ཀྱི་ཤུགས་རྐྱེན་བསྟུད་མར་ཇེ་མཐོར་ཕྱིན། སྐྱེ་ཁམས་ཡུལ་སྐོར་རིམ་བཞིན་དེང་རབས་ཞབས་ཕྱི་ལས་རིགས་ཀྱི་སྣེ་འདྲེན་དུ་གྱུར་ཏེ། ལོ་ལྔའི་རིང་ཡུལ་སྐོར་འགྲུལ་པ་མི་ཐེངས་དུང་ཕྱུར1.9སྣེ་ལེན་བྱས་ཤིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར2100རུ་སླེབས་པ་དང་། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྐད་གྲགས་ཆོད་པའི་ཡུལ་སྐོར་འགྲོ་གནས་བཅུའི་གྲས་སུ་ཚུད་ཡོད། དེང་གི་མཚོ་སྔོན་ནི། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཡུལ་ལྗོངས་རབ་ཏུ་མཛེས་ལ། ག་ས་ཀུན་ཏུ་ཡར་རྒྱས་ཀྱི་རྣམ་པ་ཤར་ཏེ། འཇིག་རྟེན་སྐྱེ་བོ་ཀུན་གྱི་མཐོང་སྣང་གི“སྙན་ངག་གི་ཚིག་དང་རྒྱང་རིང་གི་ཡུལ”ཏུ་གྱུར་དང་འགྱུར་བཞིན་ཡོད།
ལོ་ལྔ་བོ་འདི་ནི། བཅོས་སྒྱུར་སྒོ་འབྱེད་ལ་གསར་གཏོད་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པའི་ལོ་ལྔ་ཡིན། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བར་ཆད་བཟོ་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་རྦད་དེ་གཏོར་ནས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་ཐོད་བརྒལ་རང་བཞིན་གྱི་ཡར་རྒྱས་ཐོབ་པ་དང་། རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་ཕལ་ཆེར་བཙུགས་ཡོད་ལ། ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་བསྐྱར་བསྐྲུན། སྤྱི་ཁོག་རང་བཞིན་གྱི་བསྐྱར་འཛུགས་བྱས་ཡོད། རྒྱལ་དབང་ཁེ་ལས་ལ་བཅོས་སྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་། ཞིང་ཆེན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་གྱི་རིན་ཐང་སྲུང་འཛིན་དང་འཕར་སྣོན་བྱུང་ཕྱོད105%ཡན་ལ་སླེབས། ཐུན་མོང་ལ་དབང་བ་མིན་པའི་དཔལ་འབྱོར་གྱིས་དཔྱ་ཁྲལ་བཅལ་བའི་བསྡུར་ཚད50%ཡན་ལ་སླེབས་པ་དང་། ལས་ཞུགས་ལ་བྱས་རྗེས་བཞག་ཕྱོད80%ཡན་དུ་བརྟན་པོར་ཡོད། “གློད་སྡོམ་ཞབས་གསུམ”དང་། མ་དངུལ་གཏོང་འཇོག་དང་བསྡུ་རུབ། ཞིང་ལས་ཞིང་སྡེ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁེ་བཟང་བསྟུད་མར་ཕྱིར་བཏང་བ་དང་། ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པ་དེ་གའི་སྲིད་གཞུང་གི་མངོན་མེད་བུ་ལོན་ཉེན་ཁ་ནི་རིམ་པ་གཅིག་མར་ཕབ། རྒྱལ་ཡོངས་ཀྱི་སྔོན་ལ་གྲུབ་སྣུམ་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་བཅོས་སྒྱུར་ཚོད་ལྟའི་གནས་སྤེལ་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཕྱོགས་ཡོངས་ནས་མེད་པ་ཡོད་པར་བསྒྱུར་པའི་རྨང་གཞིའི་སྟེང་དུ“སྡེ་བ་སྟོབས་ཆེན”བསྐྲུན་པའི་ཕྱོགས་སུ་སྐྱོད་ཀྱིན་ཡོད། ང་ཚོས་གསར་གཏོད་ཀྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། མཚོ་ལྷོ་ཁུལ་དུ་རྒྱལ་ཁབ་ཀྱི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་ཆེན་པོ་བཅུ་ལ་སྤྱི་ཁོག་ནས་སྐུལ་སྤེལ་བཏང་། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ས་ཁོངས་ཀྱི་གསར་གཏོད་ནུས་པའི་ཕྱོགས་བསྡུས་ཨང་རིམ་ནི་ལོ་ལྔའི་རིང་ལ་གནས8འཕར་བ་རེད། ང་ཚོས་ཧུར་ཐག་གིས་སྒོ་འབྱེད་བྱེད་རྒྱ་ཇེ་ཆེར་བཏང་ནས། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ས་ཁོངས་ཀྱི་སྟོང་ཆ་གསབ་པ་དང་། ཨེ་ཤེ་ཡ་ལྷོ་མར་དུས་གཏན་མེ་འཁོར་ཐོག་མ་བཏང་། ཕྱི་འབྲེལ་པུའུ་ཡིས་འཛམ་གླིང་ལ་མཚོ་སྔོན་འོས་སྦྱོར་བྱེད་པའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་དང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དང་། མཚོ་སྔོན་ཚོང་གཏམས་ཚོགས་འདུ། རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམ་སྟོན་ཚོགས་འདུ་བཅས་ཀྱི་ཤུགས་རྐྱེན་ཐེབས་ནུས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་། ཕྱི་ཕྱོགས་སུ་ཉོ་ཚོང་བྱེད་པ་དེ་རྒྱལ་ཁབ་དང་ས་ཁུལ110ལ་རྒྱ་བསྐྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་ལས་ཐད་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། དེང་གི་མཚོ་སྔོན་ལ། ཕྱི་ནང་གཉིས་ཀར་གཅིག་འདོམས་དང་ཁ་ཕྱོགས་མང་པོར་མཉམ་སྐྱོད་བྱེད་པའི་སྒོ་འབྱེད་ཀྱི་ཆགས་སྟངས་གསར་བ་མགྱོགས་མྱུར་ངང་གྲུབ་སྟེ། གནའ་བོའི་དར་གོས་ཚོང་ལམ་དུ་གསོན་ཤུགས་གསར་བ་དང་འགུག་ཤུགས་གསར་བ་བཏོན་དང་འདོན་གྱིན་ཡོད།
ལོ་ལྔ་བོ་འདི་ནི། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཧ་ཅང་ཇེ་ལེགས་སུ་ཕྱིན་པའི་ལོ་ལྔ་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས། ལོ་རེ་བཞིན་དམངས་ལ་དོན་དངོས་སྒྲུབ་པའི་ལས་གྲྭ་ལག་བསྟར་བགྱིས་པ་དང་། དམངས་ཕན་ཐབས་བཀོད་མང་པོ་ཞིག་སྔ་གཞུག་ཏུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བྱས། དབུལ་ཕོངས་རྫོང42ཀྱི་དབུལ་ཞྭ་ལོ་གཅིག་སྔ་བསྣུར་གྱིས་ཕུད་ཅིང་། དབུལ་ཕོངས་སྡེ་བ1622ཚང་མ་དབུལ་གྲལ་ནས་ཕུད་པ་དང་། དབུལ་ཕོངས་མི་འབོར་ཁྲི53.9ཚང་མ་དབུལ་ཕོངས་ལས་ཐར་ཏེ། དབུལ་ཕོངས་ཀྱི་གནད་དོན་དེ་ལོ་རྒྱུས་རང་བཞིན་དུ་ཐག་གཅོད་བྱས་ཟིན། མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི30ལྷག་གསར་དུ་འཕར་བ་དང་། སྡོད་དམངས་ཡོངས་ཀྱི་ཡོང་འབབ་འཕར་ཚད་དེ་བསྟུད་མར་ལོ5ལ་དཔལ་འབྱོར་འཕར་ཚད་ལས་མཐོ། རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་དུ་ཞུགས་མཁན་སོ་སོ་མི་ཁྲི60དང་། ཁྲི20དང་། ཁྲི50འཕར་བ་དང་། ལས་འཁྱུར་ངལ་གསོ་མིི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོ་འགན་བཅོལ་གྱི་གཟིགས་སྐྱོང་ཆུ་ཚད། ལས་རྨས་འགན་བཅོལ་གྱི་ཡུན་རིང་གཟིགས་སྐྱོང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་དམའ་སྲུང་ཚད་གཞི་བཅས་བསྟུད་མར་ཇེ་མཐོར་བཏང་། སློབ་གསོའི་བྱ་གཞག་ཐད་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། རྒྱལ་ཁབ་ཀྱིས་འགན་བབས་སློབ་གསོ་ཕལ་ཆེར་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ་དང་། ཤང་དང་གྲོང་རྡལ་ཡོད་ཚད་ལ་བྱིས་སྐྱོང་ཁང་ཡོད་པ་དང་། མི་གྲངས་ཁྲི5ཡན་གྱི་རྫོང་ཡོད་ཚད་ལ་མཐོ་འབྲིང་དཀྱུས་མ་ཡོད་པ། མི་གྲངས་ཁྲི30ཡན་གྱི་རྫོང་ཡོད་ཚད་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད། ལས་རིགས་སློབ་གསོ་ནས་ལག་རྩལ་འཇོན་མི་ཁྲི10སྐྱེད་སྲིང་བྱས་པ་དང་། མཐོ་རིམ་སློབ་ཆེན་ནས་སྤྱི་ཚོགས་སུ་མཐར་ཕྱིན་སློབ་མ་ཁྲི10ལྷག་བསྐྱལ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་མི་ཁྲི129ལ་སླེབས་ཏེ། ལོ་ལྔའི་རིང་ལ་ཁྲི13འཕར་བ་རེད། པྲོག་གསར་རིམས་ནད་འགོག་སྡོམ་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ཤིང་། འགོག་སྡོམ་ཐབས་བཀོད་ལེགས་སྒྲིག་བྱེད་མཚམས་བརྟན་རླིང་ཡིན་ལ་གོ་རིམ་ལྡན་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། བདེ་ཐང་མཚོ་སྔོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་དཔྱད་རྒྱུན་འཛིན་དང་གསར་གཏོད་ལས་གྲྭ་ལག་བསྟར་བྱེད་མགོ་བརྩམས། རོང་འབྲོག་པར་དུས་ཡུན་རིང་པོར་གཙེས་པའི་ཐུམ་འབུའི་ནད་ལ་ལོ་རྒྱུས་རང་བཞིན་གྱིས་གཏན་འགོག་བྱས་པ་དང་། མི་རེའི་ཆ་སྙོམས་ཀྱི་རེ་ལྟོས་ཚེ་ཚད་ལོ་ལྔའི་སྔོན་གྱི་ལོ71.7ནས་ལོ73.97ལ་ཇེ་མཐོར་བཏང་། ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། བདེ་ཐང་གི་སྟོན་གྲངས་གཙོ་བོ་དག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་ཧེ་བག་སྔར་བས་ཇེ་ཆུང་དུ་ཕྱིན། སྤྱི་པའི་རིག་གནས་ཞབས་ཕྱིས་དམངས་ཡོངས་ལ་ཕན་ཐོགས་པ་དང་། རྒྱང་སྒྲོག་དང་བརྙན་འཕྲིན་གཉིས་ཀྱི་ཕྱོགས་བསྡུས་མི་འབོར་ཁེབས་ཕྱོད་སོ་སོ99%ཡན་དུ་སྲུང་འཛིན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ལུས་རྩལ་ར་བའི་རྒྱ་ཁྱོན40%འཕར་བ་དང་། སྔོན་ཆད་ཐོབ་མྱོང་མེད་པའི་ཨོ་ཕིག་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ། སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་དང་མཁར་གྲོང་གི་གཞིས་ཁུལ་རྙིང་བ། རོང་འབྲོག་ཁུལ་གྱི་ཁང་བ་ཉེན་རྙིང་བཅས་བསྒྱུར་བཀོད་དང་རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་པའི་ཁང་བ་ཁྱོན་བསྡོམས་ཁྲི48ལྷག་ཡོད། དེང་གི་མཚོ་སྔོན་ནི། མི་རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་དྲན་པ་དང་། ཏང་གི་རྗེས་སུ་འབྲངས་ཡོད་ལ། ཡིད་ཆེས་བརྟན་པོ་བཅངས་ནས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་ཞུམ་པ་མེད་པར་སྐྱོད་ཀྱིན་ཡོད།
ལོ་ལྔ་བོ་འདི་ནི། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་སོང་བའི་ལོ་ལྔ་ཡིན། ང་ཚོས་སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་གཅིག་ཏུ་ལག་བསྟར་མཐིལ་ཕྱིན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པར་སྟོབས་ཤུགས་བསྒྲིམས། ཀུན་གྱི་སྔོན་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱས་ཤིང་། གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་རྫོང80%ཡན་ཆད་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་ཚར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་དར་སྤེལ་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་སློབ་གསོ་དང“མོས་མཐུན་ལྔ”ཡི་སློབ་གསོ་གཏིང་ཟབ་ཏུ་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་བརྗོད་སྙིང་སྤྱི་གླིང100སྐྱེད་སྲིང་བྱས་པ་དང་། ན་གཞོན་གཞོན་ནུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དཔེ་སྟོན་གནས60བསྐྲུན་པ་དང་། སྡེ་ཁུལ་གྱི“སེའུ་འབྲུའི་ཁྱིམ་གཞིས”360གཏོད་ཡོད། མི་རིགས་སོ་སོ་འགྲོ་ཡོང་དང་འབྲེལ་འདྲིས་དང་མཉམ་འདྲེས་བྱེད་པར་སྐུལ་སྤེལ་དང་། “མི་རིགས་མཐུན་སྒྲིལ+”གཅིག་འདྲེས་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱས་པ་དང་། མི་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་རྣམ་པ་གསར་བ་ཤར་ཡོད། “ཉེན་ཁ་སྔོན་འགོག་དང་། རྐྱེན་ངན་གཙང་སེལ། གྱོད་དོན་ཉུང་འབྱུང་། བདེ་འཇགས་སྲུང་སྐྱོང”གི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སར་སྐུལ་སྤེལ་བྱས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་ཁྲིམས་ལྟར་སྲིད་དོན་སྐྱོང་བའི་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ27གྲོས་ཞིབ་ཏུ་ཕུལ་བ་དང་། སྲིད་གཞུང་གི་སྒྲིག་ཡིག8གཏན་ལ་ཕབ་ཅིང་། བསམ་འཆར་དང་གྲོས་གཞི་རིགས་མི་འདྲ་བ་ཚང་མ་བསྒྲུབས་ནས་ལན་ཕྱིན་ཡོད། རྒྱལ་སྲུང་སྐུལ་སློང་དང་ཉིས་བཀུར་མཉམ་སྐྲུན། ཁོལ་འཁྱུར་དམག་མི་བཅས་ཀྱི་ལས་དོན་དང་མི་དམངས་མཁའ་འགོག་བྱ་བ་རྒྱུན་མ་ཆད་པར་སྲ་བརྟན་དང་མཐོར་འདེགས་སུ་བཏང་། འཚུབ་ཟློག་དོ་དམ་གྱི་སྤྱི་ཁོག་རང་བཞིན་དང་མཉམ་སྒྲུབ་རང་བཞིན་མངོན་གསལ་དུ་ཇེ་མཐོར་ཕྱིན་ཏེ། རང་བྱུང་གནོད་འཚེ་ཆེན་པོ་རབ་དང་རིམ་པར་སྟོབས་དང་ལྡན་པའི་སྒོ་ནས་ཁ་གཏད་གཅོག་ཐུབ་པ་དང་། ཐོན་སྐྱེད་ཚོང་གཉེར་རང་བཞིན་གྱི་དོན་རྐྱེན་བྱུང་གྲངས་དང་ཤི་རྨས་མི་གྲངས་བསྟུད་མར་ཇེ་ཉུང་སོང་། དེང་གི་མཚོ་སྔོན་ནི། སྲིད་དར་འབངས་བདེ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་ལ་འཁོད་ཅིང་ལས་ལ་བརྩོན་པ་ཞིག་ཏུ་གྱུར་ཡོད།
