མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-02-10 16:38:00
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཡིག་ཆ།(བཅུ་དགུ)
མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།
-2022ལོའི་ཟླ1པོའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་།
ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཚབ་མ། ཀྲ་ཆིང་ཅིའུ།
འཐུས་མི་རྣམ་པ།
ད་ལྟ་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་གནང་བའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།
2021ལོའི་བྱ་བར་ཕྱི་མིག་ལྟ་བ།
འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་བཏོན་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བར་བྱས་ལ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བློ་དཀར་སེམས་དཀར་གྱིས་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པས། ཞིབ་དཔྱོད་བྱ་བ་སྣ་ཚོགས་ལ་ཕན་འབྲས་གསར་བ་ཐོབ།
གཅིག རང་འགུལ་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།
ང་ཚོས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་པ་དེ་ཞིབ་དཔྱོད་ལས་དོན་གྱི་རྩ་བའི་བླང་བྱར་བཞག་ཅིང་། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཅངས་ཏེ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་གཏད་ནས་ཞིབ་དཔྱོད་ཀྱི་འགན་འཁྲི་ཧུར་ཐག་གིས་བསྒྲུབས།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།《ཀྲུང་དབྱང་གི་བློ་མཐུན་མགོ་ཁྲིད་དང་། ཞིང་ཆེན་ཏང་ཨུ། ཆེས་མཐོའི་ཞིབ་དཔྱོད་ཁང་གི་བློ་མཐུན་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྐོར་གྱི་བྱེད་ཐབས》གཏན་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་བཏོན་པའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དང“བཙན་ས”སྐྲུན་པ། “གནས་བཞི”འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་སོགས་ཀྱི་འཐབ་ཇུས་གལ་ཆེན་གྱི་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ལྟེ་བའི་བྱ་བར་རང་རྟོགས་ཀྱིས་དམིགས་ནས་ཞིབ་དཔྱོད་འགན་ནུས་དང་ནུས་པ་འདོན་སྤེལ་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱས།
ཚོང་གཉེར་གྱི་ཁྲིམས་སྐྱོང་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་། ཁེ་ལས་དང་འབྲེལ་བའི་གྱོད་གཞི་ལ་ཡུན་རིང་མྱུལ་ཞིབ་བྱས་ཀྱང་གྱོད་ཐག་མ་བཅད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཞིང་ཆེན་སྤྱི་བདེ་ཐིན་དང་མཉམ་འབྲེལ་བྱས་ནས་དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཉེས་དོན་གཏུག་བཤེར་གྱི“འགོར་འགྱངས་གྱོད་གཞིའི”ཆེད་དོན་གཙང་བཤེར་ལས་དོན་སྤེལ་བ་དང་། དུས་ཡུན་རིང་བོར་གྱོད་ཐག་མ་བཅད་པའི་དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི“འགོར་འགྱངས་གྱོད་གཞི”16གཙང་བཤེར་བྱས་ལ། སྤྱི་བདེ་ལས་ཁུངས་ལ་ལྟ་སྐུལ་བྱས་ནས་མྱུལ་ཞིབ་ཐེངས4སྤེལ། སྤྱི་དབང་མིན་པའི་དཔལ་འབྱོར་ཞུ་གཏུག་དག་འབུལ་དང་འབྲེལ་བའི་གྱོད་གཞི་གཙང་བཤེར་དང་ཆེད་དོན་ལྟ་སྐུལ་གྱི་བྱེད་སྒོ་སྤེལ་ཏེ། གྱོད་གཞི113བདག་སྤྲོད་བྱས་པ་དང་། གྱོད་གཞི87ཐག་བཅད། ཁེ་ལས་པས་སེམས་ཀྱི་ཁུར་བོ་ཕོག་ནས་བློ་བདེ་ངང་ལས་བཏོད་བྱེད་དུ་བཅུག དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་འབྲེལ་གཏུག་བྱས་ནས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་གཞི་ཨང་གསུམ་པ”མུ་མཐུད་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། ཤེས་བྱའི་ཐོན་དབང་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤེས་བྱའི་ཐོན་དབང་ལ་གནོད་འཚེ་ཕོག་པའི་ནག་ཉེས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ནས་མི23ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི51ཞུ་གཏུག་བྱས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་རིགས་ཀྱི་ནག་ཉེས་ལ་ཁྲིམས་ཆད་ནན་མོ་བཅད་ནས། མི109ལ་འཛིན་བཟུང་གི་ཆོག་མཆན་བཀོད་པ་དང་མི262ཞུ་གཏུག་བྱས།
སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་ཁོར་ཡུག་ཐོན་ཁུངས་རིགས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་དང་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཉེས་དོན་གྱོད་གཞི་གཅིག་བསྡུས་ཀྱིས་བདག་སྐྱོང་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ལག་བསྟར་བསམ་འཆར་གཏན་ལ་ཕབ་ཞིང་། ཞིང་ཆེན་ཏང་ཨུའི《འགུལ་སྐྱོད་ཇུས་གཞི》དེ་ནུས་པ་གང་ཡོད་སྒོས་ཞིབ་དཔྱོད་ཀྱི་བརྒྱུད་རིམ་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ཐད་ལ་སྤྱི་ཕན་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་སྡེ་ཁག7དང་མཉམ་དུ་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་བཏང་པའི་རིགས་ཀྱི་ནག་ཉེས་ལ་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་བའི་བྱེད་ཐབས་སྟེང་མིང་རྟགས་བཀོད། ཞིང་ཆེན་ཞིབ་དཔྱོད་ཁང་དང་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་མཉམ་སྒྲུབ་རྐྱེན་སྲོལ་བཙུགས་པ་དང་། མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་ཞིང་ཆེན་ནང་ཁུལ་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དང་ས་ཁུལ་དྲུག་གི་ཞིབ་དཔྱོད་ཁང་གིས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྒྲུབ་ཀྱི་བསམ་འཆར་སྟེང་མཉམ་དུ་མིང་རྟགས་བཀོད། མཚོ་བྱང་དང་མཚོ་ལྷོ་ཁུལ་ཞིབ་དཔྱོད་ཁང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཀྱི་མཉམ་སྒྲུབ་རྐྱེན་སྲོལ་བཙུགས་ནས། ཁོར་ཡུག་སྲུང་སྐྱོབ་ས་ཁོངས་ཀྱི་ཞིབ་དཔྱོད་མཉམ་སྒྲུབ་ལ་སྔར་བས་ཤུགས་བསྣན། ཞིང་ཆེན་ཞིབ་དཔྱོད་ཁང་དང་མཚོ་བྱང་ཁུལ་ཞིབ་དཔྱོད་ཁང་། རྐང་ཚ་རྫོང་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་འགུལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་ཏུ་དུས་ཐོག་ཉེན་བརྡ་དང་དུས་བཅད་དྲན་སྐུལ་གྱི་བྱང་བུ་འཛུགས་པར་སྐུལ་འདེད་བཏང་ནས། མཐོ་སྒང་གི་དགོ་བར་བདེ་འཇགས་ཀྱི་ཚེ་སྲོག་གི་བགྲོད་ལམ་བསྐྲུན། ལོ་ཧྲིལ་བོར་བསྡོམས་པས་ཁོར་ཡུག་སྦགས་བཙོག་དང་རང་དགར་གྱིས་ནགས་ཤིང་གཅོད་པ། ཁྲིམས་འགལ་གྱིས་ཉ་འཛིན་པ་སོགས་ཀྱི་ནག་ཉེས་བསགས་པའི་མི108ཁྲིམས་ལྟར་ཞུ་གཏུག་བྱས་ལ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི575བསྒྲུབས་པ་དང་ཞིབ་དཔྱོད་གྲོས་གཞི352བཏོན་ཏེ། རྩྭ་ས་དང་ནགས་ས། ཞིང་ས་སོགས་མུའུ8573.4གསབ་འཛུགས་དང་སླར་གསོ་བྱེད་པར་སྐུལ་འདེད་བཏང་།