འདས་མ་ཐག་པའི2022ལོར། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་སུ་མཐོང་དཀོན་པའི་ནམ་ཟླ་ཤིན་ཏུ་རྩུབ་པོའི་ངན་ཤུགས་དང་། རྙོག་འཛིང་ཚ་ནན་ཆེ་བའི་རིམས་ནད་ཁྱབ་ཐེངས་དུ་མས་རྒོལ་བ་ཐེབས་མྱོང་། དཀའ་ངལ་གྱི་མདུན་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་ཀྱི་མགོ་ཁྲིད་འོག་ཏུ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐིལ་ཕྱིན་བྱས་ཤིང་། ཆ་ཚང་དང་ཡང་དག་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་མཐིལ་ཕྱིན་བྱས་པ་དང་། དཀའ་ངལ་གདོང་གིས་བསུས་ཤིང་ཁྱད་དུ་བསད་དེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བཀོད་སྒྲིག་ཐམས་ཅད་དངོས་འབེབས་དང་དོན་འཁྱོལ་བྱེད་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། དཔལ་འབྱོར་ལུགས་མཐུན་གྱི་བར་ཁོངས་ཤིག་ཏུ་འཁོར་སྐྱོད་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་གོམ་ཁ་བརྟན་པོར་ཇེ་མཐོར་ཕྱིན། ཚན་རྩལ་གསར་གཏོད་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་། ལས་ཞུགས་དང་དངོས་གོང་ཕལ་ཆེར་བརྟན་རླིང་ཆགས་ཡོད། འབྲུ་རིགས་ཀྱི་བདེ་འཇགས་དང་ནུས་ཁུངས་ཀྱི་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ནུས་ལྡན་ཐོབ་པས། དཔལ་འབྱོར་དང་སྤྱི་ཚོོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སུ་གནས་ཡོད། སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར2.5%ཡས་མས་འཕར་བ་དང་། མཁར་གྲོང་གི་ཐོ་བཀོད་ལས་ཤོར་བྱུང་ཕྱོད3.5%ནང་ཚུན་དུ་ཡོད་ལ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ4.5%ཡས་མས་འཕར་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང2.4%ཡས་མས་འཕར་ཡོད་ལ། འབྲུ་རིགས་ཐོན་ཚད་ཏུན་ཁྲི107.3ཡོད། འབྲི་ཆུ་དང་། རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཀྱི་ཆུ་སྤུས་ནི་རིགསIIཔའི་ཡན་དུ་བརྟན་སྲུང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.4%ཡན་ལ་སླེབས་ཡོད། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་སྲུང་བྱས་པ་མ་ཟད། བདེ་འཇགས་ཀྱི་མཐའ་ཚད་ཀྱང་བསྲུངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་གོམ་པ་བརྟན་པོ་སྤོས་ཡོད། 2022ལོའི་བྱ་བ་མཐའ་དག་གིས། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གཏན་ལ་ཕབ་པའི་ལོ་ལྔའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་རྫོགས་ཚིག་ཡག་པོ་བྲིས་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། ལྷག་ཏུ་གཅེས་པར་འཛིན་འོས་སོ། །
རང་ག་བ་ཞིག་ཡེ་ནས་མིན་པའི་ལོ་ལྔ་བོར་ཕྱིར་ལྟ་བྱས་ཚེ། ངེད་ཅག་གིས་ཕན་ནུས་ལྡན་པའི་སྒོ་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་དེ། གོང་བརྗོད་ཀྱི་ཐོབ་དཀའ་བའི་འཕེལ་རྒྱས་དང་ཡར་ཐོན་དེ་འདྲ་ཉེ་བར་ཐོབ་པའི་རྒྱུ་མཚན་ནི། རྩ་བའི་རྩ་བ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་འཁོལ་བའི་ཐུགས་ཁུར་བཅས་ཡོད་པར་རག་ལས་ཤིང་། ཞིང་ཆེན་ཏང་ཨུས་མགོ་ཁྲིད་འོག་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་རིམ་བྱུང་གིས་རྨང་གཞི་བཏིང་བའི་ཐོག་ཏུ་མུ་མཐུད་དུ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རྒྱབ་སྐྱོར་སྟོབས་ལྡན་ནུས་ལྡན་གནང་བའི་འབྲས་བུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུའང་ཡིན། འདི་ནས། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་དང་། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་དུ་བཅའ་སྡོད་ཀྱི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག མེ་གསོད་རོགས་སྐྱོབ་ཀྱི་བཀོད་འདོམས་པ་དང་འཐབ་མོ་བ། རིམས་འགོག་འཐབ་རྩོད་ཁྲོད་མདུན་དུ་མཆོངས་ཏེ་ལས་ཡུལ་དང་པོར་འབད་འཐབ་བྱས་པའི་རྒྱ་ཆེའི་སྨན་ལས་པ་དང་སྡེ་ཁུལ་གྱི་ལས་བྱེད་པ། སྤྱི་བདེ་ཉེན་རྟོག་པ་དང་དང་བླངས་པ། ཀྲུང་དབྱང་གི་པུའུ་ཨུ་སོ་སོ་དང་མཚོ་སྔོན་དུ་བཅའ་སྡོད་ཀྱི་ལས་ཁུངས་སོ་སོ། མཚོ་སྔོན་ལ་རོགས་སྐྱོར་གནང་བའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་དང་ལས་བྱེད་འཇོན་མི། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀང་ཨོ་ཐའེ་གསུམ་གྱི་སྤུན་ཟླ་དང་ཕྱི་སྡོད་རང་མི། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་བླ་མེད་ཀྱི་གུས་འདུད་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
གྲུབ་འབྲས་དག་ལོ་རྒྱུས་སུ་འཁོད་ཟིན་པས། འབྱུང་འགྱུར་ལ་སྔར་བས་བརྩོན་པ་བསྐྱེད་དགོས། གྲུབ་འབྲས་སྤྱི་བསྡོམས་བྱེད་པ་དང་ཆབས་ཅིག་ཏུ། ང་ཚོས་མཐོང་ཐུབ་ནི། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དག་མཚོ་སྔོན་དུ་ལྷག་པར་འབུར་ཐོན་དུ་མངོན་ཡོད་ལ། འཕེལ་རྒྱས་ཀྱི་རྨང་གཞི་ཞན་ཞིང་ལས་འགན་ལྕི་བ་དང་། འཕེལ་རྒྱས་མི་འདང་བ་བཅས་སྔར་བཞིན་རང་ཞིང་གི་མངོན་སུམ་གྱི་དཀའ་ངལ་དུ་ཆགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་བར་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་གྱ་མི་ནོམ་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་པར་གནས་ཤིང་། རྨང་གཞིའི་སྒྲིག་བཀོད་ལ་ད་དུང་ཞན་ཆ་ཡོད། ལག་རྩལ་གྱི་འཇོན་མི་དཀོན་ཞིང་གསར་གཏོད་ཀྱི་ནུས་པ་ཆེན་པོ་མེད། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཕབ་སྒྱུར་རྐྱེན་སྲོལ་འཐུས་ཚང་བ་ཞིག་མིན་ལ། ལྗང་མདོག་ཐཱན་ཉུང་གི་རྣམ་པར་བསྒྱུར་བའི་གོམ་སྟབས་ད་དུང་ཇེ་མགྱོགས་སུ་གཏང་དགོས། དམངས་འཚོ་འགན་སྲུང་གི་ཆུ་ཚད་དང་མང་ཚོགས་ཀྱི་རེ་སྨོན་བར་དུ་ད་དུང་ཁྱད་པར་ཅུང་ཡོད་ལ། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་བའི་ཆུ་ཚད་ད་དུང་ཇེ་མཐོར་གཏང་དགོས། ལས་བྱེད་པ་ཉུང་ཤས་ཤིག་གི་ལས་ཀའི་སྤྱོད་ཚུལ་མི་ལེགས་ཤིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན་ད་དུང་གནས་ཡོད། རུལ་མི་ཕོད་པ་དང་རུལ་མི་ཐུབ་པ། རུལ་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པར་ལས་འགན་ལྕི་ཞིང་ལམ་ཐག་རིང་། ང་ཚོས་དཀའ་ངལ་ལ་གདོང་གཏད་ཅིང་ཞན་ཆ་ངོས་ལེན་བྱས་ཏེ། རྒྱུན་མཐུད་ངང་ཤུགས་བརྒྱབ་ནས་ཐག་གཅོད་བྱ་རྒྱུ་ཡིན།
གཉིས། སླད་ཕྱིན་ལོ་ལྔའི་བྱ་བའི་རིག་ལམ་དང2023ལོའི་ལས་འགན་གཙོ་བོ།
འབྱུང་འགྱུར་ལོ་ལྔ་ནི། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་སྐྲུན་པའི་དུས་སྐབས་གལ་ཆེན་ཡིན། ང་ཚོས་ཏང་གི་དར་ཆའི་འོག་ཏུ་བླ་སྲོག་བརྟན་པོ་དང་བློ་སེམས་གཅིག་སྒྲིལ་གྱིས་སྒོ་ནས་གསར་སྤེལ་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། བརྟན་ཞིང་བརླིང་བའི་གོམ་སྟབས་བསྒྱུར་ནས་དུས་རབས་གསར་བར་འབད་པས་སྐྱོད་ཅིང་འཐབ་ལམ་གསར་བར་ངང་གིས་འཇུག་དགོས། དུས་རབས་གསར་བ་འབད་པས་སྐྱོད་ཅིང་འཐབ་ལམ་གསར་བར་ངང་གིས་འཇུག་ན། ང་ཚོས་ངེས་པར་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་མཐིལ་ཕྱིན་བྱས་ཏེ། དོན་དམ་པར་བསམ་སྦྱོར་གཉིས་ཀ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཉི་ཤུ་བས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སྟེང་དུ་གཅིག་སྡུད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གཏིང་ཟབ་ཏུ་ལག་བསྟར་དང་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་བས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཡང་དག་པའི་སྒོ་ནས་མཚོ་སྔོན་གྱི་ས་གཞི་ཆེན་པོར་བྲི་དགོས། དུས་རབས་གསར་བ་འབད་པས་སྐྱོད་ཅིང་འཐབ་ལམ་གསར་བར་ངང་གིས་འཇུག་ན། ང་ཚོས་ངེས་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཏང་གི་ལྟེ་བའི་ལས་འགན་འདི་དམ་པོར་བཟུང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལས་ཀ་སོ་སོར་དོན་འཁྱོལ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་ཁྱད་རྟགས་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་ཞིག་གཏོད་དགོས། དུས་རབས་གསར་བ་འབད་པས་སྐྱོད་ཅིང་འཐབ་ལམ་གསར་བར་ངང་གིས་འཇུག་ན། ང་ཚོས་ངེས་པར་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་མཐིལ་ཕྱིན་བྱས་ཏེ། རང་འགུལ་ངང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་ཕྱི་སྒྲུབ་ཅིང་དེར་འདྲེས་སུ་འཇུག་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པར་དམིགས་པ་གཏད་ཅིང་སྟོབས་ཤུགས་སྒྲིམ་པ་དང་། འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་བསྐྲུན་ནས། སྟོབས་ཤུགས་ཡོད་རྒུས་བརྗིད་ཉམས་ལྡན་པའི་འཆར་འགོད་རྣམས་མི་དམངས་ཀྱི་རེ་སྨོན་ལྟར་མངོན་འགྱུར་ཐུབ་པ་བྱ་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྟེང་གི་འཐབ་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་སྐྲུན་པའི་ལག་ལེན་དངོས་ཀྱི་ཁྲོད་དུ། ང་ཚོས“སྔར་བས་གཙིགས་འཛིན་བྱེད་པ་དྲུག”བསྒྲུབ་ཐུབ་པར་བརྩོན་དགོས།
——སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་གཙིགས་འཛིན་བྱ་དགོས། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་ཏུ་བསྟར་བ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཟུང་འབྲེལ་གང་འཚམ་བྱས་ཏེ། ཐཱན་རྩེར་སོན་ཐཱན་སྙོམ་སྦྱོར་དང་དམིགས་འབེན་ལས་འགན་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་དུ་ཐོན་ལས་ཀྱི་འགྲན་རྩོད་དགེ་མཚན་གསར་བ་བསྐྲུན་དགོས་ལ། རྨང་གཞི་འདིང་བ་དང་། ཕུགས་སུ་ཕན་པ། ཞན་ཆ་གསབ་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ་བཅས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། “གནས་བཞི”ཡིས་སྣེ་ཁྲིད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་། རྒྱུད་ཁོངས་འཐུས་སྒོ་ཚང་བ་དང་། ཕན་ཕྱོད་ཆེ་ཞིང་སྤྱོད་གོ་ཆོད་པ། རིག་ནུས་དང་ལྗང་མདོག་ཡིན་པ། བདེ་འཇགས་དང་ཡིད་རྟོན་རུང་བ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་དང་། “ཁྱུ་གཅིག་ཁུལ་གཉིས་གནས་མང”གི་མཁར་གྲོང་ཅན་གྱི་བར་སྟོངས་མ་ལག་དང་། དགེ་མཚན་གསབ་རེས་དང་ལེགས་ཆ་ངོམ་རེས་བྱེད་པའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་བཅས་མགྱོགས་མྱུར་ངང་ཆགས་སུ་བཅུག་སྟེ། མཁོ་འདོན་ཕྱོགས་གཉིས་བཟང་གཤིས་ངང་འཁོར་སྐྱོད་དང་འགུལ་རྣམ་དུ་དོ་སྙོམས་ཆགས་པའི་ཆུ་ཚད་སྔར་བས་མཐོན་པོར་འགྱུར་དགོས།
——མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྔར་བས་གཙིགས་འཛིན་བྱ་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བཅངས་ཤིང“རི་གཉིས”ཀྱི་འདུ་ཤེས་ལག་ལེན་དུ་བསྟར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏང་དགོས་ལ། ཐཱན་གཅོག་དང་སྦགས་སྙུང་། ལྗང་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བྱེད་པ་དང་། རྒྱལ་ཁབ་ཀྱི་རི་ཆུ་ནགས་ཞིང་མཚོ་སྤང་བྱེ་འཁྱགས་བཅས་ལ་གཞི་གཅིག་ཏུ་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པར་བཅོས་སྐྱོང་བྱེད་པའི་ཚོད་ལྟའི་གནས་སྤེལ་བ་དང་། “ཡོལ་གཉིས་ཁུལ་གསུམ”གྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་རགས་རིམ་ཆགས་སུ་འཇུག་དགོས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་སྒྱུར་རྐྱེན་སྲོལ་འཐུས་སྒོ་ཚང་བར་འཛུགས་པ་དང་། རྒྱལ་ཁབ་སྤྱི་གླིང་ནི་གཙོ་གཞི་དང་རང་བྱུང་སྲུང་སྐྱོབ་ཁུལ་ནི་རྨང་གཞིར་བྱས་ཤིང་། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱས་པའི་རང་བྱུང་ཁམས་སྲུང་སྐྱོབ་ཁུལ་རྒྱུད་ཁོངས་ལྡན་པ་འཛུགས་སྐྱོང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་རྩེ་གྲར་སྲུང་འཛིན་བྱ་དགོས།
——འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་ཕྱི་སྒྲུབ་པ་དང་དེར་འདྲེས་སུ་འཇུག་པར་སྔར་བས་གཙིགས་འཛིན་བྱ་དགོས། བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་བྱེད་ཚད་རྒྱ་བསྐྱེད་པ་དང་། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་གེགས་མེད་དུ་འགྲུལ་རྒྱུག་དང་འཁོར་སྐྱོད་བྱ་དགོས་ལ། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། “དཔལ་འབྱོར་ཁྱམས་རིང་དྲུག”ལ་ཧུར་ཐག་གིས་ཞུགས་དགོས། མཚོ་སྔོན་གྱི་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་སྐྲུན་མགོ་རྩོམ་པ་དང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་བསྐྲུན་ནས། ནང་མཁོ་དང་ཕྱི་མཁོ། ནང་འདྲེན་དང་ཕྱིར་གཏོང་། ཚོང་ངམ་མ་དངུལ་འདྲེན་འགུག་དང་ཕྱི་ཕྱོགས་མ་དངུལ་གཏོང་འཇོག་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་རྣམ་པ་གསར་བ་འགྲུབ་པར་བྱ་དགོས།
——ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བར་སྔར་བས་གཙིགས་འཛིན་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་། རྒྱལ་སྤྱིའི་འགྲན་རྩོོད་ཀྱི་མདུན་གྲལ་དང་རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་རྩལ་འགག་མདོ་བཅས་ལ་དམིགས་ནས། ཐོན་ཁུངས་དང་ནུས་ཁུངས་དང་མཐོ་སྒང་བཅས་ཀྱི་ཁྱབ་ཁོངས་དེ་དཔུང་འཇུག་བྱ་ཡུལ་གཙོ་བོར་བཟུང་སྟེ། ཚན་རྩལ་ལས་གཞི་གལ་ཆེན་སྐོར་ཞིག་བཀོད་སྒྲིག་བྱེད་པ་དང་། ཐོན་ལས་ཀྱི་གནད་འགག་ཏུ་གྱུར་པའི་གཙོ་སྙིང་ལག་རྩལ་ཐོབ་ཐབས་བྱ་དགོས། སྤུས་ཚད་མཐོན་པོའི་སྒོ་ནས་ཚན་རྩལ་གྱི་གྲུབ་འབྲས་ཕབ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས་ལ། “ཚན་རྩལ་དང་ཐོན་ལས་དང་དངུལ་རྩ”བཟང་གཤིས་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཅན་གྱི་ཞིང་ཆེན་སྐྲུན་པར་མགྱོགས་པོར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་སུ་ཞུགས་མཁན་གལ་ཆེན་དང་དེ་འཛུགས་སྐྲུན་བྱེད་མཁན་དུ་འགྱུར་དགོས།
——ཐུན་མོང་ཕྱུག་འགྱུར་ལ་སྔར་བས་གཙིགས་འཛིན་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྔར་བས་ཕུན་སུམ་ཚོགས་ཤིང་སྔར་བས་སྤུས་ཚད་མཐོ་བའི་ངང་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ལ་ཁེབས་ཤིང་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་འདོམས་བགྱིད་པ། དྲང་གཞག་དང་གཅིག་གྱུར་ཡིན་པ། རྒྱུན་མཐུད་རུང་བ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་དྲ་བ་བསྐྲུན་ཚར་དགོས་ལ། འགན་བབས་སློབ་གསོ་དང་གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས། གཞི་རྩའི་སྡོད་ཁང་། སྤྱི་ཚོགས་རོགས་སྐྱོབ་སོགས་གཞི་རྩའི་སྤྱི་པའི་ཞབས་ཕྱི་མ་ལག་འཐུས་ཚང་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་བར་ཁྱད་རིམ་གྱིས་ཇེ་ཆུང་དུ་གཏོང་བ་དང་། ཡོང་འབབ་འབྲིང་གྲས་ཡོད་པའི་མི་ཚོགས་མངོན་གསལ་གྱིས་ཇེ་མང་དུ་གཏང་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱ་དགོས། མི་རིགས་སོ་སོ་འགྲོ་འོང་དང་འབྲེལ་འདྲིས་དང་མཉམ་འདྲེས་བྱེད་པ་དེ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་དགོས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་དེ་སྔར་བས་བློ་ཡིད་ཚིམ་པ་དང་སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་རུང་བ་བྱ་དགོས།
——ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྔར་བས་གཙིགས་འཛིན་བྱ་དགོས། རྩ་ལག་མཉམ་བཅོས་དང་འཕྲལ་ཕུགས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། རྨོ་ཞིང་དང་གཞི་རྩའི་ཞིང་སའི་ཐིག་དམར་ནན་སྲུང་བྱེད་པ་དང་། ནུས་ཁུངས་དང་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སྔོག་འདོན་ལ་ཤུགས་བསྣན་དགོས། གནད་ལ་ཁེལ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་དང་དངུལ་རྩའི་ཉེན་ཁ། ས་ཁང་ཐོན་ལས་ཀྱི་ཉེན་ཁ་བཅས་སྔོན་འགོག་དང་སེལ་ཐབས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཚུབ་ཟློག་ཆེན་པོའི་སྒྲོམ་གཞི་གཟུག་དགོས། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་སྐྲུན་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཤུགས་བསྒྲིམས་ནས་སྐུལ་འདེད་བཏང་སྟེ། བདེ་འཇགས་ཆགས་སྟངས་གསར་བར་བརྟེན་ནས་འཕེལ་རྒྱས་ཆགས་སྟངས་གསར་བ་འགན་སྲུང་བྱ་དགོས།
འཐུས་མི་རྣམ་པ། དཀའ་ཁག་ཆེ་ཞིང་ལམ་ཐག་རིང་ན་ཡང་། །འབད་པས་བསྐྱོད་ཚེ་དམིགས་པའི་གནས་སུ་འབྱོར། །ང་ཚོས་སྔར་ལས་ལྷག་པར་མཚོ་སྔོན་ལ་དགའ་ཞེན་དང་། མཚོ་སྔོན་ལ་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་བཞག་སྟེ། ཐོག་མཐའ་བར་གསུམ་དུ་ས་སྲུང་བའི་འགན་ཁུར་ཡོད་པ་དང་། ས་སྲུང་བའི་འགན་ཁུར་རྟོགས་པ། ས་སྲུང་བའི་འགན་ཁུར་སྒྲུབ་པ་བཅས་བྱེད་ཐུབ་ཅིང་། བདེན་སྲུང་གསར་གཏོད་དང་ལག་བསྟར་ཉོབ་མེད་བྱས་ཡོང་ན། ད་གཟོད་དུས་རབས་ཀྱིས་བསྩལ་པའི་འགན་འཁྲི་དང་ལས་འགན་སྔར་ལས་ལྷག་པར་ལེགས་འགྲུབ་བྱེད་ཐུབ་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་རང་བཞིན་གྱི་ཁྱད་རྟགས་ལ་ཕྱི་ཡུལ་དོན་དངོས་དང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་བཟུང་ཞིང་། འཐབ་ཇུས་ཀྱི་བརྟན་ཤུགས་སྲུང་འཛིན་བྱས་ཏེ་རྨང་གཞི་འདིང་བ་དང་། ཞན་ཆ་གསབ་པ་དང་། དགེ་མཚན་ཆེར་བསྐྱེད་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་དུ་བརྟན་པར་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལེགས་སྒྱུར་དང་སྔོན་ཐོན་བརྩོན་ལེན་བྱེད་ཅིང་། མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་བྱས་ན། ད་གཟོད་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་སྐྲུན་པའི་དམིགས་འབེན་རེ་རེ་བཞིན་མངོན་འགྱུར་བྱེད་ཐུབ།
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་མཐིལ་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། སྐབས་གསར་བའི་སྲིད་གཞུང་གིས་འགན་སྒྲུབ་པའི་ལོ་དང་པོ་དང་། “ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ལག་ཏུ་བསྟར་བའི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་ལོ་གཅིག་ཡིན་པ་མ་ཟད། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་སྐྲུན་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། སྲིད་གཞུང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གཏིང་ཟབ་ཏུ་ལག་བསྟར་མཐིལ་ཕྱིན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་ཟབ་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་མཐིལ་ཕྱིན་བྱ་དགོས། རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་ཕྱི་སྒྲུབ་པ་དང་དེར་འདྲེས་སུ་འཇུག་ཅིང་། ཤུགས་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་གཅིག་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པར་གཅིག་འདོམས་བྱ་དགོས། “སྤུས་ལེགས་གཅིག་དང་སྔོན་འགྲོ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་རྒྱུན་མཐུད་ངང་བསྐྲུན་དགོས། ཐོན་ལས་ཀྱི“གནས་བཞི”མགྱོགས་པོར་སྐྲུན་པ་དང་། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་ཏུ་བསྟར་བ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་དང་ཟུང་འབྲེལ་གང་འཚམ་བྱ་དགོས། འཕར་སྣོན་བརྟན་སྲུང་དང་ལས་ཞུགས་བརྟན་སྲུང་། དངོས་གོང་བརྟན་སྲུང་བཅས་ཀྱི་བྱ་བ་འབུར་དུ་དོད་ནས་ལེགས་པོར་སྒྲུབ་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱ་དགོས། དཔལ་འབྱོར་འཁོར་རྒྱུག་བྱེད་སྟངས་སྤྱི་ཁོག་ནས་ཇེ་ལེགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་གྱིས་འཕར་སྣོན་ཡོང་བ་བྱ་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམ་དགོས།
ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ཀྱི་དམིགས་འབེན་ནི། ཐོན་སྐྱེད་བསྡོམས་ཐང5%ཡས་མས་འཕར་ཐོག འབྲས་བུ་དེ་བས་ལེགས་པ་ཐོབ་པར་བརྩོན་དགོས། མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི6ཡན་འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི106ཡུལ་སྤོས་ལས་ཞུགས་བྱེད་པ་དང་། མཁར་གྲོང་གི་ཐོ་བཀོད་ལས་ཤོར་བྱུང་ཕྱོད་དང་མཁར་གྲོང་གི་བརྟག་བཤེར་ལས་ཤོར་བྱུང་ཕྱོད་སོ་སོ3.5%ནང་ཚུན་དང5.5%ཡས་མས་སུ་ཚོད་འཛིན་བྱ་དགོས། སྡོད་དམངས་ཀྱི་ཡོང་འབབ་འཕར་བ་དེ་དཔལ་འབྱོར་འཕར་བ་དང་ཕལ་ཆེར་འགྲོས་མཉམ་ཞིང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་དང་། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི107ཡན་དུ་སྲུང་འཛིན་བྱ་དགོས། འབྲི་ཆུ་དང་། རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཀྱི་ཆུ་སྤུས་ནི་རིགསIIཔའི་ཡན་དུ་སྲུང་འཛིན་བྱེད་པ་དང་། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་ལ་སླེབ་དགོས། ནུས་ཁུངས་ཟད་ཚད“ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་དུས་སྐབས་ནང་དུ་རྒྱལ་ཁབ་ཀྱི་གཏན་ཕབ་དམིགས་འབེན་གཅིག་འདོམས་ཀྱིས་ལེགས་འགྲུབ་བྱེད་པ་དང་། སྦགས་དངོས་གཙོ་བོ་ཉུང་འདོར་བྱེད་ཚད་རྒྱལ་ཁབ་ཀྱི་གཏན་ཕབ་དམིགས་འབེན་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་བཅས་ཡིན།
གོང་དུ་བརྗོད་པའི་དམིགས་འབེན་བླང་བྱར་དམིགས་ནས། ཕྱོགས་བདུན་གྱི་བྱ་བ་གཙོ་གནད་དུ་བཟུང་ནས་ལེགས་པོར་བསྒྲུབ་དགོས་ཏེ།
(གཅིག)མ་དངུལ་གཏོང་རྒྱ་ཇེ་ཆེ་དང་འཛད་སྤྱོད་ཆུ་ཚད་ཇེ་མཐོ་དངོས་གཞིའི་དཔལ་འབྱོར་ཇེ་སྟོབས་སུ་བཏང་སྟེ། དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཤུགས་ཆེན་པོས་ལག་ཏུ་བསྟར་བ་དང་། མ་དངུལ་གཏོང་འཇོག་གི་གནད་འགག་ནུས་པ་དང་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་ནས་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་རྒྱུག་ཐུབ་པ་ཁག་ཐེག་བྱ་དགོས།
སྲིད་གཞུང་གི་མ་དངུལ་གཏོང་འཇོག་དང་སྲིད་ཇུས་ཀྱི་སྐུལ་ལྕག་གཉིས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་མ་དངུལ་གཏོང་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ལས་གཞི་གལ་ཆེན800ལྷག་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བྱེད་ཅིང་། སྤྱིའི་མ་དངུལ་སྒོར་ཁྲག་ཁྲིག13གཏོང་འཇོག་བྱ་དགོས། ལྕགས་ལམ་གྱི་ཐད་ནས། མཚོ་བོད་ལྕགས་ལམ་ལས་ཟི་གོར་ལམ་དུམ་གྱི་སྤུས་འདེགས་ལས་གྲྭ་བསྐྲུན་ཚར་དགོས་ལ། ན་གོར་མོར་འགུལ་འཁོར་ཤར་གཏོང་བྱ་དགོས། ལན་ཤིན་འགྲུལ་སྐྱེལ་ལྕགས་ལམ་ལས་ལན་ཟི་ལམ་དུམ་གྱི་འགྲོས་སྨྱུར་སྤུས་འདེགས་ལས་གྲྭ་བསྐྲུན་ཚར་ཏེ་མེ་འཁོར་གཏོང་བ་དང་། ཟི་ཁྲིན་ལྕགས་ལམ་མགྱོགས་མྱུར་ངང་བསྐྲུན་དགོས། གནམ་གྲུ་ཐང་གི་ཐད་ནས། ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པར་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང་། གུང་ཧོ་གནམ་གྲུ་ཐང་སྐྲུན་མགོ་རྩོམ་དགོས། ཏུའུ་ལན་དང་ཚྭ་འདམ་ཆེ་བ་སོགས་ཀྱི་སྤྱི་སྤྱོད་གནམ་གྲུ་ཐང་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། “1+9+N” ཡི་མཁའ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་བྱ་དགོས། གཞུང་ལམ་གྱི་ཐད་ནས། ཚྭ་ཁ་ནས་ཚ་ཧན་ནོ་དང་རྒྱ་ཏིག་ནས་ནུབ་མཚོ་སོགས་བར་གྱི་གཞུང་ལམ་བསྐྲུན་ཚར་དགོས་པ་དང་། རེབ་གོང་ནས་གསེར་ལུང་དང་། པེན་ཏུའུ་ཁུག་ནས་མིན་ཡོན། གཅན་ཚ་ནས་གུང་ཧོ་སོགས་བར་གྱི་གཞུང་ལམ་ལས་གཞིར་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས། མྱུར་སྐྱོད་གཞུང་ལམ་གྱི་རིང་ཚད་སྤྱི་ལེ5000ཡན་ལ་སླེབ་པ་དང་། ཤིན་ཅང་དང་ཀན་སུའུ་ཕྱོགས་སུ་ཞིང་ཆེན་ཕྱིར་བསྐྱོད་པའི་མྱུར་སྐྱོད་གཞུང་ལམ་གཅིག་རེ་ཁ་སྣོན་བྱ་དགོས། ཆུ་བེད་ཀྱི་ཐད་ནས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་དང་ཞུའུ་ཅི་འགག་གི་ཆུ་བེད་ལྟེ་གནས་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ཚར་དགོས་པ་དང་། ན་ལིན་གུ་ལིའི་ཆུ་མཛོད་ལ་མྱུར་དུ་འཛུགས་སྐྲུན་སླར་གསོ་བྱེད་ཅིང་། རྨ་ཆུ་ཙོང་ཆུར་འདྲེན་པའི་ལས་གྲྭ་སྔ་མོ་ནས་སྐྲུན་མགོ་བརྩམ་དགོས། ནུས་ཁུངས་ཀྱི་ཐད་ནས། རླུང་གློག་དང་ཉི་གློག་གི་རྟེན་གཞི་ཆེ་གྲས་སྐོར་དང་པོའི་སྟོང་ཝ་ཁྲི1090བསྐྲུན་ཚར་ནས་གློག་དྲར་སྦྲེལ་བ་དང་། སྐོར་གཉིས་པའི་སྟོང་ཝ་ཁྲི700ཕྱོགས་ཡོངས་ནས་སྐྲུན་མགོ་རྩོམ་པ་དང་། སྐོར་གསུམ་པའི་སྟོང་ཝ་ཁྲི1000གི་འཆར་གཞིའི་དམིགས་འབེན་ལ་ཆོག་མཆན་ཐོབ་པར་བརྩོན་དགོས། སྔོ་རྒྱ་འགག་གི་རྩོལ་ནུས་རྒྱ་བསྐྱེད་ཅིང་གློག་དྲར་སྦྲེལ་ནས་གློག་འདོན་པ་དང་། གཡང་འཁྱིལ་དང་མར་སྟིང་གི་ཆུ་གློག་ས་ཚིགས་མགྱོགས་པོར་བསྐྲུན་དགོས། བ་རིང་དང་འབའ་རྫོང་། ལྷོ་རིའི་ཉག་ག་སོགས་ཀྱི་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་སྐྲུན་མགོ་རྩོམ་པ་དང་། མཁའ་དབུགས་ནོན་སྐུམ་ནུས་གསོག་གི་དཔེ་སྟོན་ལས་གཞི་བསྐྲུན་ཚར་དགོས་ལ། ནུས་ཁུངས་གསར་བའི་གློག་འདོན་གྱི་རྩེ་སྙོམ་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས། ཁུ་ནུ་རི་བོ་དང་དར་དམར་སོགས་སྟོང་ཝོལ750ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་འཛུགས་སྐྲུན་གྱི་འགྲོས་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་མཐོ་གློག་གནོན་ཕྱི་རུ་སྐྱེལ་བའི་སྐུད་ལམ་གཉིས་པ་སྐྲུན་མགོ་རྩོམ་ཐུབ་པར་འབད་དགོས། སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལ་དོ་དམ་བྱེད་པའི་སྲོལ་ཡིག་གཏན་ལ་འབེབས་པ་དང་། མ་དངུལ་གཏོང་འཇོག་གི་འགག་གཏོར་འགུལ་སྐྱོད་བསྟུད་མར་སྤེལ་དགོས། PPPམ་དཔེ་ཁྱབ་གདལ་ཏུ་གཏོང་བ་དང་། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་ཁྲོམ་རར་འཇུག་འཐུས་ཇེ་ལྷོད་དུ་བཏང་སྟེ། དམངས་ཁྲོད་ཀྱི་མ་རྩ་སྔར་བས་མང་པོ་ལས་གྲྭ་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་གཏོང་བར་སྐུལ་མ་གཏོང་བ་དང་། མ་དངུལ་གཏོང་འཇོག་གི་གསོན་ཤུགས་དང་གཏིང་ཤུགས་རྒྱུན་མ་ཆད་པར་སྐུལ་སློང་བྱས་ནས། སྔར་ལས་ལེགས་པར་དེ་རིང་མ་དངུལ་གཏོང་འཇོག་བྱས་པ་དེ་འབྱུང་འགྱུར་གྱི་ཐོན་སྐྱེད་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་སུ་བསྒྱུར་དགོས།
འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་པ་སྔོན་ལ་འཇོག་དགོས། སྐྱེ་ཁམས་ཡུལ་སྐོར་གྱི་སྐུལ་ཁྲིད་ནུས་པ་འབུར་དུ་དོད་ནས། མཚོ་བོད་དང་། མཚོ་ཀན། མཚོ་སི། མཚོ་ཤིན་བཅས་ཀྱི་ཡུལ་སྐོར་སྐོར་ལམ་ཆེན་པོ་འཐུས་ཚང་དུ་གཏོང་བ་དང་། ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་ཡུལ་སྐོར་ལམ་ཐིག་སྤུས་ལེགས་སྐྲུན་ཞིང་། གནས་སོ་སོ་ཐིག་ཏུ་སྦྲེལ་བ་དང་ཐིག་སོ་སོ་ལེབ་མོར་ཆགས་པར་བྱས་ཏེ། “མྱུར་དུ་འབྱོར་ཅིང་དལ་གྱིས་རྒྱུ”བར་སྐུལ་འདེད་གཏང་དགོས། ལྕགས་རི་རིང་མོ་དང་། རྒྱང་སྐྱོད། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་མཚམས་ཁོངས་མགྱོགས་པོར་སྐྲུན་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་རིག་གནས་ལམ་རྒྱུད་འཛུགས་སྐྲུན་བྱ་དགོས། རིག་གནས་ཡུལ་སྐོར་དུས་ཆེན་དང་ཡུལ་སྐོར་འཛད་སྤྱོད་ཀྱི་དམངས་ཕན་དུས་ཚིགས་སོགས་ཀྱི་བྱེད་སྒོ་ལེགས་པར་སྤེལ་བ་དང་། མཚན་མོར་འཛད་སྤྱོད་བྱེད་སའི་འདུ་འཛོམས་ཁུལ་དང་དྲ་གྲགས་ཆེ་བའི་གནས་སྐོར་ཞིག་བསྐྲུན་དགོས། ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་སླར་གསོ་དང་སོར་ཆུད་འབྱུང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་འགྲོ་གནས་སྐྲུན་པར་ཤུགས་བསྣན་དགོས། “སྲིད་གཞུང་གིས་འཛད་སྤྱོད་ལ་སྐུལ་བ་དང་ཁེ་ལས་ཀྱིས་ཕྱིར་འཚོང་ལ་སྐུལ་བའི”འཛད་སྤྱོད་བྱེད་སྟངས་གསར་བ་སྐུལ་སྤེལ་བྱེད་པ་དང་། རིག་ལྡན་སིལ་འཚོང་དང“སྦྲེལ་དྲ+”སོགས་ཀྱི་འཛད་སྤྱོད་ལས་རྣམ་གསར་བ་སྐྱེད་སྲིང་བྱ་དགོས། རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་མགྱོགས་པར་གསར་སྐྲུན་བྱེད་པ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས། ནུས་ཁུངས་གསར་བའི་རླངས་འཁོར་དང་རིག་ནུས་ཀྱི་ཁྱིམ་སྤྱོད་གློག་ཆས། ལྗང་མདོག་གི་བཟོ་སྐྲུན་རྒྱུ་ཆ་བཅས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ་དགོས། མྱུར་སྐྱེལ་བཟོ་གྲྭ་དང་སྡེ་བར་སྐྱོད་པ་དང་གྲངས་ཚོང་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་ཅིང་། མཁོ་ཚོང་མཉམ་ལས་ཁང་གི་ཞབས་ཕྱི་གཤམ་དུ་འབབ་པར་སྐུལ་སྤེལ་བྱས་ནས། རྫོང་དང་ཤང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་ཟོང་འགྲུལ་མ་ལག་འཛུགས་སྐྲུན་ཡོངས་སུ་ཁེབས་ཐུབ་པ་ཕལ་ཆེར་མངོན་འགྱུར་བྱ་དགོས། གྲོང་ཁྱེར་ལ་གཞིགས་ཏེ་སྲིད་ཇུས་བསྟར་ནས་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱེད་པ་དང་། གླིང་ཁུལ་གྱི་ཐོན་ལས་བཟོ་པ་དག་ལ་ཁ་ཕྱོགས་པའི“CCBགྱན་རུང་ཁྱིམ་གཞིས”ཀྱི་ཡུན་རིང་གླ་གཏོང་སྡེ་ཁུལ་སྐྲུན་པར་འཚོལ་ཞིབ་བྱ་དགོས། གྲོང་ཁྱེར་གྱི་ཆུ་ཚོད་སྐར་མ15དམངས་བདེ་འཚོ་བའི་མུ་ཁྱུད་འཛུགས་སྐྱོང་བྱེད་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཕྱི་ལས་རིགས་ཀྱི་ཞན་ཆ་ཁ་གསབ་དང་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་ནས། སྔར་ལས་ལེགས་པར་མང་ཚོགས་ཀྱི་སྣ་མང་སྤུས་མཐོ་ཅན་གྱི་འཛད་སྤྱོད་དགོས་མཁོ་བསྐང་དགོས།
དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་འདོན་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱ་དགོས། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་རབས་དང་རིམ་པ་མུ་མཐུད་ནས་ལག་བསྟར་བྱེད་པ་སྟེ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། དངུལ་རྩས་ཁེ་ལས་ལ་བྱམས་བརྩེ་གནང་ཞིང་དཀའ་ངལ་སེལ་བའི“སྐྱེལ་བ་གསུམ་དང་ཤུགས་སྣོན་གཅིག”གི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ཀུན་ཕན་དངུལ་རྩས་ཁེ་ལས་སྐྱོང་ཞིང་དམངས་ལ་ཕན་པའི“དུས་ཐོག་ཆར་བ་ལས་གྲྭ”ལག་བསྟར་བྱ་དགོས་ལ། ཁེ་ལས་ཆུང་ཕྲན་གྱི་མ་དངུལ་བསྡུ་རུབ་ལ་འགན་ལེན་དང་གྲོན་དངུལ་གཅོག་པ། སྐྱེད་ཀ་སྤྲོད་པ། བྱ་དགའ་དང་གསབ་དངུལ་སྟེར་བ་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས30དང་། ཁེ་ལས་འབྲིང་ཆུང་ཕྲན1000དང་། ཁྲོམ་རའི་བྱེད་པོ7000ཇེ་མང་དུ་གཏང་དགོས། ཚོང་འདྲེན་མ་འགུགས་སྐོར་གྱི“འགུལ་སྐྱོད་ཆེན་པོ་དྲུག”མགྱོགས་པོར་ལག་བསྟར་བྱས་ནས་ལོ་ཧྲིལ་པོའི་ཚོང་འདྲེན་མ་འགུགས་ཀྱི་གན་རྒྱ་བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར1000ཡན་སླེབ་དགོས། སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བརྟག་བཤེར་ཞིབ་དཔྱད་ར་སྤྲོད་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་གཏོང་ཞིང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཕྱིའི་ལས་རིགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་གནས་སྤེལ་དགོས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལག་ཏུ་བསྟར་བ་དང་། “དོན་གཅིག་ཐེངས་གཅིག་གིས་འགྲུབ་པ”སྐུལ་སྤེལ་བྱ་དགོས། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་ལེན་ཚད་ལྡན་དུ་གཏོང་བ་དང་། གན་རྒྱའི་དགོངས་དོན་བརྩི་སྲུང་ནན་མོ་བྱ་དགོས། ཁེ་ལས་ཆུང་འབྲིང་གི་རྩིས་དངུལ་འགྱངས་ཆད་སྔོན་འགོག་དང་ཐབས་སེལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་རྩེ་གྲ་ལ་བརྟེན་ནས་ཚོང་མགྲོན་བསུ་བ་དང་། མི་ཚོགས་སྡུད་པ་དང་། སྙན་གྲགས་རྒྱས་པ་བཅས་བྱ་དགོས།
(གཉིས)ཐོན་ལས་སྦྲེལ་ཐག་དང་གསར་གཏོད་སྦྲེལ་ཐག་མཉམ་འདྲེས་ཁ་མཐུད་ཡོང་བར་སྐུལ་འདེད་བཏང་ནས། ཐོན་ལས་མ་ལག་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། ལྗང་མདོག་དང་ཐཱན་ཉུང་འཁོར་སྐྱོད་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་པར་དམིགས་ཤིང་། ལྷུ་ཚིགས་ཉམས་ཞན་ལ་ཁ་གསབ་རྒྱག་པར་ཤུགས་བསྒྲིམས་ནས། ཐོན་ལས་མ་ལག་གི་རིམ་སྤོར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།
ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས། མཚོ་ལྷོ་ཁུལ་དུ་ཡོད་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་སོགས་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གསར་བ་བཅུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་སོགས་གནད་འགག་ལག་རྩལ་ལ་མུ་མཐུད་དུ་འགག་སྒྲོལ་བྱས་ནས། མཐོ་སྒང་གི་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་བསྐྲུན་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གྱི་ལོ་གསུམ་འགག་གཏོར་འགུལ་སྐྱོད་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། རྨང་གཞི་ཞིབ་འཇུག་གི་ལོ་བཅུའི་འཆར་འགོད་ལག་བསྟར་བྱ་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་འབུར་དུ་དོད་དགོས་པ་དང་། ཐོན་སློབ་ཞིབ་སྤྱོད་བཞི་མཉམ་སྒྲུབ་ཀྱི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་ཁག་ཅིག་སྒྲིག་འཛུགས་བྱ་དགོས། ཆེད་ལས་དང་ཞིབ་ཕྲ། ཁྱད་ལྡན། གསར་རྐྱང་ཅན་ཡིན་པའི་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཅིང་། མཐོ་གསར་ལག་རྩལ་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས40ལྷག་གསར་དུ་འཕར་དགོས། འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་ཅིང་། “ཁུ་ནུ་འཇོན་མིའི”འགུལ་སྐྱོད་འཆར་གཞི་དང་རྨད་བྱུང་འཇོན་མི་གསོ་སྐྱོང་འཆར་གཞི་ལ་སྐུལ་འདེད་གཏོང་བ་དང་། “ལས་གཞི+འཇོན་མི+ལས་སྟེགས”ཀྱི་ཚན་རྩལ་ལ་བརྟེན་ནས་འཇོན་འགུགས་པའི་བྱེད་སྒོ་སྤེལ་ཏེ། སྔར་ལས་ལྷག་པར་སྤྱི་ཚོགས་ཡོངས་སུ་སྙིང་ཐག་པས་འཇོན་མིར་དགའ་བ་དང་། བློ་ཞིབ་མོས་འཇོན་མི་སྐྱོང་བ། ལྷག་བསམ་གྱིས་འཇོན་མི་འགུགས་པ། སེམས་བསྒྲིམས་ནས་འཇོན་མི་བཀོལ་བའི་རྣམ་པ་ཆགས་པར་བྱ་དགོས།