གཉིས། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱས།
ང་ཚོས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཧུར་ཐག་གིས་རོགས་འདེགས་དང་། མཚོ་སྔོན་གྱི་ཞི་འཇགས་འཆམ་མཐུན་གྱི་རྣམ་པ་ལེགས་པོར་ཧུར་ཐག་གིས་སྲུང་སྐྱོང་བྱས།
ཉེས་དོན་གྱི་ནག་ཉེས་ཚབས་ཆེན་ལ་ཁྲིམས་ཐག་ནན་མོ་བཅད། འཛིན་བཟུང་ཆོག་མཆན་འགོད་པ་དང་ཁྲིམས་སྦྱོར་བྱེད་པའི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ནས། དོགས་ཡོད་ཉེས་ཅན2608འཛིན་བཟུང་ཆོག་མཆན་བཀོད་པ་དང་མི6757ཞུ་གཏུག་བྱས། དེའི་ནང་འཕྲོག་བཅོམ་དང་བསམ་བཞིན་དུ་མི་གསོད་པ། བཙན་ཁྲིད། བཙན་གཡེམ། མེ་མདའ་དང་འབར་གས་ལ་འབྲེལ་བའི་དྲག་ཤུགས་ཀྱི་ནག་ཉེས་ཚབས་ཆེན་བསགས་པའི་མི284འཛིན་བཟུང་ཆོག་མཆན་བཀོད་པ་དང་མི329ཞུ་གཏུག་བྱས། རྐུ་ཁྱེར་དང་གཡོ་ལེན། བཙན་འཕྲོག་སོགས་རྒྱུན་འབྱུང་རང་བཞིན་གྱི་རྒྱུ་ནོར་ལ་གནོད་འཚེ་བཏང་བའི་ནག་ཉེས་བསགས་པའི་མི1158ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི1766ཞུ་གཏུག་བྱས་ལ། དུག་རྫས་ཀྱི་ནག་ཉེས་བསགས་པའི་མི130ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི197ཞུ་གཏུག་བྱས། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ནག་ཚོགས་དང་སྟོབས་ཤུགས་ངན་པར་འབྲེལ་བའི་གྱོད་གཞིའི་མི78ཞུ་གཏུག་བྱས། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བྱང་འགེལ་སྐུལ་སྒྲུབ་བྱས་ཏེ། ཞིང་ཆེན་ཡོངས་ནས་ཆེས་ཐོག་མར་བྱུང་བའི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཧོང་ཆེ་གེ་མོ་ཚན་སོགས་མི23གྱིས་སྟོབས་ཤུགས་ངན་པའི་ཚོགས་པ་དང་འབྲེལ་བའི་ནག་ཉེས་ཀྱི་གྱོད་གཞི་ལ་ཁྲིམས་ལྟར་ཞུ་གཏུག་བྱས་པས། སྨན་པ་དང་ནད་པར་བདེ་ཐང་གི་སྨན་བཅོས་ཁོར་ཡུག་ཅིག་བསྐྲུན།
སྤྱི་ཚོགས་བཅོས་སྐྱོང་ནང་རང་འགུལ་གྱིས་ཞུགས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཐོག་དང་པོར་ཞིང་ཆེན་ཏང་ཨུ་ལ་བཅའ་ཁྲིམས་ལྟ་སྐུལ་གྱི་བྱ་བའི་གནས་ཚུལ་སྙན་སེང་ཞུས་ཏེ། རང་འགུལ་གྱིས་ཏང་ཨུའི་ཁྲིམས་སྐྱོང་གི“བློ་འདོན་པ”བཟང་བོ་བྱས། གྱོད་སྒྲུབ་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྡེ་ཁག་ལ་ཞིབ་དཔྱོད་གྲོས་གཞི1680བཏོན་ཡོད་ལ། དེའི་ནང་སྤྱི་ཚོགས་བཅོས་སྐྱོང་གི་རིགས197ཡོད་པ་དང་དེས་དོ་དམ་ལ་ཤུགས་སྣོན་དང་རྩ་བའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་། ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཉེས་དོན་གྱི་ནག་ཉེས་བསགས་པའི་གྱོད་གཞི5274དང་མི6449ལ་ཁྲིམས་ལྟར་ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་གོ་རིམ་སྤྱད་པ་དང་བཀོལ་སྤྱོད་བྱེད་ཚད85%ཡིན་ལ། སྤྱི་ཚོགས་ཀྱི་འབྲེལ་བ་གང་ཐུབ་ཅི་ཐུབ་ཀྱིས་བསྐྱར་གསོ་བྱས། ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་བར་ལ་དུས་བཅད་ལྟར་གྲོས་མོལ་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ལག་གདང་སྦྲེལ་ནས་ཞིབ་དཔྱོད་དང་ཁྲིམས་རྩོད་པའི་བར་དགེ་མཚན་ལྡན་པའི་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་ཐོག ཁྲིམས་རྩོད་པའི་ལས་གཉེར་དབང་ཆ་ལ་ཁྲིམས་ལྟར་འགན་སྲུང་བྱས་པ་དང་། འཕྲིན་སྦྲེལ་དྲ་བའི་སྟེང་གྱོད་གཞིའི་ཡིག་ཆ་ཀློག་ཐུབ་རྒྱུ་དེ་ཁྱོན་ཡོངས་ལ་ཁྱབ་པར་བྱས། “སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་བྱས་ནས། ཞིབ་དཔྱོད་བྱ་བའི་ཁྲོད་ཀྱི་བཅའ་ཁྲིམས་འགྲེལ་བཤད་དང་རྒྱུ་མཚན་བཤད་པ། ཁྲིམས་ལུགས་དྲིལ་བསྒྲགས་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་དང་མཉམ་འབྲེལ་བྱས་ཏེ་བདེ་འཇགས་མཚོ་སྔོན་འཛུགས་སྐྱོང་གི་དཔེ་མཚོན་གྱོད་གཞི10ཁྱབ་བསྒྲགས་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གིས“ཆང་གིས་བཟི་ནས་རླངས་འཁོར་གཏོང་བའི”གྱོད་གཞི་ལ་ལོ་བཅུའི་ཁྲིམས་ཆད་གཅོད་པའི་ཆེད་དོན་བརྟག་ཞིབ་སྤེལ་ཏེ་ཆེད་དམིགས་གཏན་འབེབས་བཏོན་པ་དང་། “ཆང་གིས་བཟི་ནས་རླངས་འཁོར་གཏོང་བའི”གྱོད་གཞི་ཞུ་གཏུག་མི་བྱེད་པའི་ཚད་གཞི་གཅིག་གྱུར་བྱས་ཡོད།
རུལ་སུངས་ཀྱི་ནག་ཉེས་ལ་ཁྲིམས་ལྟར་ཁྲིམས་གཅོད་དང་ཞུ་གཏུག་བདའ་བདེད་བྱས། ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་རམ་འདེགས་དང་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། རྐྱེན་སྲོལ་འབྲེལ་མཐུད་འཐུས་ཚང་དུ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་མཉམ་འདོན་ཆགས་པར་སྐུལ་འདེད་བཏང་། བསྡོམས་པས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཞུ་གཏུག་ཏུ་བསྐྱལ་བའི་གྱོད་གཞིའི་མི166བདག་སྤྲོད་བྱས་ཏེ། མི166ཞུ་གཏུག་བྱས་པ་དང་། དེའི་ནང་ཐིན་ཅུས་རིམ་པའི་མི9དང་རྫོང་རིམ་པའི་མི26ཡོད། ལྐོག་རྔན་ཟ་བ་དང་ལྐོག་རྔན་སྤྲོད་པར་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྐོག་རྔན་བླངས་ནས་ནག་ཉེས་བསགས་པའི་མི45དང་ལྐོག་རྔན་སྤྲད་པའི་མི63ཞུ་གཏུག་བྱས། ཁྲིམས་འཛིན་ལས་བྱེད་མི་སྣའི་ལས་གནས་ཐོག་གི་ཉེས་བསགས་ལ་མྱུལ་ཞིབ་བྱེད་པའི་ཉིན་བརྒྱའི་འགག་སྒྲོལ་བྱ་འགུལ་སྤེལ་བ་དང་། མི13གྱོད་གཞི་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་དང་མི12ཞུ་གཏུག་ཏུ་བསྐྱལ་ཐོག ཁྲིམས་འཛིན་དྲང་གཞག་ལ་དངོས་གནས་སྲུང་སྐྱོང་བྱས།
གསུམ། དམངས་འཚོའི་བདེ་སྐྱིད་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་།
ང་ཚོས་མི་དམངས་ལྟེ་བར་འཛིན་པའི་གོང་སྤེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་གྱིས་མི་དམངས་ཀྱི་ཁེ་དབང་འགན་སྲུང་ཁྲོད་འགན་འཁྲི་དང་དུ་བླངས་ནས། མི་དམངས་མང་ཚོགས་ཀྱི་མྱུར་མཁོ་དང་དཀའ་གནད་སྡུག་སྣང་རེ་ལྟོས་བཅས་བྱེད་པའི་གནད་དོན་ཐག་གཅོད་བྱས།
དམངས་འཚོ་དང་འབྲེལ་བའི་ནག་ཉེས་ལ་ཁྲིམས་ལྟར་ཁྲིམས་གཅོད་ནན་མོ་བྱས། “ནན་ཤོས་བཞིའི”ཆེད་དོན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་བསགས་པའི་མི8ཞུ་གཏུག་བྱས་ཏེ། མི་དམངས་ཀྱིས་སེམས་བདེ་མོས་ཟ་མ་བཟའ་བ་དང་སྨན་སྤྱོད་བདེ་འཇགས་ཡོང་བར་བྱས། “བྱང་བུའི་ནག་ཉེས་རྩ་གཏོར”གྱི་ཆེད་དོན་བྱེད་སྒོར་ཧུར་ཐག་གིས་ཞུགས་ནས། གློག་འཕྲིན་དྲ་རྒྱའི་གཡོ་ལེན་བྱེད་པའི་ནག་ཉེས་བསགས་པའི་མི258དང་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱས་པའི་ནག་ཉེས་བསགས་པའི་མི174ཞུ་གཏུག་བྱས་ཐོག མི་དམངས་ཀྱི་སྒོར་ཁུག་ལ་དོ་དམ་ལེགས་པོ་བྱས། ཉམས་ཆུང་ཁྱུ་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ལ་ཤུགས་བསྣན་པ་དང་། བུད་མེད་དང་བྱིས་པ། རྒན་པ། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་སོགས་ཀྱི་ནག་ཉེས་བསགས་པའི་མི418ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི634ཞུ་གཏུག་བྱས། ངལ་རྩོལ་གྱི་ཐོབ་ཆ་མི་སྤྲོད་པའི་ནག་ཉེས་བསགས་པའི་མི133ཞུ་གཏུག་བྱས།
དམངས་འཚོ་ཁྱབ་ཁོངས་ཀྱི་ཞིབ་དཔྱོད་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། “མང་ཚོགས་ཀྱི་འཕྲིན་བཅར་ལ་ལན་རེ་རེ་སློག་པའི”ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉིན་བདུན་གྱི་ནང་ཚུན་དུ་གོ་རིམ་རང་བཞིན་གྱི་ལན་སློག་པ་དང་ཟླ་བ་གསུམ་གྱི་ནང་ཚུན་དུ་གྱོད་སྒྲུབ་ཀྱི་བརྒྱུད་རིམ་མམ་མཇུག་འབྲས་ལ་ལན་སློག་ཚད100%རུ་སླེབས་ཡོད། མགོ་ཁྲིད་ཀྱིས་གྱོད་གཞི་སྒྲུབ་པའི་འགན་གཙང་ལེན་དང་གྱོད་གཞི་ལྟར་གཤམ་སྐྱོད་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་པས། བསྐྱར་ཟློས་སྒོས་འཕྲིན་བཅར་བྱེད་པའི་གྱོད་གཞི27ཚང་མ་ཐག་གཅོད་འོས་འཚམ་བྱས། ཅཱ་ཆེ་གེ་མོས་རང་གི་ནུ་བོས1992ལོར་བསམ་བཞིན་དུ་གནོད་འཚེ་བཏང་ནས་མི་བསད་པའི་གྱོད་གཞིའི་ངོ་བོ་གཏན་འཁེལ་བྱས་པར་བསམ་འཆར་མི་མཐུན་པ་བྱུང་སྟེ། དག་འབུད་ཀྱི་དུས་ཡུན་ལོ29འགོར་ལ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱས་རྗེས། གྱོད་དོན་གྱི་ངོ་བོ་གཏན་ཁེལ་ལ་ཐེངས་མང་པོར་བཅའ་ཁྲིམས་འགྲེལ་བཤད་དང་རྒྱུ་མཚན་གསལ་བཤད་བརྒྱབ་པ་དང་འབྲེལ། ཁྲིམས་འཛིན་རོགས་སྐྱོབ་ཀྱི་གོ་རིམ་བརྒྱུད་ནས་དེའི་དཀའ་ངལ་དངོས་ཐག་གཅོད་བྱས་ཐོག ཅཱ་ཆེ་གེ་མོས་ཁ་ཞེ་གཉིས་མེད་ཀྱིས་ཁས་ལེན་པ་དང་དག་འབུད་མི་བྱེད་པར་བྱས། ཁྱོན་ཡོངས་ནས་བདེན་སྤྲོད་ཚོགས་འདུ་སྤེལ་བ་དང་། བདེན་སྤྲོད་ཚོགས་འདུ་ཐེངས552འཚོགས་ཡོད་ལ། བདེན་སྤྲོད་ཚོགས་འདུ་འཚོགས་རྗེས་གནད་དོན་ཐག་གཅོད་ཚད96%ཏུ་སླེབས་ཡོད། ཁྲིམས་འཛིན་རོགས་སྐྱོབ་ཀྱི་བྱ་བ་དེ་ཞིང་ཆེན་གྱི་ས་ཁོངས་ཡོངས་སུ་ཁྱབ་ཏུ་བཅུག་པ་དང་། མི229ལ་སྒོར་ཁྲི629.64ཡི་རོགས་སྐྱོབ་ཐོབ་ལ། ལོ་གོང་མ་ལས་སོ་སོར30%དང12%འཕར་བ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་གི་མི166ལ་སྒོར་ཁྲི471.79ཡི་རོགས་སྐྱོབ་བྱས།
མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བའི“དོན་ཆུང”ཐག་གཅོད་བྱས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྟོར་ཁུང་ཁ་གཅོད་བཅོས་སྐྱོང་བྱས་ནས་མི་དམངས་ཀྱི“འགྲོ་སྐྱོད”བདེ་འཇགས་ལ་སྲུང་སྐྱོང་བྱས། ཡན་ཆེ་གེ་མོས་འཛེམ་བག་མེད་པར་རྒྱལ་ལམ་དང་དེའི་མཐའ་སྐོར་ལམ་ཚན་གྱི་སྟོར་ཁུང་ཁ་གཅོད་བརྒྱ་ལྷག་རྐུ་ཁྱེར་བྱས་པ་དེ་ལ། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་གྱི་ཞིབ་དཔྱོད་ཁང་གིས་འགྲིམ་འགྲུལ་སྒྲིག་བཀོད་ལ་གཏོར་བཤིག་བཏང་བའི་ནག་ཉེས་ལྟར་གཞུང་གཏུག་བྱས་པ་དང་། གྱོད་གཞི་འདི་རང་ཞིང་ཆེན་ནས་བྱུང་བའི་སྟོར་ཁུང་ཁ་གཅོད་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཐོག་མ་ཡིན། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཁྲོམ་རའི་ལྟ་སྐུལ་སོགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་འབྲེལ་བ་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ལྟ་སྐོར་གླ་གཏོང་རླངས་འཁོར་ལ་རིན་གོང་རྩིས་ཆས་སྒྲིག་སྦྱོར་བྱས་པ་ལ། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་ཞིང་ཆེན་མགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་གནང་ནས་ཁས་ལེན་བྱས། འབྲེལ་ཡོད་སྡེ་ཁག་དང་སྤྱི་འགྲུལ་ཁེ་ལས་དང་མཉམ་དུ་དབང་བོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡོང་བར་བྱས་ཏེ། གེགས་མེད་སྒྲིག་བཀོད་ཀྱི་དོ་དམ་དང་བེད་སྤྱོད་ཚད་ལྡན་དུ་བཏང་ནས། དབང་བོ་སྐྱོན་ཅན་ལ“བརྩེ་བ་ལྡན་ན་གེགས་རྒྱ་མེད་པའི”ཚོར་བ་མྱོང་དུ་བཅུག དམག་སྲིད་སྡེ་ཁག་སོགས་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཟུར་ཐོན་དམག་མིར་རིན་མེད་ངང་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་གཟིགས་སྐྱོང་སྲིས་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
ནར་མ་སོན་པའི་མིར་ཁྲིམས་འཛིན་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བྱས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་གཞི་ཨང་དང་པོ”དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། “ཞིབ་དཔྱོད་དང་བརྩེ་བ་མཉམ་དུ་སྐྱོད་ཏེ་མ་འོངས་པར་སྲུང་སྐྱོང་བྱེད་པའི”ནར་མ་སོན་པའི་མིའི་སྲུང་སྐྱོབ་ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས། ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་ནག་ཉེས་ལ་རྡུང་རྡེག་དྲག་པོ་བཏང་ནས། མི177ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི268ཞུ་གཏུག་བྱས། ཁྲིམས་ལྟར་ཉེས་གཅོད་དང་སེམས་ཁུར། རོགས་རམ། སློབ་གསོ་བཅས་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནར་མ་སོན་པའི་དོགས་ཡོད་ཉེས་ཅན141ཞུ་གཏུག་བྱས། ཉེས་སྤྱོད་ཅུང་ཡང་ཞིང་དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་སྤྱོད་ཚུལ་ཡོད་པའི་མི53ལ་ཆ་རྐྱེན་ཟུར་སྣོན་གྱིས་ཞུ་གཏུག་མི་བྱེད་པར་བྱས་ལ། ནར་མ་སོན་པའི་མིའི་གྱོད་གཞི་ཐག་གཅོད་བྱས་པའི་བསྡོམས་གྲངས་ཀྱི11.16%ཟིན། ཞིང་ཆེན་སློབ་གསོ་ཐིན་དང་སྤྱི་བདེ་ཐིན་སོགས་སྡེ་ཁག8དང་མཉམ་དུ་ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་གྱོད་གཞིར་བཙན་ཤེད་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ་སྟེང་མིང་རྟགས་བཀོད། རིམ་པ་སོ་སོའི་ཞིབ་དཔྱོད་ཀྲང་དང་ཞིབ་དཔྱོད་ཀྲང་གཞོན་པ་ཚང་མས་སློབ་གྲྭ་ཆུང་འབྲིང་གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་འགན་ཁུར་བ་དང་། ཁྲིམས་སྐྱོང་གི་ཆེད་དོན་འཆད་ཁྲིད་ཐེངས358སྤེལ་ཏེ། སློབ་གསོ་ཐོབ་པའི་སློབ་མ་མི་ཐེངས་ཁྲི19.4ལྷག་ལ་སླེབས་ཡོད། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་གུང་གཞོན་ཚོགས་པ་ཟི་ལིང་གྲོང་ཁྱེར་ཏང་ཨུས་བསྐྱལ་བའི་མཚོ་སྔོན་ཞིང་ཆེན་དགེ་སྦྱོར་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ལྟེ་གནས་དེ་རྒྱལ་ཡོངས་ཀྱི་ནར་མ་སོན་པའི་ཞིབ་དཔྱོད་བྱ་བའི་སྤྱི་ཚོགས་རྒྱབ་སྐྱོར་གྱི་མ་ལག་དཔེ་སྟོན་འཛུགས་སྐྱོང་སྡེ་ཁག་ཏུ་གཏན་ཁེལ་བྱས། མཁར་བྱང་ཆུས་ཞིབ་དཔྱོད་ཁང་གི“མཁར་བྱང་ཞིབ་དཔྱོད་ཀྱིས་མེ་ཏོག་གང་བུ་སྲུང་ཞིང་སྐྱོང”དང་མཚོ་ནུབ་ཁུལ་ཞིབ་དཔྱོད་ཁང་གི“འཇའ་ཚོན་སྣ་སྔའི་ཟམ་པ”སོགས་ནར་མ་སོན་པའི་མིའི་ཞིབ་དཔྱོད་ཀྱི་སྤུས་རྟགས་གསར་དུ་བཏོད།
བཞི། “ཞིབ་དཔྱོད་ཆེན་པོ་བཞིའི”བཅའ་ཁྲིམས་ལྟ་སྐུལ་ཏན་ཏིག་གིས་སྤེལ།
ང་ཚོས《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བའི་ཞིབ་དཔྱོད་སྡེ་ཁག་གིས་ཁྲིམས་ལུགས་ལྟ་སྐུལ་བྱ་བར་ནན་ཏན་སྒོས་ཤུགས་བསྣན་དགོས་པའི་སྐོར་གྱི་དགོངས་འཆར》དང་ཞིང་ཆེན་ཏང་ཨུའི《བྱེད་ཐབས་འགའ》ལག་ཏུ་བསྟར་བ་འཆང་བཟུང་བྱེད་པ་དེ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་ཉེས་དོན་དང་དམངས་དོན། སྲིད་འཛིན་དང་སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞི”ཕྱོགས་ཀུན་ནས་མཐུར་སྦྱོར་དང་གོང་སྤེལ་གང་ལེགས་འབྱུང་བར་ཧུར་ཐག་གིས་སྐུལ་འདེད་བཏང་།
ཉེས་དོན་ཞིབ་དཔྱོད་སྔར་ལས་ནུས་ལྡན་དུ་བཏང་། མྱུལ་ཞིབ་སྡེ་ཁག་གིས་གྱོད་ཐོ་བཀོད་པའི་གྱོད་གཞི60དང་གྱོད་གཞི་ཕྱིར་འཐེན58ལ་ཁྲིམས་ལྟར་ལྟ་སྐུལ་བྱས་ལ། ལོ་གོང་མ་ལས་སོ་སོར172.7%དང262.5%འཕར། འཛིན་བཟུང་བྱེད་རྒྱུར་ལུས་པའི་མི14ཁ་སྣོན་བྱས་པ་དང་། ལོ་གོང་མ་ལས55.6%འཕར། ཞུ་གཏུག་བྱེད་རྒྱུར་ལུས་པའི་མི54ཁ་སྣོན་བྱས། “འཛིན་བཟུང་ཇེ་ཉུང་དང་ཞུ་གཏུག་དང་བཀག་སྐྱིལ་ལ་གཟབ་དགོས་པའི”འདུ་ཤེས་དོན་འཁྱོལ་བྱས་ཏེ། མི902འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་མི783ཞུ་གཏུག་མ་བྱས། ཁྲིམས་དང་འགལ་བའི་མྱུལ་ཞིབ་བྱེད་སྒོ་ཡོ་བསྲང་བྱེད་དགོས་པའི་བསམ་འཆར223བཏོན་ལ། ལོ་གོང་མ་ལས44.8%འཕར། དངོས་གནས་ནོར་འཁྲུལ་བྱུང་བར་ངོས་བཟུང་བའི་ཉེས་དོན་ཁྲུན་གཅོད་ཀྱི་གྱོད་གཞི99ལ་རྒོལ་གཏུག་བྱས་ལ། ལོ་གོང་མ་ལས47.8%འཕར་བ་དང་། རྒོལ་གཏུག་བྱེད་ཚད2.0%ཟིན་ཡོད་ལ་དེ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ལས་ཨང2པར་ཚུད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་བྱ་བའི་གཏན་འབེབས་སྟེང་མིང་རྟགས་བཀོད་ནས། སྲོག་ཁྲིམས་བསྐྱར་ཞིབ་ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་། ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ་བྱེད་པ། གནས་སྐབས་སུ་བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་ལག་བསྟར་བྱེད་སྟངས་མི་འཚམ་པའི་མི50ལ་ལྟ་སྐུལ་ཡོ་བསྲང་བྱས། སྡེ་ཁུལ་དུ་ཁྲིམས་ཆད་འཁུར་མཁན་དོ་དམ་དང་བྲལ་ཞིང་དོ་དམ་གྱི་ཡུལ་དུ་མ་གྱུར་བའི་མི92ཡོ་བསྲང་བྱས་ཏེ། རྒྱུ་ནོར་ཉེས་ཆད་ལག་བསྟར་བྱེད་པའི་ལྟ་སྐུལ་བསམ་འཆར་གྱི་གྱོད་གཞི99བཏོན། དངོས་སུ་ཉེས་ཆད་བཅད་ཀྱང་ལག་བསྟར་བྱ་རྒྱུར་མ་སྤྲད་པར་ཆེད་དོན་ལྟ་སྐུལ་གྱི་བྱེད་སྒོ་སྤེལ་ཏེ། མི75ལ་བཀག་སྐྱིལ་གྱི་ལྟ་སྐུལ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་བཙོན་ཁང8ལྷག་ལ་སྐོར་སྐྱོད་ཞིབ་དཔྱོད་སྐོར་གཉིས་བྱས་པ་དང་གནད་དོན201དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་།
དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་སྔར་བས་གནད་འཁེལ་ཡོང་བར་བྱས། བསྡོམས་པས་བདག་སྤྲོད་བྱས་པའི་རིགས་སོ་སོའི་དམངས་དོན་ཞིབ་དཔྱོད་གྱི་ལྟ་སྐུལ་གྱོད་གཞི2393ལ་ཞིབ་བཤེར་བྱས་པ་དང་། ལོ་གོང་མ་ལས33.5%འཕར། དམངས་དོན་གྱི་ནུས་ཐོན་ཁྲིམས་གཅོད་དང་འདུམ་འགྲིག་ཡི་གེ་ལ་དམིགས་གཏད་དེ་རྒོལ་གཏུག་དང་བསྐྱར་ཞིབ་ཞིབ་དཔྱོད་གྲོས་གཞི29བཏོན་པ་དང་། དམངས་དོན་གྱི་འདྲི་གཅོད་བྱེད་སྒོ་དང་ལག་བསྟར་བྱེད་སྒོར་དམིགས་ཏེ་ཞིབ་དཔྱོད་གྲོས་གཞི387བཏོན། དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་རྒོལ་གཏུག་ཏུ་སྒྱུར་བའི་ཚད་དེ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ལས་ཨང་དང་པོར་སླེབས་ཡོད། ཞིང་བ་གླ་རྒྱག་པར་རྒྱབ་སྐྱོར་བྱས་ཏེ་ཞུ་གཏུག་བྱས་པའི་གྱོད་གཞི311ཡོད་ལ། ལོ་གོང་མ་ལས139.2%འཕར། རིགས་སོ་སོའི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི284བདག་སྤྲོད་བྱས་པ་དང་། ལོ་གོང་མ་ལས22.9%འཕར། སྲིད་འཛིན་ཁྲིམས་གཅོད་བྱེད་སྒོ་དང་ལག་བསྟར་བྱེད་སྒོར་དམིགས་ཏེ་ཞིབ་དཔྱོད་གྲོས་གཞི37བཏོན་ལ། ལོ་གོང་མ་ལས42.4%འཕར། རྒྱུན་རྣམ་ལྟར་སྲིད་འཛིན་རྩོད་གཞི་དེ་ངོ་བོ་རང་བཞིན་གྱིས་ཞི་འཇགས་སུ་བཏང་སྟེ། སྲིད་འཛིན་རྩོད་གཞིའི་གྱོད་གཞི17བདེ་བླག་ངང་ཞི་འཇགས་སུ་ཡོང་བར་བྱས། ས་ཞིང་ཁྲིམས་བསྟར་ཞིབ་གཅོད་ཁྱབ་ཁོངས་ཀྱི་སྲིད་འཛིན་གྱི་ཞུ་གཏུག་མ་ཡིན་པའི་ལག་བསྟར་ལྟ་སྐུལ་གྱི་ཆེད་དོན་བྱེད་སྒོ་སྤེལ་ནས་ལྟ་སྐུལ་གྱོད་གཞི16གྱོད་སྒྲུབ་བྱས་ཡོད།
སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་དུ་བཏང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན》ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་སྦྲག་སྲིད་དོ་དོམ་ཅུས་དང་ཞིང་ཆེན་རིག་དངོས་ཅུས། ཞིང་ཆེན་ཟུར་ཐོན་དམག་མིའི་ལས་དོན་ཐིན་སོགས་སྲིད་འཛིན་སྡེ་ཁག་དང་མཉམ་སྒྲུབ་བསམ་འཆར་སྟེང་མིང་རྟགས་བཀོད་དེ། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་། རྨ་ལྷོ་ཁུལ་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཡོངས་ནས་སྤྱི་ཕན་གཏུག་བཤེར་གྱི་བཀོད་འདོམས་ལྟེ་གནས་དང་མངགས་གཏོང་ཞིབ་དཔྱོད་ཁང་ཐོག་མ་བཙུགས། སློབ་གསོའི་ལས་ཞུགས་དང་འགྲིམ་འགྲུལ་བདེ་འཇགས། རིག་རྫས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་ཁྱབ་ཁོངས་གསར་བའི་གྱོད་གཞི333གྱོད་སྒྲུབ་བྱས། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི1548གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་དང་། ལོ་གོང་མ་ལས19.2%འཕར། ཞིབ་དཔྱོད་ཀྱི་གྲོས་གཞི819བཏོན་པ་དང་། ལོ་གོང་མ་ལས10.1%འཕར། ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི58བཏོན། རང་ཞིང་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་སྒྲུབ་བྱས་པའི་ཁྲིམས་འགལ་གྱིས་མཚོ་སྔོན་པོའི་གསེར་ཉ་བཟུང་བའི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དེ་རིང་གི་ཁྲིམས་བཤད་ལེ་ཚན《དམངས་ཀྱི་ཁྲིམས་གཞུང》ཞེས་པའི་ཆེད་དོན་དངོས་བཤུས་གློག་བརྙན་ལས་བཏང་བས། སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཆེར་བྱས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིབ་དཔྱོད་ཁང་གིས་གྱོད་སྒྲུབ་བྱས་པའི་ལི་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་སྒོས་ཆུའི་ཐོན་རྫས་འབྱིང་འདོན་གྱི་ཉེས་དོན་ཞར་བྱུང་གི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སོགས་གྱོད་གཞི5ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དཔེ་མཚོན་གྱོད་དཔེ་རུ་བདམས།
ལྔ། ཞིབ་དཔྱོད་དཔུང་སྡེའི་སློབ་གསོ་དག་ཐེར་ཏན་ཏིག་སྒོས་སྤེལ།
སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་ལས་དོན་གྱི་རྩ་བ་དང་ཕུགས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཐད་ཀའི་མགོ་ཁྲིད་འོག་དང་། ཀྲུང་དབྱང་གི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་བཅོ་ལྔ་བའི་ནུས་ལྡན་གྱི་ལྟ་སྐུལ་སློབ་སྟོན་འོག བློ་དཀར་སེམས་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པའི་སྲིད་ཁྲིམས་ཀྱི་ཧྲག་དམག་གི་གཙོ་ཐིག་ལ་དམ་པོར་དམིགས་ནས། གྲི་ཁ་ནང་ལ་ཕྱོགས་པ་དང་རུས་གཞོག་དུག་སེལ་བྱེད་པའི་རང་ངོས་ཀྱི་གསར་བརྗེ་ཞིག་བསླངས་པ་རེད། ཀྲུང་དབྱང་གི་མེང་ཡུང་ཧྲན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཐག་གཅོད་བྱས་པའི་སྐོར་གྱི་ཆོད་དོན་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ཁོངས་གཏོགས་སུ“གྱོད་གཞིར་བརྟེན་ནས་ཡོ་བསྲང་བྱེད་པར་སྐུལ་འདེད་དང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི”ཆེད་དོན་གྱི་ཉེན་བརྡའི་སློབ་གསོ་སྤེལ་ཞིང་། མེང་ཡུང་ཧྲན་དང་ཅ་ཞའོ་ཀང་གི་ངན་ཤུགས་གཙང་སེལ་བྱས་ཏེ། སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་། རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གིས་སློབ་གསོ་དག་ཐེར་གྱི་མགོ་ཁྲིད་ཚན་ཆུང་དང་གཞུང་ལས་ཁང་། བྱ་བའི་ཆེད་སྒྲུབ་ཚན་ཁག་བཅས་བཙུགས་ནས། རིགས་སྣ་མང་སྤྱད་དེ་ཆབ་སྲིད་སློབ་གསོ་དང་ཉེན་བརྡའི་སློབ་གསོ། དཔའ་བོ་དཔེ་བཟང་གི་སློབ་གསོ་བཅས་སྤེལ་བ་དང་། ཆབ་སྲིད་སློབ་གསོའི“སློབ་ཐུན་དང་པོ”དང་གསར་བརྗེའི་རྒྱུན་འཛིན་གྱི“ཐོག་མའི་བསམ་འདུན་གྱི་སློབ་ཐུན”། ལྡོག་ཕྱོགས་དཔེ་མཚོན་གྱི“ཉེན་བརྡའི་སློབ་ཐུན”། ཞིབ་དཔྱོད་དཔའ་བོ་དཔེ་བཟང་ཅན་གྱི“མིག་ལྟོས་ཡར་འདྲེན་གྱི་སློབ་ཐུན”བཅས་སྤེལ་ནས། ཞིབ་དཔྱོད་ཉེན་རྟོག་པའི་བསམ་བློའི་བླ་སྲོག་ལ་བྱབས་ཁྲུས་ཟབ་མོ་བྱས་པ་དང་། བློ་དཀར་སེམས་དཀར་དང་དྭངས་གཙང་། ཡིད་རྟོན་རུང་བ་བཅས་ཀྱི་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་།
རང་བཤེར་རང་བཅོས་དང་ཡོ་བསྲང་ནན་མོ་བྱས། བཅོས་དཀའི་གཅོང་ནད་རྩ་བ་ནས་ཕྱིར་སློག་དང་ཞིབ་བཤེར་ཆེན་པོ། བཅོས་སྐྱོང་ཆེན་པོ་བཅས་གཏིང་ཟབ་ཏུ་སྤེལ་བ་དང་། ནག་ཚོགས་དང་སྟོབས་ཤུགས་ངན་པར་འབྲེལ་བའི་གྱོད་གཞི་ལྡོག་བཤེར་དང་གནད་ཆེའི་གྱོད་གཞི་དཔྱད་བཤེར། བཅའ་ཁྲིམས་དང་ཞུ་གཏུག་ལ་འབྲེལ་བ་ཡོད་པའི་འཕྲིན་བཅར་གྱི་གྱོད་གཞི་གཙང་བཤེར། བཅའ་ཁྲིམས་ལྟ་སྐུལ་ལ་ཆེད་དོན་ཞིབ་བཤེར་བཅས་བྱས་པ་དང་། གནད་དོན་ཡོད་པའི་གྱོད་གཞི་དང་སྐྱོན་ཆ་ཡོད་པའི་གྱོད་གཞི166ལ་ཞིབ་བཤེར་དང་བཅོས་སྐྱོང་བྱས། “རང་བཤེར་ལ་གུ་ཡངས་དང་གཞན་བཤེར་ལ་ནན་མོ་བྱེད་པ”མཐའ་འཁྱོངས་བྱས་ཏེ། རང་འགུལ་གྱིས་གནད་དོན་ངོས་ལེན་ཞུས་པའི་ལས་བྱེད་ཉེན་རྟོག་པ173ལ་གུ་ཡངས་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས་མི42ལ་ཆད་པ་བཅད་པ་དང་། ཀྲུང་དབྱང་གི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་བཅོ་ལྔ་བས་བརྒྱུད་སྤྲོད་བྱས་པའི་ལས་བྱེད་ཉེན་རྟོག་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཁུངས་སྣེ7གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས། ཀྲུང་དབྱང་གི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་བཅོ་ལྔ་པས་སྐྱེལ་སྤྲོད་བྱས་པའི་བཅའ་ཁྲིམས་དང་ཞུ་གཏུག་ལ་འབྲེལ་བའི་གྱོད་གཞིའི་ཁུངས་སྣེ73དང་དཔྱད་བཤེར་དང་ཐག་གཅོད་བྱ་དགོས་པའི་གྱོད་གཞི20ཚང་མ་དུས་ཐོག་ཏུ་ཐག་གཅོད་བྱས། གྱོད་འབྲེལ་རྒྱུ་ནོར་ལ་ཆེད་དམིགས་གཙང་བཤེར་དང་ཐག་གཅོད་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། གྱོད་འབྲེལ་དངོས་རྫས475དང་གྱོད་འབྲེལ་སྒོར་མོ་ཁྲི878ཐག་གཅོད་བྱས།
སྒྲིག་སྲོལ་ལམ་ལུགས་འཛུགས་པར་ནན་འཛིན་བྱས། ཁྲིམས་འཛིན་སྤྱིའི་རྟོན་ཤུགས་ཀྱི་དཀའ་གནད་དང་འགག་སར་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་དམིགས་གཏད་ནས། ལམ་ལུགས་ཀྱི་ཞན་ཆར་ཁ་གསབ་རྒྱག་པ་ནས་མགོ་བརྩམས་ཏེ། རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བསྡོམས་བྱ་བའི་ལམ་ལུགས་དང་རྐྱེན་སྲོལ755གསར་འཛུགས་དང་འཐུས་ཚང་དུ་བཏང་བ་དང་དོན་ཚན58མེད་པར་བཟོས་ཤིང་། དེ་ལས་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ལམ་ལུགས་དང་རྐྱེན་སྲོལ30གཏན་འབེབས་བྱས་ལ། དེར་སྤྱོད་གཙང་སྒྲིག་ནན་དང་ཁྲིམས་བསྟར་ཁྲིམས་འཛིན་ལ་ཚོད་འཛིན་ལྟ་སྐུལ། ལས་བྱེད་ཉེན་རྟོག་པའི་ནུས་ཤུགས་མཐོར་འདེགས། ལས་བྱེད་པའི་ལས་གནས་བརྗེ་རེས། ཞིབ་དཔྱོད་པར་གཟིགས་སྐྱོང་བྱེད་པ་དང་ཁྲིམས་འཛིན་འགན་འཁྲི་སོགས་ཕྱོགས་དྲུག་ཚུད་ཡོད་ཅིང་། དབང་ཆ་དེ་ལམ་ལུགས་ཀྱི་གཟེབ་མའི་ནང་དུ་བཅུག་ཡོད།