མགྱོགས་མྱུར་གྱིས་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་ཅིང་དར་རྒྱས་སུ་གཏང་དགོས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་བཙན་ས་བསྐྲུན་རྒྱུ་གཙོ་བོར་དམིགས་ནས། བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི“ལས་གྲྭ་ཆེན་པོ་དྲུག”ལག་བསྟར་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ། མདོག་ལྡན་ལྕགས་ཞུ་བཅས་ཁྲག་ཁྲིག་རིམ་པའི་ཐོན་ལས་འདུས་ཚོགས4མགྱོགས་མྱུར་ངང་བསྐྲུན་དགོས། རྨང་གཞིའི་ལིས་ཚྭ་དང་ཐཱན་སྐྱུར་ལིས་དག་མ་སོགས་ཀྱི་ཐོན་ནུས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཚྭ་མཚོའི་ཐོན་ལས་རྒྱུ་ཆ་གསར་བའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་ཁྲིད་སྟོན་བྱ་དགོས། ཐེན་ཧོ་འོད་ནུས་དང་ཨ་ཐེ་སི་ནུས་ཁུངས་གསར་བའི་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་དང་ཧྥུ་ཏིའི་སྒུལ་ཤུགས་གློག་སྨན་གསར་བ། ཀྲུང་ཧྥུའུ་ཧྲིན་ཡེན་ཐཱན་ཚི་སྣ་སོགས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཆིང་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱས་ནས། ནུས་ཁུངས་གཙང་མ་སྔར་ལས་ལེགས་པའི་སྒོ་ནས་ཐོན་ལས་དགེ་མཚན་དུ་བསྒྱུར་དགོས། གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་པོར་སྐུལ་སྤེལ་བྱེད་པ་དང་། ཟི་ལིང་གི་རྒྱལ་ཁབ་རིམ་པའི་སྦྲེལ་དྲའི་གཙོ་རྐང་ཐད་འབྲེལ་གནས་བསྐྲུན་ཚར་དགོས། གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་རྩིས་འཇལ་འགག་རྩའི་ལྷུ་ཚིགས་བསྐྲུན་རྒྱུའི་རེ་བ་ཞུ་བ་དང་། མཚོ་བོད་མཐོ་སྒང་གི་གྲངས་འཛིན་ཐོན་ལས་གཅིག་སྡུད་ཁུལ་བསྐྲུན་ནས། གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར1000ལས་བརྒལ་ཏེ་དཔལ་འབྱོར་འཕར་བྱེད་ཀྱི་སྒུལ་ཤུགས་གསར་བ་ཆགས་པར་བརྩོན་དགོས།
སྲོལ་རྒྱུན་ཐོན་ལས་ལ་སྒྱུར་བཀོད་རིམ་སྤོར་བྱེད་པར་ནན་འཛིན་བྱ་དགོས། མདོག་ལྡན་ལྕགས་ཞུ་རང་སར་ཕབ་སྒྱུར་བྱེད་པའི་ཆེད་དོན་འགུལ་སྐྱོད་ལག་བསྟར་དང་། ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤོར་བྱེད་པར་རྒྱབ་སྐྱོར་བྱས་ནས། སྲོལ་རྒྱུན་ཐོན་ལས་དེ་ལེགས་གྲས་དང་རིག་ནུས་དང་ལྗང་མདོག་གི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་དགོས། མ་བཅོས་རྒྱུ་ཆའི་བཟོ་ལས་དང་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་ཀྱི་ནུས་སྲི་ཐཱན་གཅོག་དང་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་ཟད་གྲོན་ཆེ་བ་དང་བཙོག་འབུད་མང་བའི་ལས་གཞིའི་ཐོན་ནུས་བརྗེ་སྒྱུར་ཇེ་མགྱོགས་སུ་གཏང་དགོས། གཙོ་གནད་ལས་རིགས་ལ་སྐས་རིམ་རྣམ་པའི་གློག་རིན་དོན་འཁྱོལ་དང་། ལས་རིགས་ཀྱི་ནུས་འབྲས་ཀྱི“སྔོན་བསྐྱོད་པ”འདེམ་སྒྲུག་བྱེད་པ་དང་། གཞི་ཁྱོན་ཡན་གྱི་ལས་བཟོ་སྡེ་ཚན་གྱི་འཕར་ཐང་གི་ནུས་ཁུངས་ཟད་གྲོན་མར་ཆག་པར་སྐུལ་འདེད་གཏང་དགོས། ཐཱན་རྩེར་སོན་གྱི“འགུལ་སྐྱོད་ཆེན་པོ་བཅུ”ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཐཱན་མེད་ཐོན་ལས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རླུང་འཁོར་དང་ལིས་གློག་སྨན། གཞི་གྲངས་ཆེན་པོ་སོགས་གཙོ་གནད་ཐོན་ལས་རྣམ་གྲངས་ཁག་ཅིག་ནང་འདྲེན་བྱས་ནས། རྒྱལ་ཁབ་ཀྱི་ཐཱན་རྩེར་སོན་གྱི་དཔེ་མཚོན་རང་བཞིན་དང་ཚབ་བྱེད་རང་བཞིན་གྱི་གླིང་ཁུལ་དུ་འཇོག་པར་བརྩོན་དགོས།
(གསུམ)སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་རྒྱུན་མཐུད་སྒོས་བསྐྲུན་ནས། “ཀྲུང་ཧྭའི་ཆུ་གཏེར”ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱ་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་རླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཇེ་བརྟན་དང་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས།
ཆུ་ཚད་མཐོན་པོའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་དགོས། མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཚན་རིག་དང་མཐུན་པར་བཟོ་བ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་སྲ་བརྟན་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་དགོས། རྒྱལ་ཁབ་ཀྱི་དོན་གཅོད་དབང་ཆ་དང་སྲིད་ཇུས་ལོངས་སྤྱོད་ཡག་པོ་བྱས་ཏེ་ལས་བགོས་ལུགས་མཐུན་དང་འགན་དབང་ཁ་གསལ་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཡུན་ཕན་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་འཛུགས་སྐྱོང་བྱ་དགོས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་སྐུལ་འདེད་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་འགན་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལས་མཚོ་སྔོན་ཡུག་ཁུལ་གྱི་དུས་མགོའི་བྱ་བ་ལེགས་འགྲུབ་བྱེད་པ་དང་། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་འཛུགས་པར་སྐུལ་འདེད་བཅས་གཏང་དགོས། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དང་རང་བྱུང་ཐོན་ཁུངས་གཉེར་སྐྱོང་དོ་དམ་ཚོད་ལྟའི་བྱ་བ་སྤེལ་ནས། རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་དང་སློབ་གསོ་སོགས་ཕྱོགས་བསྡུས་ནུས་པ་ཇེ་ཆེར་གཏང་དགོས། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་མུ་མཐུད་ཡག་པོ་གཉེར་ནས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་ལེགས་པར་ངོམ་དགོས།
སྤུས་ཚད་མཐོན་པོའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་དགོས། རི་ཆུ་ནགས་ཞིང་མཚོ་སྤང་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། སྟོབས་ཤུགས་ཆེན་པོས་གཙོ་གནད་སྐྱེ་ཁམས་ཁུལ་ལ་སྲུང་སྐྱོབ་ཉམས་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་གཙོ་གནད་ལས་གྲྭ་ཁག་གཅིག་ལག་བསྟར་བྱ་དགོས། རེས་གསར་བའི་རྒྱལ་ཁོངས་ལྗང་སྒྱུར་བྱེད་པ་དང་ས་ནག་ཅན་གྱི་རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་འཆར་གཞིའི་མགོ་བརྩམས་ཏེ། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི400དང་། བྱེ་འགོག་བྱེ་བཅོས་མུའུ་ཁྲི120དང་། ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པ་སྤྱི་ལེ་གྲུ་བཞི་མ450བཅས་ལེགས་འགྲུབ་བྱ་དགོས། སྤུས་ཚད་མཐོན་པོའི་སྒོ་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཚར་དགོས། གནམ་སྔོན་ཆུ་དྭངས་ས་གཙང་སྲུང་སྐྱོང་བྱེད་པའི་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་རྒྱག་པ་དང་། སྦགས་བཙོག་དངོས་པོར་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་དགོས། ས་རྒྱུ་དང་ས་འོག་ཆུ། ཉེན་ཆེའི་ཟོག་རོ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པར་ཤུགས་སྣོན་པ་དང་། ཞིང་ལས་ཀྱི་གནས་ངེས་མེད་དང་བཟོ་ལས་ཀྱི་གནས་ངེས་གཏན་གྱི་སྦགས་བཙོག་གོ་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ནམ་མཁའ་སྔར་ལས་གཡའ་དག་པ་དང་། རི་བོ་སྔར་ལས་སྔོ་ཞིང་ལྗང་བ། ཆུ་བོ་སྔར་ལས་དྭངས་ཞིང་གཙང་བ། ཁོར་ཡུག་སྔར་ལས་མཛེས་ཤིང་སྡུག་པ་བྱ་དགོས།
ཚད་གཞི་མཐོན་པོའི་སྒོ་ནས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྒྱལ་ཁོངས་བར་སྟོངས་ཀྱི་སྤྱིའི་འཆར་འགོད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། “ཐིག་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚོ་སྤང་བྱེ་འཁྱགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་པའི་ཚད་གཞིའི་མ་ལག་སྒྲིག་བཟོ་བྱ་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱིན་གསབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། ཙོང་ཆུ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སུ་སྐྱེ་ཁམས་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏང་དགོས། རྩྭ་ཐང་གི་གསབ་དངུལ་དང་བྱ་དགའི་ལམ་ལུགས་དོན་འཁྱོལ་བྱེད་པ་ད་ང་། རྩྭ་ཕྱུགས་དོ་མཉམ་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱ་དགོས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དེ་རིན་དོད་ཡོད་པར་བེད་སྤྱོད་གཏོང་བའི་ལམ་ལུགས་ལ་རྒྱུན་མཐུད་ངང་བཅོས་སྒྱུར་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་རིན་ཐང་ཞིབ་རྩིས་དང་མངོན་འགྱུར་བྱེད་པའི་ལས་སྟེགས་འཛུགས་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་གྱི་ཚོད་ལྟའི་གནས་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་གསར་བ་ཆགས་པར་སྐུལ་འདེད་གཏང་དགོས།
(བཞི)བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ། ནང་གནས་སྒུལ་ཤུགས་སྐུལ་སློང་དང་འཕེལ་རྒྱས་བར་སྟོངས་རྒྱ་སྐྱེད་གཏང་དགོས། གནད་འགག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཐབས་བཀོད་ཁག་ཅིག་འཐུས་ཚང་དུ་གཏོང་བ་དང་། ཕྱི་ནང་ཕྱོགས་གཉིས་སུ་སྒོ་འབྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཁྲོམ་རའི་གསོན་ཤུགས་ཇེ་སྟོབས་དང་འཕེལ་རྒྱས་གཏིང་ཤུགས་ཇེ་ཐོན་བྱ་དགོས།
“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”དོན་འཁྱོལ་ཏན་ཏིག་བྱ་དགོས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་འདྲ་མཉམ་གྱི་རྣམ་འགྱུར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་གཉེར་ཁེ་ལས་ཀྱིས་ལས་དོན་སྒྲུབ་ཕོད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་རྣམ་པ་གཏོད་ཕོད་པ། ཕྱི་ཕྱོགས་ཁེ་ལས་ཀྱིས་མ་དངུལ་འཇོག་ཕོད་པའི་ལམ་ལུགས་ཀྱི་ཁོར་ཡུག་འཐུས་སྒོ་ཚང་དུ་གཏང་དགོས། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཉེན་འགོག་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། རེས་གསར་བའི་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་མཐོར་འདེགས་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། མ་རྩར་དོ་དམ་བྱེད་པ་གཙོ་ཡིན་པའི་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏང་དགོས་ལ། ཞིས་ཀང་སོགས་རྒྱལ་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་དཀའ་གནད་སེལ་བར་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྣམ་པ་ལྟར་རྒྱལ་གཉེར་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་པར་གོམ་ཁ་བརྟན་པོར་སྐུལ་འདེད་གཏོང་བ། གསར་གཏོད་ཅན་གྱི་རྒྱལ་གཉེར་ཁེ་ལས་ཁག་གཅིག་གཏོད་དགོས། སྲིད་ཚོང་བར་གྱི་ཉེ་གཙང་འབྲེལ་བ་འཛུགས་སྐྱོང་བྱེད་པ་དང་། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་ཁྲོམ་རར་ཞུགས་འཐུས། མ་དངུལ་གྱི་རྒྱུ་རྐྱེན་གཙོ་བོ་ཐོབ་ལེན་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་ཡར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱ་དགོས།
གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་སར་སྤེལ་དགོས། ཁྲོམ་རར་ཞུགས་འཐུས་ཀྱི“རྒྱལ་ཡོངས་གསལ་ཐོ་གཅིག”གི་དོ་དམ་བྱེད་སྟངས་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་རང་འགུལ་ངང་འདྲེས་པར་བྱ་དགོས། ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཞིང་ཆེན་གྱིས་འོག་རིམ་ལ་གཏོང་སྤྲོད་སྤོ་བསྒྱུར་བྱེད་གྲངས་བསྟུད་མར་ཇེ་མང་དུ་གཏོང་བ་དང་། ནོར་སྲིད་མ་དངུལ་རྒྱུན་རྣམ་ཅན་དུ་ཐད་ཀར་འབྱོར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱི“འགན་སྲུང་གསུམ”གྱི་བྱ་བར་རྒྱབ་སྐྱོར་སྔར་ལས་ལེགས་པོ་བྱ་དགོས། ཟི་ལིང་གི་རྒྱལ་ཁབ་རིམ་པའི་ཀུན་ཕན་དངུལ་རྩའི་བཅོས་སྒྱུར་ཚོད་ལྟ་ཁུལ་གང་མགྱོགས་སྒོས་འཛུགས་པ་དང་། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་སོགས་ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། རོང་འབྲོག་ཁུལ་གྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་བསྟུད་མར་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་སྐྱེད་དང་མཁོ་ཚོང་། ཡིད་རྟོན་བཅས“ཕྱོགས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་མཉམ་ལས་ཀྱི་ཚོད་ལྟའི་གནས་གོམ་ཁ་བརྟན་པོར་སྤེལ་དགོས།
ཤུགས་བཏོན་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དགེ་མཚན་གསར་བ་གཏོད་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་སྟེགས་ལེགས་པར་བཀོད་ཅིང་རྒྱས་པར་སྐྲུན་པ་དང་།ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་དང་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་ཕན་མཐོ་སྒོས་འཁོར་སྐྱོད་བྱ་དགོས། ན་གོར་མོའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཞིང་། ནུབ་རྒྱུད་ཀྱི་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་བ་དང་ཀྲུང་བལ་ཉོ་ཚོང་གི་སྐམ་སའི་བགྲོད་ལམ་འཛུགས་སྐྲུན་བྱེད་པར་ཟབ་ཞུགས་བྱ་དགོས། ཡོ་རོབ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མར་གཏོང་བའི་དུས་གཏན་མེ་འཁོར་གྱི་ཟོག་ཁུངས་རྩ་འཛུགས་བྱེད་པར་ཤུགས་སྣོན་པ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་རྫས་ཕྱིར་གཏོང་གཞི་ཁྱོན་རྒྱ་བསྐྱེད་དགོས། ཕྱི་ཕྱོགས་ཚོང་དོན་རིགས་སྒྱུར་རིམ་སྤོར་བྱེད་པའི་དཔེ་སྟོན་རྟེན་གཞི་ཁག་གཅིག་གསར་དུ་བསྐྲུན་ཏེ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར20%ཡན་འཕར་བར་བྱ་དགོས། ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཀྲུང་དབྱང་གི་གནས་ཁེལ་རོགས་སྐྱོར་བཅས་གཏིང་ཟབ་ཏུ་སྤེལ་དགོས། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་གླིང་མཉམ་སྐྲུན་དང་ཐོན་ལས་སྤོ་སྒྱུར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏང་དགོས། མཚོ་སྔོན་ཚོང་གཏམས་གྲོས་ཚོགས་དང་མཚོ་སྐོར་ལྕགས་རྟ་འགྲན་བསྡུར། སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་བཅས་ཀྱི་ཤུགས་རྐྱེན་ཐེབས་རྒྱ་མུ་མཐུད་ཇེ་ཆེར་གཏོང་བ་དང་། ཕྱི་ཕྱོགས་སུ་སྤེལ་རེས་དང་བརྒྱུད་སྒྲོག་བྱེད་པར་ཤུགས་བསྣན་ནས། མཚོ་སྔོན་གྱི་གཏམ་རྒྱུད་སྙན་མོ་བཤད་ཅིང་།མཚོ་སྔོན་གྱི་སྣང་བརྙན་ལེགས་པོ་མངོན་དགོས།
(ལྔ)གྲོང་ཁྱེར་གྲོང་གསེབ་དང་ས་ཁོངས་ཕན་ཚུན་བར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་སྤྱི་ཁོག་ཕན་འབྲས་ནུས་ལྡན་སྒོས་ཇེ་ཆེར་གཏང་དགོས། ཞིང་ཆེན་ཡོངས་མིག་མངས་འགྲིག་སྐོར་གཅིག་ཏུ་ལྟ་བ་རྒྱུན་འཁྱོངས་བྱེད་ཅིང་། མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་དང་ས་ཁོངས་དབར་མཉམ་ལས་མཉམ་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས།
གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་པོ་བརྒྱད”གཞི་རྟེན་བྱས་ཏེ། ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་སྤེལ་ལྔ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་འདོན་གནས་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་ཀྱི“རྫས་གསུམ་རྟགས་གཅིག”མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱ་དགོས། ནོར་ཆིག་སྟོང་དང་ལུག་ཆིག་སྟོང་གི་ཐོན་སྐྱེད་རྟེན་གཞི་ཚད་ལྡན་ཅན100སྐྱེད་སྲིང་བྱེད་པ་དང་། ནས་དང་སྣུམ་རྒྱུ། འཕང་འབྲས། སྣེའུ་འབྲུ། འཁྱགས་ཆུའི་ཉ་རིགས། གྲོང་གསེབ་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཅིང་། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་ཁག་ཅིག་སྒྲིག་འཛུགས་བྱ་དགོས། “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”འགུལ་སྐྱོད་སྐུལ་སྤེལ་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས“སྡེ་བ་སྟོབས་ཆེན་གཏོང་བའི”ལས་གྲྭ་ལག་བསྟར་བྱ་དགོས། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་འཇལ་རོགས་སྐྱོར་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་དང་། གཙོ་གནད་རོགས་སྐྱོར་རྫོང་དང་ཡུལ་གཞན་གནས་སྤོ་ལ་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་གནས200དང་མཐོ་སྒང་མཛེས་པའི་གྲོང་གསེབ300ལག་བསྟར་བྱ་དགོས། ཞིང་ཆེན་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ་སྤྱི་ལེ2000གསར་སྐྲུན་དང་རྒྱས་སྐྲུན་བྱེད་པ་དང་། གློག་དྲ་ཆེན་མོ་འཐེན་མེད་པའི་ཤང10ཡི་གློག་བཀོལ་བའི་གནད་དོན་ཐག་གཅོད་པར་སྐུལ་དགོས། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཆུ་ཚད་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཐོར་འདེགས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་བསྟུད་མར་སྤེལ་ཞིང་། འཚོ་བ་སྐྱེལ་བ་དང་ལས་ཀ་གཉེར་བར་འཚམ་པའི་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་མགྱོགས་པོར་འཛུགས་སྐྲུན་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་རང་ས་རང་ཡུལ་དུ་དེང་རབས་དཔལ་ཡོན་རྒྱས་པའི་འཚོ་བ་རོལ་ཐུབ་པ་བྱ་དགོས།
མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བར་སྐུལ་སྤེལ་ཏན་ཏིག་གཏང་དགོས། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་དང་གྲོང་ཁྱེར་གྱི་སྲོག་རྩའི་ལས་གྲྭ་ལག་བསྟར་བྱེད་པ་དང་། གཞིས་ཁུལ་རྙིང་བ་དང་། འབར་རླངས་དང་བཙོག་ཆུ་སོགས་ས་འོག་སྦུག་དྲའི་སྒྱུར་བཀོད་ཇེ་མགྱོགས་སུ་གཏང་དགོས། གྲོང་ཁྱེར་གྱི་ཞོད་ཆུ་བཅོས་སྐྱོང་དང་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ་དང་། སྤྱི་པའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ལས་གཞི་ཁག་ཅིག་འཛུགས་སྐྲུན་བྱས་ཏེ། འཚོ་སྡོད་ལ་འཚམ་ཞིང་གནོད་འཚེ་བཟློག་ནུས་པའི་རིག་ལྡན་གྲོང་ཁྱེར་བསྐྲུན་དགོས། རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱེད་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྫོང་མཁར་གྱི་ཐོན་ལས་ཆ་འགྲིག་སྒྲིག་བཀོད་ཀྱི་སྤུས་འདེགས་ནུས་སྤེལ་དང་། གྲོང་སྲིད་ཀྱི་སྤྱི་སྤྱོད་སྒྲིག་བཀོད་ཀྱི་གདང་སྒྱུར་རིམ་སྤོར། སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཀྱི་ཚད་འདེགས་རྒྱ་སྐྱེད། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་སྤར་ནུས་སྐྱེད་བཅས་ལ་སྐུལ་འདེད་བྱ་དགོས་ཤིང་། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མིར་བསྒྱུར་བའི་རྐྱེན་སྲོལ་དང་ཆ་འགྲིག་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཁར་གྲོང་གི་བྱེད་ནུས་དེ་མང་ཚོགས་ཀྱི་དགོས་མཁོ་དང་སྔར་བས་མཐུན་པ་བྱ་དགོས།
ས་ཁོངས་འཕེལ་རྒྱས་ཀྱི་འཕར་སྣེ་གསར་བ་ཧུར་ཐག་གིས་སྐྱེད་སྲིང་བྱ་དགོས། རྒྱལ་ཁབ་ཀྱི་བྱེད་པོའི་རྩོལ་ནུས་ཁུལ་གྱི་འཆར་འགོད་དོན་འཁྱོལ་བྱས་ཏེ། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་བཅས་སུ་ཟབ་འདྲེས་བྱ་དགོས། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་དང་། ཟི་ལིང་དང་མཚོ་ཤར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཁེབས་ཚད་དོ་སྙོམས་ཅན་དང་རྨང་གཞིའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། ཚྭ་འདམ་གྱི་ཐོན་ཁུངས་དགེ་མཚན་ཅན་ཕྱོགས་བསྡུས་གསར་སྤེལ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ན་གོར་མོ་དེ་ཞིང་ཆེན་མངའ་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་བ་ཡིན་པའི་ཆ་ནས་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་བ་དང་། གུང་ཧོའི་ས་ཁོངས་ལྟེ་བའི་གྲོང་ཁྱེར་སྐྱེད་སྲིང་བྱ་དགོས་ལ། རེབ་གོང་དང་མདའ་བཞིར་མཐོ་སྒང་རིག་གནས་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་སྐྲུན་པ་དང་། ཡུལ་ཤུལ་དུ་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་པ་དང་། རྨ་ཆེན་དུ་མཐོ་སྒང་གི་གངས་ལྗོངས་གྲོང་གསར་སྐྱེད་སྲིང་བྱས་ཏེ། རང་གི་མཛེས་པ་རང་གིས་ངོམ་ཞིང་། མཛེས་པ་སོ་སོ་མཉམ་དུ་གནས་པའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་འགྲུབ་པར་བྱ་དགོས།
(དྲུག)གཞི་རྩའི་སྤྱི་པའི་ཞབས་ཕྱི་ཇེ་ལེགས་སུ་བཏང་སྟེ། དམངས་འཚོའི་བདེ་སྐྱིད་མུ་མཐུད་དུ་ཇེ་ཆེར་གཏང་དགོས། སྔར་ལས་ལྷག་པར་དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བའི་ཐབས་བཀོད་སྤྱད་ཅིང་། ནོར་སྲིད་འགྲོ་སོང་གི75%ཡན་ཆད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་བཀོལ་ནས། བློ་སེམས་ཞིབ་མོ་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནས་སྤུས་ཀ་ལེགས་པའི་འཚོ་བ་བསྐྲུན་དགོས།
ལས་ཞུགས་དང་ལས་གཏོད་ཀྱི་ཡོང་འབབ་འཕར་བར་སྟོབས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱ་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཞིབ་ཚགས་སྒོས་དོན་འཁྱོལ་བྱེད་ཅིང་། ལས་ཞུགས་དང་ལས་གཏོད་ཀྱི་སྤུས་འདེགས་ནུས་སྤེལ་ལས་གྲྭར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། ལས་ཞུགས་སྡུད་ལེན་གྱི་ནུས་པ་ཆེན་པོ་ཡོད་པའི་ཐོན་ལས་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཅིང་འཕེལ་རྒྱས་སུ་གཏོང་བ་དང་། གཞུང་ཞབས་པ་དང་ལས་དོན་སྡེ་ཚན་གྱི་མི་སྣ་སྡུད་ལེན་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི་སྣ་གདན་བསྐོ་བྱེད་པའི་བྱ་བ་གཅིག་འདོམས་ཀྱིས་ཡག་པོར་བསྒྲུབས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱས་ཕྱོད85%ཡན་དུ་ཡོད་པ་ཁག་ཐེག་བྱ་དགོས། ལས་རིགས་ཀྱི་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསབ་དངུལ་རང་བཞིན་གྱི་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི10ཡོད་དགོས། འཐེན་ཐུག་དང་མཚོ་དྲུབ། འཕང་འབྲས་འཐུ་བ་སོགས་ཁྱད་ལྡན་ངལ་ལས་ཟོང་རྟགས་མུ་མཐུད་སྐྲུན་པ་དང་། ཞིང་པ་གཞན་ཡུལ་ལ་ལས་ཀ་གཉེར་དུ་འགྲོ་བར་རྩ་འཛུགས་ལྡན་ཚད་ཇེ་མཐོ་རུ་གཏང་དགོས། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་པར་ཤུགས་སྣོན་པ་དང་། གླ་ཆ་ཆད་འགྱངས་རྩ་བཅོས་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཡོང་འབབ་བགོ་བཤའི་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། གླ་ཕོགས་ལུགས་མཐུན་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ལ། ཡོང་འབབ་དམའ་གྲས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བ་དང་། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་ཇེ་མང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ངལ་རྩོལ་ཡོང་འབབ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཐོབ་ལམ་རྒྱ་ཆེར་གཏང་དགོས།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་པར་བརྩོན་དགོས། དུས་རབས་གསར་བའི་མི་གཞི་ཀུན་སྤྱོད་སྐྱོང་བའི་ལས་གྲྭ་ལག་བསྟར་བྱེད་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་བསླབ་ཚན་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གོམ་ཁ་བརྟན་པོར་སྐུལ་སྤེལ་བྱེད་པ་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཏན་ཏིག་གིས་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པ་དང་། སློབ་གསོ་གྲངས་འཛིན་ཅན་དུ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས། སློབ་སྔོན་སློབ་གསོའི་འཕེལ་རྒྱས་མཐོར་འདེགས་ལས་གྲྭ་དང་འགན་བབས་སློབ་གསོའི་ཉམས་ཞན་མཚམས་ཚིགས་ལེགས་སྒྱུར་དང་ནུས་པ་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་པ་དང་།“སྙུང་གཉིས”ཀྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་བྱ་དགོས། རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མའི་འཕེལ་རྒྱས་མཐོར་འདེགས་འགུལ་སྐྱོད་ཀྱི་འཆར་གཞི་སྤེལ་བ་དང་། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་སྤེལ་གང་འཚམ་བྱ་དགོས། ལས་རིགས་ལག་རྩལ་གྱི་དངོས་གཞིའི་སློབ་ཆེན་མགྱོགས་མྱུར་ངང་སྒྲིག་འཛུགས་བྱེད་པ་དང་། སློབ་ཆེན་གྱི“རྩེ་གྲ་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སུ་མྱུར་མཁོའི་རིག་ཚན་དང་རྨང་གཞིའི་རིག་ཚན། སྣོལ་འདྲེས་རིག་ཚན་བཅས་ཀྱི་བསླབ་རིམ་སྩོལ་གནས་ཁག་ཅིག་གསར་འཛུགས་བྱེད་པ་དང་། ཟི་ལིང་སློབ་ཆེན་གྱི་སློབ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་ཏེ། བྱིས་པ་ཚང་མར་སྔར་ལས་ལེགས་པའི་སློབ་གསོ་ཐོབ་ཏུ་འཇུག་པར་བརྩོན་དགོས།
ཕྱོགས་མཐའ་ཀུན་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། པྲོག་གསར་ནད་དུག་འགོས་པར་བརྟན་རླིང་རིམ་ལྡན་སྒོས“རིགས་ཁ་པར་ཁ་པའི་དོ་དམ”ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་སྨན་བསྟེན་སྨན་བཀོལ་དང་རིམས་འགོག་མཁོ་ཆས་ཀྱི་དགོས་མཁོ་འགན་སྲུང་ཡག་པོ་བྱ་དགོས། གཞི་རིམ་གྱི་རིམས་ནད་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལོ་ལོན་དང་བྱིས་པ། ནད་པ། དབང་བོ་སྐྱོན་ཅན། སྦྲུམ་མ། རྨང་གཞིའི་ནད་རྙིང་ཡོད་པའི་མི་ཚོགས་བཅས་ཀྱི་འགོག་སྲུང་དང་སྐྱོབ་བཅོས་ལ་ཤུགས་སྣོན་པ་དང་། ཤུགས་བརྒྱབ་ནས་བདེ་ཐང་མི་ཤོར་བ་དང་ལྗིད་ནད་མི་འཕོག་པ་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བའི་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་ཏེ། མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་དཔལ་ཡོན་བདེ་ཐང་གི་འཚོ་བ་རོལ་སྟངས་ཆགས་སུ་འཇུག་དགོས། སྤྱི་པའི་འཕྲོད་བསྟེན་དང་འགོས་ནད་ལྟ་འཇལ་འགོག་སྡོམ། འཚུབ་ཟློག་དང་ལེན་མ་ལག་བཅས་ཆ་ཚང་བ་འཛུགས་པ་དང་། ནད་རིགས་སྔོན་འགོག་དང་ཚོོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་དང་སྔོན་འགོག་མཉམ་སྒྲུབ་དང་། སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ཀྱི་རྐྱེན་སྲོལ་གསར་དུ་གཏོད་དགོས། “སྨན་ལྔ”མཉམ་འགུལ་བཅོས་སྒྱུར་ཟབ་སྤེལ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་དང་། མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་ས་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱ་དགོས། ཀྲུང་ལུགས་བོད་ལུགས་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཐོན་ཁུངས་སྤུས་ལེགས་ཀྱི་ཤོང་རྒྱ་བསྐྱེད་པ་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏང་དགོས། ཞིང་སྡེ་དང་མཐའ་འཁོབ་ཀྱི་སྨན་བཅོས་ཐོན་ཁུངས་ཇེ་མང་དུ་གཏོང་བ་དང་། ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྟབས་བདེ་མང་ཙམ་བསྐྲུན་པ་དང་ཁུར་པོ་ཇེ་ཉུང་དུ་གཏང་དགོས།
གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་གོམ་ཁ་བརྟན་པོར་ཇེ་མཐོར་གཏང་དགོས། མི་འབོར་ན་རྒས་ཅན་དང་བུ་ཉུང་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏད་བཅགས་ཏེ། ཀུན་ཕན་རྒན་གསོའི་ཆེད་དོན་འགུལ་སྐྱོད་དང་སྡེ་ཁུལ་གྱི་སྨན་གསོ་ཟུང་འབྲེལ་ནུས་པ་མཐོར་འདེགས་འགུལ་སྐྱོད་སྤེལ་བ་དང་། དུད་ཁྱིམ2000ལ“ཁྱིམ་ཚང་གི་རྒན་གསོ་ཉལ་ཁྲི”འཛུགས་སྐྲུན་བྱེད་དགོས། མུ་མཐུད་དུ་ལོ70ཡན་གྱི་ལོ་ལོན་ཁྲི35.5ལ་ན་མཐོ་གསབ་དངུལ་སྟེར་བ་དང་། ལོ་ལོན་ཁྲི12.2ལ་སྲིད་གཞུང་གིས་རྒན་གསོའི་ཞབས་ཕྱི་ཉོ་སྒྲུབ་བྱ་དགོས། ཕྲུ་གུ་བཙའ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས“ལོ་ལོན་དང་བྱིས་པའི”བདེ་སྐྱིད་སྲུང་སྐྱོང་བྱ་དགོས། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་གནད་དུ་ཁེལ་བར་ལག་བསྟར་བྱེད་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཁྱབ་རྒྱ་དེ་ཇེ་བརྟན་དང་ཇེ་ཆེར་གཏང་དགོས། ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོ་འགན་བཅོལ་དེ་རྒྱལ་ཡོངས་གཅིག་འདོམས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་གཟིགས་སྐྱོང་ཆུ་ཚད་མུ་མཐུད་ཇེ་མཐོར་གཏང་དགོས། མཁར་གྲོང་གི་གཞིས་ཁུལ་རྙིང་བའི་ཁང་བ་ཁྲི3.4སྒྱུར་བཀོད་བྱེད་པ་དང་། དུད་ཁྱིམ་ཁྲི4ལ་རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་ལག་བསྟར་བྱ་དགོས། རྨ་སྟོད་དང་མིན་ཡོན་གྱི་ས་ཡོམ་དང་། ཏ་ཐུང་གི་ཆུ་ལོག ཧུའུ་ཀྲུའུ་ཡི་ས་གཤིས་གནོད་འཚེ་སོགས་ཀྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རིགས་དང་རིམ་པ་བགོས་པའི་སྤྱི་ཚོགས་སྐྱོབ་རོགས་མ་ལག་ཆ་ཚང་འཛུགས་པ་དང་། རིམས་ནད་དང་གནོད་འཚེའི་རྐྱེན་ཀྱིས་དཀའ་ངལ་ལ་འཕྲད་པའི་མང་ཚོགས་དང་དམིགས་བསལ་མི་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས། བུད་མེད་དང་ནར་མ་སོན་པའི་མི། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཕན་བདེ་དང་དགེ་ལས་བྱ་བ་ལེགས་པོར་བསྒྲུབ་དགོས། རིག་གནས་དམངས་ཕན་ལས་གྲྭ་གསར་གཏོད་དང་ལག་བསྟར་བྱེད་པ་དང་། རིག་གནས་ཀྱི་བརྩམས་ཆོས་ལེགས་ཤོས་གསར་རྩོམ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱིས་ལྟ་འདོད་ཉན་འདོད་ཡོད་པའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རྒྱང་སྒྲོག་བརྙན་འཕྲིན་དང་སྨྱན་སྦྱོར་གསར་བའི་ཁྱབ་སྤེལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞིང་། ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་བྱ་དགོས།
མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་གཙོ་ཐིག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱག་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ་དང་། ォཀྲུང་ཧྭ་མི་རིགས་འགྲོ་འོང་དང་འབྲེལ་འདྲིས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་དཔྱད་ཡིག་ཕྱོགས་བསྒྲིགསམཚོ་སྔོན་གྱི་བམ་པོ塀 རྩོམ་སྒྲིག་བྱེད་པ་དང་། ォདེང་རབས་རྒྱ་ཡིག་ཚིག་མཛོདサརྒྱ་བོད་ཤན་སྦྱར་མ་ཆ་ཚང་བ་སྒྲིག་སྒྱུར་བྱས་ཚར་དགོས། “བཅུ་སྐྱེལ”གསར་སྐྲུན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་སོ་སོ་འགྲོ་འོང་དང་འབྲེལ་འདྲིས་དང་མཉམ་འདྲེས་ཀྱི་འགུལ་སྐྱོད་ཚན་པ་བཅུ་ལག་བསྟར་བྱེད་ཅིང་། ཟི་ལིང་གྲོང་ཁྱེར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་གྲོང་ཁྱེར་དུ་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། ཉམས་མྱོང་དཔེ་མཚོན་ཅན་ཁྱབ་གདལ་དང་། ཟོང་རྟགས་ཁྱད་ཆོས་ཅན་སྐྱེད་སྲིང་བྱེད་པ་དང་། ད་དུང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་སྐོར་ཞིག་གསར་སྐྲུན་དང་མིང་འདོགས་བྱ་དགོས། “མི་རིགས་མཐུན་སྒྲིལ+”ཡིི་མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་གསར་གཏོད་དང་སྐུལ་འདེད་བྱེད་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ལས་གཞི་མགྱོགས་མྱུར་ངང་ལག་བསྟར་བྱ་དགོས། མཚོ་སྔོན་ཀན་སུའུ་སི་ཁྲོན་གྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་ལས་གྲྭ་ཟབ་སྤེལ་དང་རྒྱ་སྐྱེད་གཏང་དགོས་ལ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་བསྟུན་པར་ཁྲིད་སྟོན་བྱེད་ཅིང་། འཕེལ་རྒྱས་ཡོད་དོ་ཅོག་ལ་མི་སེམས་གཅིག་སྡུད་དང་དམངས་འཚོ་ལེགས་བཅོས་ཀྱི་དོན་སྙིང་བསྩལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མཚོ་སྔོན་མཐོ་སྒང་དུ་ནམ་ཡང་ལྷམ་མེར་བཞད་ཐུབ་པ་བྱ་དགོས།
མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་རྟག་བརྟན་གྱི་འབད་འཐབ་དམིགས་འབེན་ཡིན། ད་ལོར། ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་སྟོབས་ཤུགས་གཅིག་བསྡུས་སྒོས་དམངས་འཚོའི་སྐོར་གྱི་དོན་དངོས་ལས་གཞི་སྐོར་ཞིག་མུ་མཐུད་དུ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཏེ། དོན་དངོས་རེ་རེ་ལས་དམངས་འཚོར་ཕན་འདོགས་པ་དང་། བྱ་བ་ཙག་ཙིག་ལས་བསོད་ནམས་འཕེལ་བར་བྱས་ནས། མི་སེར་གྱི་འཚོ་བ་སྔར་བས་སྤུས་ཀ་ལེགས་ཤིང་སྔར་བས་དགའ་སྐྱིད་འཛོམས་པར་སེམས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན།
(བདུན)སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྒྱུར་བ་འབུར་དུ་དོད་དེ། ཤུགས་བསྒྲིམས་ནས་བདེ་འཇགས་འཆམ་མཐུན་བརྟན་འཇགས་ཀྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་དགོས། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་རྐང་ཚུགས་ཤིང་། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། བདེ་འཇགས་ཀྱིས་འཕེལ་རྒྱས་འགན་སྲུང་བྱེད་ཅིང་འཕེལ་རྒྱས་ཀྱིས་བདེ་འཇགས་སྐུལ་སྤེལ་བྱ་དགོས།
འབྲུ་རིགས་དང་ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱ་དགོས། འབྲུ་རིགས་བདེ་འཇགས་ཀྱི་འགན་ཁུར་མཐའ་གཅིག་ཏུ་སྒྲུབ་པ་དང་། རྨོ་ཞིང་སྲུང་སྐྱོབ་དང་སྤྱོད་སྒོའི་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི15གསར་དུ་སྐྲུན་པ་དང་། འབྲུ་རིགས་བཏབ་པའི་རྒྱ་ཁྱོན་དང་ཐོན་ཚད་བརྟན་རླིང་ངང་འཕར་བ་མངོན་འགྱུར་བྱ་དགོས། རྒྱལ་ཁབ་རིམ་པའི་སོན་སྐྱོང་རྫོང3གསར་སྐྲུན་བྱེད་པ་དང་། སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི30བསྐྲུན་དགོས། བསིལ་བའི་རང་བཞིན་གྱི་ལོ་ཏོག་སོན་བཟང་གི་བྱང་སྤེལ་རྟེན་གཞི་སྐྲུན་པ་དང་། ཀྲུང་གོའི་འབྲུ་རིགས་ལ་ཀྲུང་གོའི་ཅཱ་ལུད་མང་སྤྱོད་བྱེད་དུ་འཇུག་པའི་འགུལ་སྐྱོད་ཇུས་གཞི་དངོས་སུ་སྤེལ་དགོས། རེས་སྐོར་གསར་བའི་གཏེར་འཚོལ་ཐོད་བརྒལ་འཐབ་ཇུས་ཀྱི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་དངོས་ཟོག་ཉར་གསོག་དང་འགན་སྲུང་བྱེད་པའི་ནུས་པ་ཇེ་ཆེར་གཏང་དགོས།