དམངས་གི་ཆེད་དུ་ཏན་ཏིག་གིས་བྱ་བ་བསྒྲུབས།“ངས་མང་ཚོགས་ལ་དོན་དངོས་སྒྲུབ”“ངས་གཞི་རིམ་གྱི་དཀའ་གནད་སེལ”ཅེས་པའི་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་དང་གློག་འཕྲིན་དྲ་རྒྱའི་གཡོ་ལེན་ལ་སྔོན་འགོག་དང་དེར་རྡུང་རྡེག་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ཏེ། མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བའི་དོན་དངོས་དང་གནད་དོན638ཐག་གཅོད་བྱས། ཞིང་བ་གླ་རྒྱག་པར་རྒྱབ་སྐྱོར་བྱས་ཏེ་གླ་ཕོགས་ལེན་པའི་ཞིབ་དཔྱོད་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས། ཞིང་བ་གླ་རྒྱག་པར་རྒྱབ་སྐྱོར་བྱས་ཏེ་གླ་ཕོགས་ལེན་པའི་ཁེ་དབང་སྲུང་སྐྱོང་གི་གྱོད་གཞི352ཞུ་གཏུག་བྱས་པ་དང་རོགས་རམ་བྱས་ནས་ཆད་ཕོགས་སྒོར་ཁྲི1638.4འདེད་ལེན་བྱས།
འཐུས་མི་རྣམ་པ། ང་ཚོས་སློབ་གསོ་དག་ཐེར་བྱེད་པ་དེ་གོ་སྐབས་སུ་བཟུང་ནས། ཞིབ་བཤེར་ཡོ་བསྲང་བྱེད་པའི་ཞོར་ལ་དག་ཐེར་ལེགས་བཅོས་བྱེད་པ་དང་། དག་ཐེར་བྱེད་པའི་ཞོར་ལ་འཛུགས་སྐྱོང་ཡང་བྱས་ནས། ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་བློ་མི་འཁྲུག་པ། དཔུང་སྡེ་མི་ཐོར་བ། ལས་ཀའི་རྒྱུན་མི་ཆད་པ་བཅས་ལ་འགན་ལེན་བྱས་ཡོད། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས། མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་ཀྱི་ཞིབ་བསྡུར་ཟུང་འབྲེལ་དང་། ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་པ་ཟུང་འབྲེལ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས། ཞིབ་དཔྱོད་ཉེན་རྟོག་པ་ཡོངས་རྩ་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་གསར་བརྗེའི་ཁྲག་རྒྱུད་མི་ཆད་པར་བཏང་སྟེ། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས། ང་ཚོས་ཞིབ་དཔྱོད་དཔོན་གྱི་ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ལས་སྒོའི་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་ཐེངས15སྤེལ་བ་དང་མི་ཐེངས2171ལ་གསོ་སྦྱོང་བྱས། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་སོགས་དང་མཉམ་དུ་མི1200ལ་གསོ་སྦྱོང་བྱས། རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་ཁང་གི་རྟེན་གཞི་གསར་བ་སྤྱོད་མགོ་ཚུགས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་དུ་བཅའ་ཁྲིམས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ལས་དོན་ས་ཚིགས་བཙུགས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་སྐབས་བརྗེའི་འདེམས་བསྐོ་བྱེད་པར་གཞོགས་འདེགས་བྱས་ཏེ་ལེགས་འགྲུབ་བྱུང་། གཞི་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང21གསར་དུ་མིང་འདོན་བྱས་ལ། ཆ་སྙོམས་ལོ་ཚད1.4མར་ཆག དངོས་གཞིའི་བསླབས་རིམ་སྤྱིའི་ཆ་ནས་བརྒྱ་ཆའི་གཞི་གྲངས5འཕར་ལ། ཚན་ཁག་གི་ཆེད་ལས་དང་ལོ་ནའི་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་སོང་། ང་ཚོས་གཞི་རིམ་འཛུགས་སྐྱོང་ལ་དངོས་གནས་ཤུགས་བསྣན་པ་དང་། དུས་རབས་གསར་བའི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར་བཟོས་ཏེ། ཉམས་ཞན་གྱི་གཞི་རིམ་ཞིབ་དཔྱོད་ཁང8གཏན་ཁེལ་བྱས་པ་དང་། ཞིང་ཆེན་ཞིབ་དཔྱོད་ཁང་ཚན་ཁག་གི་ཁོངས་མིས་གནས་འཁེལ་རོགས་སྐྱོར་བྱས་ཏེ། རོགས་སྐྱོར་བྱེད་ཐབས45ཞིབ་ཕྲ་ཅན་དུ་བཏང་། བོད་འབྲེལ་ཁུལ་དྲུག་གི་ཞིབ་དཔྱོད་ལས་ཁུངས་ལ་ཁ་གཏད་རོགས་སྐྱོར་བྱེད་ཐབས17བཏོན། རྨ་སྟོད་རྫོང་ཞིབ་དཔྱོད་ཁང་ལ་གནོད་སྐྱོབ་མ་དངུལ་སྒོར་ཁྲི23གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ས་ཡོམ་རྗེས་ཀྱི་གཞུང་ལས་དང་ལས་བྱེད་ཉེན་རྟོག་པའི་འཚོ་བའི་དགོས་མཁོ་ཐག་གཅོད་བྱེད་རོགས་བྱས། “ཤེས་རིག་ཞིབ་དཔྱོད་ལས་དོན”གྱི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ལས་སྒྲུབ་དང་གྱོད་སྒྲུབ་ཚན་རིག་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་། ང་ཚོས་ཞིབ་དཔྱོད་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ཏེ། ཁྲིམས་འཛིན་གྱོད་ཞིབ་དང་སྲིད་དོན་གཙང་སྐྱོང་གི་ཉེན་ཁ་འགོག་སྡོམ་བྱེད་པའི་མ་ལག་འཛུགས་སྐྱོང་གི་མཛུབ་སྟོན་བསམ་འཆར་གཏན་ལ་ཕབ་སྟེ། འགོག་སྡོམ་གྱི་ཉེན་ཁའི་གནས56ཁ་གསལ་བཟོས། ཁྲིམས་འཛིན་ཐེ་གཏོགས་ལ་སྔོན་འགོག་བྱེད་པའི“གཏན་འབེབས་གསུམ”དོན་འཁྱོལ་ནན་མོ་བྱས་ཏེ། ཁྲིམས་འཛིན་གྱོད་ཞིབ་ལ་འདྲི་རྟོག་དང་ཐེ་གཏོགས། ཐེ་ཇུས་བྱེད་པ་སོགས་ཀྱི་དོན་ཚན་ལ“ངེས་པར་དུ་ཐོ་འགོད་བྱེད་དགོས་པ”དང་། རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གིས་སྙན་སེང་ཞུས་པའི་འབྲེལ་ཡོད་དོན་ཚན1947ཟིན་ཐོར་བཀོད། ཞིབ་དཔྱོད་ཁང་དུ་བཅའ་སྡོད་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ལྟ་སྐུལ་འགན་འཁྲི་སྒྲུབ་པར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་དང་ཞིབ་དཔྱོད་ཁང་དུ་བཅའ་སྡོད་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་གི་བྱ་བའི་གྲོས་མོལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།
འཐུས་མི་རྣམ་པ། ཞིབ་དཔྱོད་དབང་ཆ་ནི་མི་དམངས་ཀྱིས་གནང་བ་ཡིན་ལ། ལྟ་སྐུལ་བྱེད་མཁན་གྱིས་དེ་བས་ཀྱང་ལྟ་སྐུལ་དང་ལེན་བྱ་དགོས། ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་གོ་རིམ་ཡོངས་སུ་མི་དམངས་དམངས་གཙོ་བྱེད་པར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས་པའི་མཐོ་ཚད་ནས། རང་འགུལ་གྱིས་དམངས་ཆེན་གྱི་ལྟ་སྐུལ་དང་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ། ནང་ཁུལ་གྱི་ཚོད་འཛིན་ལྟ་སྐུལ་ལ་ཤུགས་བརྒྱབ། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་གྲོས་ཞིབ་དང་བཞུགས་མོལ་བྱེད་སྐབས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་མཐོང་ཆེན་བྱས་ནས། ལན་རེ་རེ་བཞིན་སློག་པ་མ་ཟད་དུས་རྒྱུན་གྱི་བྱ་བའི་ཁྲོད་དོན་འཁྱོལ་ཡོང་བར་བྱས། འཐུས་མི་དང་ཨུ་ཡོན་ལ་འབྲེལ་གཏུག་བྱེད་ཤུགས་ཆེར་བཏང་བ་སྟེ། རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གིས་སྣེ་ཁྲིད་ནས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲིར་བསྐྱོད་པ་དང་། འཐུས་མི་དང་ཨུ་ཡོན་ཞིབ་དཔྱོད་སྒོ་འབྱེད་ཉིན་མོ་དང་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་པར་གདན་འདྲེན་ཞུས། ང་རང་ལས་གནས་སུ་ཞུགས་རྗེས་སྔ་རྗེས་སུ་ཟི་ལིང་དང་མཚོ་ཤར། མཚོ་ལྷོ། མཚོ་བྱང་ས་ཆ་སོགས་སུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འཚམ་འདྲིར་བསྐྱོད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་བཅས་རིམ་པ་བཞིའི་འཐུས་མི་དང་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་བསམ་འཆར་དང་གྲོས་གཞི་ལ་ཉན་པ་ཡིན། སྤྱི་ཚོགས་ཀྱི་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་སྟེ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་དུས་ཚིགས་རེར་སྤྱི་ཚོགས་ལ་གྱོད་སྒྲུབ་ཀྱི་གཞི་གྲངས་གཙོ་བོ་ཁྱབ་བསྒྲགས་བྱེད་པ་མཐའ་འཁྱོངས་བྱས་ཏེ། གྱོད་གཞིའི་ཆ་འཕྲིན་གལ་ཆེན996དང་གྱོད་གཞིའི་ལས་རིམ་རང་བཞིན་གྱི་ཆ་འཕྲིན11436ཡོངས་བསྒྲགས་བྱས་པ་དང་། མཇུག་སྒྲིལ་རང་བཞིན་གྱི་བཅའ་ཁྲིམས་ཡིག་རིགས4699ཁྱབ་བསྒྲགས་བྱས། མི་དམངས་ལྟ་སྐུལ་བ494ཞིབ་དཔྱོད་བདེན་སྤྲོད་དང་ཞིབ་དཔྱོད་གྱོད་ཞིབ་ནང་ཞུགས་པར་གདན་འདྲེན་ཞུས། མི་དམངས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་ཀྱི་ཚོད་འཛིན་དང་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་པ་སྟེ། མི་དམངས་ཁྲིམས་ཁང་གིས་ཉེས་པ་མེད་པའི་ཁྲིམས་གཅོད་བརྒྱབ་པའི་གྱོད་གཞི་དང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་དང་ཞུ་གཏུག་མི་བྱེད་པའི་བསམ་འཆར་མི་འདྲ་བའི་རིགས་ལ་ང་ཚོས་མཐོང་ཆེན་བྱས་ཏེ་གྱོད་གཞི་རེ་རེར་དཔྱད་བསྡུར་དང་ཞིབ་བཤེར་བྱས་ནས་ནོར་འཁྲུལ་དང་ཆད་ལུས་ཤོར་བར་སྔོན་འགོག་བྱས། ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། ཞིབ་དཔྱོད་དཔོན་གྱི་འགན་དབང་གསལ་ཐོ་འཐུས་ཚང་དུ་བཏང་ནས། གྱོད་གཞིའི་སྤུས་ཚད་དཔྱད་བསྡུར་ཞིབ་བཤེར་དང་ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་སོགས་ནང་ཁུལ་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། ཞིབ་དཔྱོད་ཀྲང་དང་ལས་སྒོའི་སྡེ་ཁག་གི་འགན་འཁུར་བས་ཞིབ་བཤེར་དང་གནད་འགག་དམ་འཛིན་བྱེད་འགན་ཁ་གསལ་དུ་བཏང་ལ། “སུས་གྱོད་གཞི་སྒྲུབ་ན་དེས་འགན་འཁུར་བ་དང་། སུས་ཐག་གཅོད་ན་དེས་འགན་འཁུར་བའི”གྱོད་གཞི་སྒྲུབ་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡོང་བར་བྱས།
འཐུས་མི་རྣམ་པ། འདས་པའི་ལོ་གཅིག་རིང་གི་ཞིབ་དཔྱོད་བྱ་བར་གྲུབ་འབྲས་བླངས་པ་ནི། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས་མགོ་ཁྲིད་གནང་བའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ནུས་ལྡན་སྒོས་ལྟ་སྐུལ་བྱས་པའི་འབྲས་བུའང་ཡིན། ཞིང་ཆེན་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་ཞིང་ཆེན་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཁ་འབྲལ་ཐབས་མེད་ལ། གྲོང་ཁྱེར་དང་ཁུལ་རིམ་པ་སོགས་ཀྱི་ཏང་སྲིད་སྡེ་ཁག་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་འབྲལ་ཐབས་མེད་པ་དང་། སྲིད་ཁྲིམས་ལས་ཁུངས་སོ་སོའི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། འདིར་ངས་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།
དུས་མཚུངས་སུ། ང་ཚོས་གསལ་བོར་ངེས་པ་ནི། ཞིབ་དཔྱོད་བྱ་བའི་ཐད་ད་དུང་གནད་དོན་དང་མི་འདང་ས་མི་ཉུང་བ་ཞིག་གནས་ཡོད་པ་སྟེ། གཅིག་ནས་ཞིབ་དཔྱོད་བྱ་བས་ཞིང་ཆེན་ཡོངས་ཀྱི་བྱ་བར་ཞབས་ཕྱི་དང་འགན་སྲུང་བྱེད་པའི་ཁྱོན་ཡོངས་ཀྱི་འདུ་ཤེས། ནུས་ཤུགས་དང་ཕན་འབྲས་ད་དུང་མུ་མཐུད་དུ་ཤུགས་ཆེ་རུ་གཏང་དགོས། གཉིས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་པ་ད་དུང་མི་འདང་ལ། བཅའ་ཁྲིམས་ལྟ་སྐུལ་གྱི་ཤུགས་ཚད་དང་སྤུས་ཚད། ཕན་འབྲས་བཅས་ད་དུང་མཐོར་འདེགས་སུ་གཏང་དགོས། གསུམ་ནས་ཞིབ་དཔྱོད་དཔུང་སྡེའི་ཆེད་ལས་ནུས་པའི་སྤུས་ཚད་དེ་དུས་རབས་གསར་བའི་བླང་བྱ་མཐོན་པོ་དང་ད་དུང་ཡོངས་སུ་འཚམ་མི་ཐུབ་ཅིང་། གཞི་རིམ་རྨང་གཞིའི་བྱ་བར་སྔར་བས་ཤུགས་བསྣན་དགོས། བཞི་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་གི་བྱ་བར་ད་དུང་མུ་མཐུད་ནས་གཏིང་ཟབ་ཏུ་གཏང་དགོས་ལ། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བཞིན་མུ་མཐུད་ནས་ཤུགས་བསྣན་དགོས། གནད་དོན་འདི་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ནས་ནན་ཏན་སྒོས་ཐག་གཅོད་བྱ་རྒྱུ།
2022ལོའི་བྱ་བའི་བཀོད་སྒྲིག
2022ལོའི་ཞིབ་དཔྱོད་བྱ་བའི་སྤྱིའི་རིགས་ལམ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་ལེན་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཐོག རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བདེ་འཇགས་བརྟན་བརླིང་གི་ཆབ་སྲིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པ་གཙོ་ཐིག་བྱེད་ལ། ཞིབ་དཔྱོད་བྱ་བའི“སྤུས་ཚད་འཛུགས་སྐྱོང་ལོ”འཆང་བཟུང་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དང་། “བཙན་ས”བསྐྲུན་པ་དང“གནས་བཞི”འཛུགས་སྐྲུན་བྱ་རྒྱུར་དམ་པོར་དམིགས་ཏེ། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་ཁྲིམས་སྐྱོང་རང་རྟོགས། ཞིབ་དཔྱོད་རང་རྟོགས་བཅས་ལ་བརྟེན་ནས། ཁྱོན་ཡོངས་ཀྱི་འདུ་ཤེས་བྱེད་ཤུགས་ཆེ་རུ་གཏང་དགོས་ལ། མི་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་། རང་ཉིད་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་བློ་དཀར་སེམས་དཀར་གྱིས་རང་འགན་སྒྲུབ་པ་དང་རང་འགན་འཁུར་ཏེ། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཁྱད་འཕགས་གཏོད་པ། བྱང་ཚད་མཐོར་གཏོང་། གཞི་རིམ་སྲ་བརྟན། སྤྱོད་གཙང་འགན་ལེན་བཅས་བྱས་ཐོག ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་ནུས་ལྡན་གྱི་ཞིབ་དཔྱོད་འགན་སྲུང་འདོན་སྤྲོད་བྱ་དགོས་ལ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས།