གནད་ཁེལ་ཕན་ལྡན་གྱི་སྒོ་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཏན་ཏིག་བྱེད་པ་དང་། མཐའ་གཅིག་ཏུ་འཕར་ཚད་གཏན་འགོག་དང་གསོག་ཚད་སེལ་ཐབས་བྱ་དགོས། ནོར་སྲིད་ཀྱི་ཐེག་ནུས་ལ་དཔྱད་དཔོག་བྱེད་པ་དང་། བུ་ལོན་འཇལ་བའི་སྤྲོད་གྲབས་མ་དངུལ་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པའི་ཁྲོད་དུ་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། དངུལ་རྩའི་ལས་ཁུངས་ཀྱི་ཉེན་གནས་དངུལ་བུན་དེ5%མན་དུ་ཚོད་འཛིན་བྱ་དགོས། ཁང་སྤྲོད་འགན་སྲུང་དང་དམངས་འཚོ་འགན་སྲུང་།བརྟན་འཇགས་འགན་སྲུང་བཅས་བྱ་བ་ཏན་ཏིག་གིིས་བསྒྲུབས་ནས། ཁང་ས་ཁྲོམ་ར་བརྟན་རླིང་ངང་འཕེལ་རྒྱས་སུ་འགྲོ་བ་ཁག་ཐེག་བྱ་དགོས།
ཐོན་སྐྱེད་བདེ་འཇགས་དང་གནོད་འགོག་གནོད་སེལ་གྱི་བྱ་བ་དམ་འཛིན་ནན་འཛིན་བྱ་དགོས། ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁ་བསལ་བའི་ཆེད་དོན་སྒྲིག་བཅོས་ལ་བསྟུད་མར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱག་དགོས། “གསལ་ཐོ་གཉིས་དང་རེའུ་མིག་བཞིའི”མ་དཔེ་ཇེ་བརྟན་དང་ཇེ་ཆེར་གཏོང་བ་དང་། དོན་རྐྱེན་ཚབས་ཆེན་དང་ཁྱད་ཆེན་འབྱུང་བ་མཐའ་གཅིག་ཏུ་འགོག་ཟོན་དང་གཏན་འགོག་བྱ་དགོས། རང་བྱུང་གནོད་འཚེ་འགོག་སྲུང་ལས་གྲྭ་ལག་བསྟར་བྱེད་པ་དང་།“མང་ཚོགས་ཀྱིས་འགོག་པ+ལག་རྩལ་གྱིས་འགོག་པ+རིག་ནུས་ཀྱིས་འགོག་པའི”ལྟ་འཇལ་དང་སྔོན་བརྡ་ཉེན་ཟོན་མ་ལག་ཆ་ཚང་བ་འཛུགས་པ་དང་།“བརྡ་གཏོང”རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གུད་སྐྱོབ་དངོས་ཟོག་གྲབས་གསོག་མ་ལག་ལེགས་སྒྱུར་བྱེད་པ་དང་། གཏེར་རི་ཉེན་འགྱུར་གྱི་འཚུབ་ཟློག་རོགས་སྐྱོར་རྟེན་གཞི་དང་ཞིང་ཆེན་རིམ་པའི་འཚུབ་ཟློག་དངོས་ཟོག་དང་སྒྲིག་ཆས་ལ་ཕྱོགས་བསྡུས་འགན་སྲུང་རྟེན་གཞི་མགྱོགས་མྱུར་ངང་བསྐྲུན་དགོས།
ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། དུས་རབས་གསར་བའི“ཧྥིན་ཆོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། མང་ཚོགས་ཀྱི་རེ་ཞུ་བརྗོད་པ་དང་ཁེ་དབང་འགན་སྲུང་བྱེད་པའི་ཐབས་ལམ་གེགས་མེད་བཟོ་བ་དང་། མི་དམངས་ཀྱི་ཡིག་སྐུར་ངོ་བཅར་བྱ་བའི་སྤུས་འབྲས་ཇེ་མཐོར་གཏང་དགོས། ལོ་འཁོར་ནང་རྫོང་རིམ་པའི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞིའི་འདུམ་འགྲིག་ལྟེ་གནས་ཡོངས་སུ་ཁེབས་པ་བྱ་དགོས། “ལྔ་བརྒྱད”ཁྲིམས་ཁྱབ་སྐུལ་སྤེལ་བྱེད་པ་དང་། སྤྱི་པའི་ཁྲིམས་ལུགས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། དགྲ་འཛིན་སྟོབས་ཤུགས་གྱིས་སིམ་འཛུལ་དང་གཏོར་བཤིག རྩ་སློག ཁ་བྲལ་བཅས་ཀྱི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏང་དགོས། སྤྱི་ཚོགས་བདེ་སྲུང་གི་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྲོ་བར་སྐུལ་བ་དང་། ཁྲིམས་ལྟར་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱ་དགོས།
འཐུས་མི་རྣམ་པ། ང་ཚོས་སྔ་མ་ནང་བཞིན་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོ་སོགས་མང་ཚོགས་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་ཅིང་། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན། ཀང་ཨའོ་ཐའེ། གསར་འགྱུར་དཔེ་སྐྲུན། སྤྱི་ཚོགས་ཚན་རིག་གི་བློ་འདྲི། ཚན་ཧྲི་དང་རིག་གནས་ལོ་རྒྱུས། ས་གནས་ལོ་རྒྱུས། ཡིག་ཚགས་ལ་སོགས་པའི་བྱ་བར་མཛེས་པའི་ཉམས་འགྱུར་གསར་བ་མངོན་པར་སྐུལ་འདེད་གཏང་དགོས།
འཐུས་མི་རྣམ་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བར་རྒྱབ་སྐྱོར་བྱ་རྒྱུ་ནི་ས་གནས་སྲིད་གཞུང་གི་ཆབ་སྲིད་འགན་འཁུར་གཡོལ་བ་མེད་པ་དེ་ཡིན། ང་ཚོས་རྒྱལ་སྲུང་སྐུལ་སློང་དང་། རྗེས་གྲབས་སྟོབས་ཤུགས། དེང་རབས་ཀྱི་མི་དམངས་མཁའ་སྲུང་མ་ལག་འཛུགས་སྐྱོང་བཅས་ཀྱི་བྱ་བ་ཏན་ཏིག་ངང་ལེགས་པོ་བསྒྲུབས་ནས། དམངས་དམག་ཟབ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་རྒྱུ་ཡིན། གཉིས་བཀུར་མཉམ་སྐྲུན་ཟབ་སྤེལ་བྱེད་ཅིང་། ལས་སྒྱུར་དམག་དཔོན་དང་། ཁོལ་འཁྱུར་དམག་མི་བདེ་འཁོད་བཀོད་སྒྲིག་དང་གཟིགས་སྐྱོང་གཟེངས་བསྟོད། ཁེ་དབང་སྲུང་སྐྱོང་སོགས་ཀྱི་བྱ་བར་གཅིག་འདོམས་ཀྱིས་ཡག་པོར་བསྒྲུབས་ཏེ། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་བྲག་རྡོ་བཞིན་དུ་སྲ་ཞིང་མཁྲེགས་པར་གཏང་དགོས།
གསུམ། ཕྱོགས་ཡོངས་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་དགོས།
འཐབ་ལམ་གསར་བར་གོམ་སྟབས་བསྒྱུར་ཏེ། སྲིད་གཞུང་གི་བྱ་བར་ཉམས་འགྱུར་གསར་བ་ཐོན་དགོས། ང་ཚོས“ངེས་པར་དུ་གསུམ”ཡིད་ལ་བརྟན་པོར་བཅངས་ནས། བློ་དཀར་པོས་ལས་ཁུར་དང་ལེན་དང་རང་འགན་གཙང་སྒྲུབ་བྱས་ཏེ། མི་དམངས་ཀྱི་ཡིད་ཚིམ་པའི་ཞབས་ཕྱི་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་འབད་བརྩོན་བྱ་དགོས།
དར་ཆ་གསལ་བསྒྲེངས་ཀྱིས་ཆབ་སྲིད་ལ་དང་དོད་བྱ་དགོས། མཐའ་གཅིག་ཏུ“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ངོས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཚད་མཐོ་ཡོང་བ་བྱ་དགོས། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་འགྲིག་ལམ་ནན་མོ་གསལ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་སྐོར་གྱི་གཏན་འབེབས་འགའ་མཐའ་གཅིག་ཏུ་ལག་བསྟར་མཐིལ་ཕྱིན་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དོན་ཚན་གལ་ཆེན་བཀའ་ཞུ་དང་སྙན་ཞུ་འབུལ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཀོད་མཆན་བཀོད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དག་ཞིང་ཆེན་ཡོངས་སུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་རང་འགུལ་གྱིས་སྐུལ་འདེད་གཏང་དགོས།
ཁྲིམས་ལྟར་སྲིད་འཛིན་པར་ཚད་གཞི་གཙིགས་སུ་འཛིན་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་ནན་བསྟར་བྱེད་པ་དང་། ཁྲིམས་བཀོད་ཀྱི་ལས་ཁུར་ངེས་པར་སྒྲུབ་པ་དང་ཁྲིམས་ཀྱིས་དབང་བསྐུར་མེད་པ་སྒྲུབ་མི་རུང་བ་དམ་སྲུང་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་གི་དཔེ་སྟོན་འཛུགས་སྐྱོང་དེ་གཏིང་ཟབ་སར་སྐུལ་འདེད་བྱ་དགོས། སྲིད་འཛིན་ཇུས་ཆོད་གལ་ཆེན་གྱི་གོ་རིམ་ལམ་ལུགས་ནན་གྱིས་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཁྲིམས་འཛུགས་ལ་ཤུགས་སྣོན་དང་སྲིད་དོན་ཡོངས་བསྒྲགས་ཟབ་སྤེལ་བྱ་དགོས་ལ། ནན་ཏན་དང་ཚད་ལྡན། དྲང་གཞག ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། སྲིད་འཛིན་ཁྲིམས་བསྟར་ལ་ཤེད་ཤུགས་དང་དྲོད་ཁོལ་གཉིས་ཀ་ཡོད་པ་བྱ་དགོས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱེད་པ་དང་། རང་འགུལ་གྱིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱས་ཏེ། དམངས་ཆེན་འཐུས་མིའི་དགོངས་འཆར་དང་སྲིད་གྲོས་ཀྱི་གྲོས་གཞི་སྤུས་ལེགས་སྒོས་བསྒྲུབ་དགོས།
སྤྱོད་ཚུལ་བསྒྱུར་བའི་ཐད་ནས་སྔོན་ཐོན་བརྩོན་ལེན་བྱ་དགོས། རྒྱ་ཆེའི་གཞུང་ཞབས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཐབས་བཀོད་འགའ་བཅས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། སྐྱིད་འདོད་རིང་ལུགས་དང་བག་མེད་སྤྱོད་ཚུལ་ལ་མུ་མཐུད་དུ་བཅོས་སྒྲིག་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བཅོས་བྱེད་པ་དེ་སྔར་བས་འབུར་ཐོན་གྱི་གོ་གནས་སུ་འཇོག་དགོས། “ཡོད་ཚད་དྲུག”གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས། ལས་སྒྲུབ་ལས་སྐྲུན་གྱི་ཟུངས་ཤུགས་འཕེལ་བར་བྱེད་ཅིང་། ལས་དོན་སྒྲུབ་སེམས་དང་འགན་ཁུར་ལེན་སེམས་ཇེ་དྲག་ཏུ་གཏང་དགོས་ལ། འགན་འཁུར་ཕྲག་ཏུ་ལེན་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ། དམ་འཛིན་དངོས་སྒྲུབ་བྱེད་ཕོད་པ་བཅས་བྱ་དགོས། “སྤྱོད་ཚུལ་བསྒྱུར། སྔོན་ཐོན་བརྩོན”ཞེས་པའི་སྤྱོད་ཚུལ་འཛུགས་སྐྱོང་འགུལ་སྐྱོད་ཀྱི་ཕན་འབྲས་ཇེ་བརྟན་དང་ཇེ་ཆེར་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་བསྟོད་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ལ། སློབ་བསྡུར་བསྙེགས་བརྒལ་དང་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པ་བཟང་བོ་རྒྱུན་མཐུད་ངང་བསྐྲུན་ནས། ཁྱབ་ཁོངས་སྔར་ལས་མང་པོ་བཀྲག་མདངས་འཚེར་བ་དང་། ཉམས་མྱོང་ཐོབ་པ། མདུན་གྲལ་དུ་སྐྱོད་པ་བཅས་བརྩོན་ལེན་བྱ་དགོས།
སློབ་སྒྲུབ་མཉམ་སྐུལ་གྱིས་ནུས་པ་ཇེ་ཆེར་གཏང་དགོས། རྒྱ་ཆེའི་གཞུང་ཞབས་པ་དང་མགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་སློབ་སྦྱོང་གི་ནུས་པ་དང་འཐབ་ཇུས་བསམ་གཞིག་གིི་ནུས་པ། ཆེད་ལས་ཅན་གྱི་ནུས་པ། ཉེན་ཁ་འགོག་ཟོན་གྱི་ནུས་པ། མང་ཚོགས་བྱ་བ་སྒྲུབ་པའི་ནུས་པ་བཅས་ཇེ་ཆེར་གཏང་དགོས་ལ། ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་བསམ་གཞིག་དང་སྐུལ་འདེད་གཏོང་མཁས་པོ་བྱས་ཏེ། “རྒྱལ་དོན་གྱི་ཆེ་ཕྱོགས”ལ་སེམས་སུ་གདེང་ཚོད་ཡོད་དགོས། ཕྱོགས་ཡོངས་དང་དངོས་ཡོད། ལོ་རྒྱུས། རྩོད་སྒྲུབ་བཅས་ཀྱི་སྒོ་ནས་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ཇུས་ཆོད་བཀོད་སྒྲིག་སོ་སོ་དངོས་ཡོད་ཀྱི་ཆོས་ཉིད་དང་མཐུན་པ་ཁག་ཐེག་བྱ་དགོས། བདེན་སྲུང་གསར་གཏོད་བྱེད་མཁས་པོ་དང་། གོམས་ལོབས་ཀྱི་བསམ་གཞིགས་དང་ཐབས་ལམ་ལ་བརྟེན་པ་ཁྱད་གསོད་བྱས་ཏེ། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་བཀག་རྒྱ་མང་པོའི་འོག་ཏུ་མངོན་སུམ་གྱི་གནད་དོན་ཐག་གཅོད་བྱ་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་མཁས་པོ་དང་། དཔལ་འབྱོར་གྱི་གནས་བབ་དང་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པར་མ་འོངས་སྔོན་མཐོང་བྱས་ཏེ། དུས་ཐོག་ཏུ་ཕན་ནུས་ལྡན་པའི་སྒོ་ནས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་དགོས། དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུར་མཁས་པོ་བྱས་ཏེ། མང་ཚོགས་ཀྱི་སེམས་ཤེས་མཁན་དང་། མང་ཚོགས་དང་བློ་ཉེ་མཁན། མང་ཚོགས་ཀྱི་སྣེ་འཁྲིད་མཁན་བཅས་བྱ་དགོས།
གཞུང་དྲང་སྤྱོད་གཙང་གིས་མཐའ་ཚད་བསྲུང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཏིང་ཟབ་སར་སྐུལ་སྤེལ་བཏང་སྟེ། བྱེད་པོའི་འགན་འཁུར་དང“ལས་གཅིག་འགན་གཉིས”དོན་འཁྱོལ་ནན་མོ་བྱེད་པ་དང་། སྲིད་གཞུང་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས། བརྩོན་པ་ལྷོད་མེད་ཀྱིས་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྐྱོང་བྱས་ཏེ། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་གྲོན་ཆུང་སྒོས་འཚོ་བ་རོལ་བ་རྒྱུན་འཁྱོངས་བྱ་དགོས་ལ། “གཞུང་གྲོན་གསུམ”དང་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོར་ཚོད་འཛིན་ནན་པོ་བྱས་ནས། ཚད་ཡོད་པའི་མ་དངུལ་དེ་དོན་དམ་པར་ཁེ་ལས་ལ་ཕན་པ་དང་མི་དམངས་ལ་ཕན་པའི་ཐད་དུ་བཀོལ་དགོས། རྒྱ་ཆེའི་གཞུང་ཞབས་པས་ཏང་ལ་བློ་སེམས་དཀར་བའི་སྤྱོད་བཟང་དང་། དམངས་ལ་ཕན་བདེ་སྐྲུན་པའི་སྤྱོད་བཟང་། རང་ལ་ནན་གཅུན་བྱེད་པའི་སྤྱོད་བཟང་བཅས་ལ་རང་འགུལ་ངང་གོང་བཀུར་བྱས་ཏེ། དམངས་དོན་བསམ་པ་དང་དོན་དངོས་གཉེར་བ། སྤྱོད་ཚུལ་གཙང་བའི་ཆབ་སྲིད་རང་མདངས་ནམ་ཡང་མི་ཉམས་པ་བྱ་དགོས།
འཐུས་མི་རྣམ་པ། འཐབ་ལམ་གསར་བར་འབད་པས་སྐྱོད། འགན་འཁྲི་གསར་བ་ཕྲག་ཏུ་ལེན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་བརྩམ་དགོས།། །།