གཅིག་ནས་ཏང་གིས་ཞིབ་དཔྱོད་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་བྱ་རྒྱུ་དེ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་བསམ་བློར་དྲག་ཆས་སྤྲོད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ལ་སྐུལ་སྤེལ་གཏིང་ཟབ་ཏུ་གཏང་དགོས་ལ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་མི་ཆད་པར་མཐོ་རུ་གཏང་དགོས་པ་དང་། “གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ཏེ། རང་འགུལ་གྱིས་ཏང་གི་མགོ་ཁྲིད་དེ་ཞིབ་དཔྱོད་བྱ་བའི་ཕྱོགས་སོ་སོ་ནས་དོན་འཁྱོལ་བྱ་དགོས་ལ། བློ་དཀར་སེམས་དཀར་གྱིས་འགན་འཁྲི་སྒྲུབ་པའི་ཁྲོད“སྲུང་སྐྱོང་གཉིས”ལག་བསྟར་བྱ་དགོས།
གཉིས་ནས་ཧུར་ཐག་སྒོས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་དགོས། ཞིང་ཆེན་ཏང་ཨུའི་འཐབ་ཇུས་དང་བཀོད་སྒྲིག་ལ་དམིགས་ནས་ཞིབ་དཔྱོད་བྱ་བར་ཇུས་འགོད་བྱས་ཏེ་འགན་ནུས་དང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་གཏང་དགོས། ཁྲིམས་སྐྱོང་གི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ནག་ཉེས་ལ་ཉེས་ཆད་ནན་མོ་གཅོད་པ་དང་ཁྲོམ་རའི་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོབ་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པར་དམིགས་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གི་འགན་ནུས་འདོན་སྤེལ་བྱས་ཏེ། ཁྲིམས་ལྟར་དུས་ཐོག་ཏུ་ཁོར་ཡུག་ཐོན་ཁུངས་གཏོར་བརླག་གཏོང་བའི་རིགས་ཀྱི་ཉེས་དོན་གྱོད་གཞི་ཞིབ་གཅོད་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ། མཚོ་སྔོན་པོའི་མཐའ་སྐོར་སོགས་གཙོ་གནད་ས་ཁོངས་སྐོར་སྐྱོད་ཀྱི་སྐྱེ་ཁམས་སྤྱི་ཕན་ཞིབ་དཔྱོད་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱ་དགོས།
གསུམ་ནས་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་སྔར་ལས་མཐོ་བའི་ཆུ་ཚད་ཀྱི་བདེ་འཇགས་མཚོ་སྔོན་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་སྣ་ཚོགས་ལ་ཁྲིམས་ལྟར་ཞིབ་གཅོད་ནན་མོ་བྱས་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་རྒྱུན་རྣམ་ལྟར་སྤེལ་བ་དང་། ནག་ངན་དང་འབྲེལ་བའི་ནག་ཉེས་དང་ཉེས་དོན་ཚབས་ཆེན་གྱི་ནག་ཉེས་གཞན་དག་ཁྲིམས་ལྟར་མགྱོགས་མྱུར་ངང་འཛིན་བཟུང་དང་ཞུ་གཏུག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱ་དགོས། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”གི་མཚོ་སྔོན་པར་གཞི་འཛུགས་སྐྱོང་བྱེད་པར་གཞོགས་འདེགས་བྱས་ཏེ། ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བཅའ་ཁྲིམས་དང་ཞིབ་དཔྱོད་བྱ་བར་འབྲེལ་བའི་འགལ་བ་འདུམ་གཅོད་དང་འཕྲིན་བཅར་ཞི་འཇགས་ཀྱི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་པ་དང་། ཞིབ་དཔྱོད་ཀྱི་ཕྱོགས་སོ་སོའི་འགལ་བ་སེལ་ཞིང་ཞི་ལྷོད་ཏུ་གཏོང་བ་དང་འགལ་བ་བསགས་ནས་ཛ་དྲག་ཏུ་མི་འགྱུར་བར་ཧུར་བརྩོན་བྱ་དགོས། བུད་མེད་དང་ནར་མ་སོན་པའི་མི། རྒན་པ། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་པ་དང་། ཞིང་བ་གླ་རྒྱག་པས་གླ་ཕོགས་ལེན་པར་རྒྱབ་སྐྱོར་བྱེད་པའི་ཆེད་དམིགས་བྱེད་སྒོ་ཟབ་སྤེལ་བྱས་ཏེ། ཉམས་ཞན་ཁྱུ་ཚོགས་ལ་བདེན་དྲང་གི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བསྐྲུན་དགོས།
བཞི་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས། 《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་དགོངས་འཆར》དང་ཞིང་ཆེན་ཏང་ཨུའི《བྱེད་ཐབས་འགའ》ལག་ལེན་མཐར་ཕྱིན་བྱས་ནས། ཉེས་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞི”ལ་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། གྱོད་ཐོ་འགོད་པར་ལྟ་སྐུལ་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ། འདྲི་གཅོད་ལ་ལྟ་སྐུལ། ཉེས་དོན་ལག་བསྟར་ལ་ལྟ་སྐུལ། ཁྲིམས་འཛིན་ལས་སྒྲུབ་མི་སྣ་དང་འབྲེལ་བའི་ལས་ཐོག་ཉེས་གསོག་གི་ཞིབ་གཅོད་བྱ་བ་བཅས་ལ་ཤུགས་བསྣན་ཏེ། དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་གྱི་ཁྱད་འཕགས”གཏོད་དགོས།
ལྔ་ནས་བློ་བརྟན་འགྱུར་མེད་ཀྱིས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུ་མུ་མཐུད་དུ་གཏིང་ཟབ་ཏུ་གཏང་དགོས་ལ། ཆབ་སྲིད་ལ་བློ་དཀར་སེམས་དཀར་བྱ་རྒྱུ་སྲ་བརྟན་དུ་གཏང་དགོས། ལས་སྒོའི་སྦྱོང་བརྡར་དང་དངོས་འཐབ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ། གྱོད་གཞི་ཞིབ་གཅོད་ཤེས་པ་དང་ལྟ་སྐུལ་ལ་མཁས་པའི་ཆེད་མཁས་ཅན་གྱི་ཞིབ་དཔྱོད་དཔོན་སྔར་ལས་མང་པོ་གསོ་སྐྱོང་བྱ་དགོས། ཞིབ་དཔྱོད་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་གཏིང་ཟབ་ཏུ་སྤེལ་བ་དང་། མེང་ཡུང་ཧྲན་དང་ཅ་ཞའོ་ཀང་གི་ངན་ཤུགས་གཙང་སེལ་བྱས་ཏེ།“གཏན་འབེབས་གསུམ”དོན་འཁྱོལ་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏང་དགོས་པ་དང་། ལས་རིགས་ཀྱི་ཀུན་སྤྱོད་དང་སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཞིབ་དཔྱོད་དབང་ཆའི་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་མི་དམངས་ལ་གནོད་པའི་མི་ངན་ཞིབ་བཤེར་ཐག་གཅོད་བྱ་དགོས། ན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པར་ཤུགས་བསྣན་ནས། གཞི་རིམ་ལ་སེམས་ཁུར་དང་གཞི་རིམ་ལ་ཁ་ཕྱོགས་ཏེ། རྒྱ་ཆེའི་ཞིབ་དཔྱོད་མི་སྣར་བློ་བདེ་མོའི་ངང་ནས་བྱ་བ་དང་འཚོ་བ་སྐྱེལ་དུ་གཞུག་དགོས།
འཐུས་མི་རྣམ་པ། ཆུ་བོ་རབ་རྒྱས་གཙང་ངོགས་མཉམ་ནས་གནམ་སའི་རྒྱ་ཁྱོན་ཡངས་པོར་ཕྱེ།། གྲུ་ཡི་གཡོར་ཆེན་མཐོ་རུ་བསྒྲེངས་ནས་རླུང་དང་འགྲོགས་ནས་མདུན་དུ་སྐྱོད།། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་དཀར་སེམས་དཀར་གྱིས་འགན་འཁྲི་སྒྲུབ་པ་དང་ཞུམ་པ་མེད་པར་མདུན་དུ་བསྐྱོད་པ། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས།།