སྲིད་གཞུང་གི་བྱ་བའི་སྙན་ཞུ།
ཡོང་ཁུངས།:སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ:སུང་ཆི།
སྤེལ་དུས།:2021-03-04 11:27:00
༄༅། །སྲིད་གཞུང་གི་བྱ་བའི་སྙན་ཞུ།
---2021ལོའི་ཟླ1པོའི་ཚེས30ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།
ཧྲིན་ཀྲང་། ཞིན་ཁྲང་ཞིང་།
འཐུས་མི་རྣམ་པ།
ད་ལྟ་ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། སྲིད་གྲོས་ཨུ་ཡོན་ལྷན་རྒྱས་དང་གྲོས་ཚོགས་ལ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།
གཅིག 2020ལོ་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”བྱ་བར་ཕྱི་མིག་ལྟ་བ།
འདས་མ་ཐག་པའི་ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དུ་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ལ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་དཀའ་ངལ་དང་འགྲན་སློང་མང་བོར་གདོང་གཏད་དེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང། ཞིང་ཆེན་ཏང་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ་དཀའ་ངལ་ཁྱད་གསོད་དང་སྤོབས་པ་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཤིང། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང། “བརྟན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་དང“འགན་སྲུང་དྲུག”གི་ལས་འགན་སྒོ་ཀུན་ནས་དོན་འཁྱོལ་བྱས་ཐོག “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང། ནམ་རྒྱུན་དང་མི་འདྲ་ཞིང་དམིགས་བསལ་གྱི་ཉམས་ཚོད་བླངས་པའི་ལོ་ཡི་དྲིས་ལན་ཡག་པོ་ཞིག་བཏབ་ཡོད། ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང1.5%དང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ5.6%འཕར་ཞིང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ6.3%འཕར་བ་དང། མཁར་གྲོང་དུ་ལས་ཤོར་ཐོ་འགོད་བྱས་ཚད2.1%ཡོད་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་འཕར་ཚད2.6%ཏུ་ཚོད་འཛིན་བྱས་ཡོད།
ལོ་གཅིག་གི་རིང་ལ་གཙོ་བོ་གཤམ་གསལ་གྱི་བྱ་བ་འདི་དག་བསྒྲུབས་པ་སྟེ།
---ཤུགས་ཡོད་རྒུས་རིམས་འགོག་དམག་འཐབ་བརྒྱབ་པ། ལོ་ངོ་བརྒྱ་ཕྲག་གི་རིང་ལ་འཕྲད་མ་མྱོང་བའི་ཐོལ་བྱུང་གི་རིམས་བབ་ཚབས་ཆེན་ལ་གདོང་གཏད་དེ། ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར་ང་ཚོས་མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་རིམས་བབ་འགོག་སྡོམ་གྱི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་འཕྲལ་མྱུར་ངང་བརྒྱབ་ཅིང། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ་ཟླ་གཅིག་གི་ནང་དུ་ནད་ངོ་བཟུང་བའི་ནད་པ་ཡོངས་རྫོགས་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པ་དང། ཟླ་གཉིས་ཀྱི་ནང་དུ་རྒྱུན་རྣམ་ལྟར་འགོག་སྡོམ་བྱེད་པར་བསྒྱུར་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ“གཙང་སེལ་ལྔ”མངོན་འགྱུར་བྱས་པར་མ་ཟད། ཧུའུ་པའེ་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། རྒྱལ་ཡོངས་ཀྱི་རིམས་འགོག་དམག་འཐབ་ཐད་ལ་མཚོ་སྔོན་གྱིས་བྱས་རྗེས་བཞག་པ་རེད། བརྗེད་དཀའ་བའི་ལོ་ཟླ་དེའི་ནང་དུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས། སྟོབས་ཤུགས་གཅིག་སྒྲིལ། དཀའ་ངལ་མཉམ་སེལ་བྱས་ཏེ་རིམས་འགོག་སྙིང་སྟོབས་རླབས་པོ་ཆེར་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ལ། མཐོ་སྒང་གི་བུ་བུ་མོས་ཞུམ་པ་མེད་པར་དཀའ་བ་བརྒྱ་ཕྲག་ཁྱད་གསོད་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་རླབས་ཆེན་སྙིང་སྟོབས་དང་ལྷད་མེད་བརྩེ་བ་མངོན་ཡོད།
---དཔལ་འབྱོར་སྒྲིག་ལམ་སྔོན་གྲས་སུ་བསྐྱར་གསོ་བྱས་པ། གནས་བབ་ལ་ཚན་རིག་དང་མཐུན་པར་ཞིབ་བརྡར་བྱས་ནས་གནད་ཁེལ་སྒོས་ཇུས་ཐག་བཅད་ཅིང། དུས་ཐོག་ཏུ་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི“བསྐྱར་འབྱེད་མཐེབ”མནན་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ལས་ཐོན་གཉིས་བསྐྱར་གསོ་བྱེད་མགོ་བརྩམས། ཁེ་ལས་ལ་དཀའ་ངལ་སེལ་རོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྐོར་ཅིག་ཕྱིར་བཏོན་ཏེ་ཁྲོམ་རའི་བྱེད་པོ་རིགས་སྣ་ཚོགས་ལ་ཁེ་ཕན་སྒོར་དུང་ཕྱུར85བསྩལ་པ་དང། “ཆེད་སྤྱོད་ལྔའི”ཞབས་ཕྱིའི་མ་ལག་དང“གཅིག་བསྡུས་བཞིའི”ཞབས་ཕྱི་སྒྲུབ་སྟངས་སྤྱད་དེ་རིགས་སྣ་ཚོགས་པའི་རེ་ཞུའི་དོན་དག་ཁྲི1.3ཐག་བཅད་ཅིང་ཁྲོམ་རའི་བྱེད་པོ་རིགས་སྣ་ཚོགས11.6%འཕར། གཙོ་གནད་ལས་གཞི190སྐྲུན་མགོ་བརྩམས་པའམ་སྐྲུན་མཚམས་བཞག་པ་བསྐྱར་གསོ་བྱས་པ་དང། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་དངོས་སུ་སྐྲུན་མགོ་བརྩམས། དམངས་ལ་ཕན་ཁེ་དང་ཁེ་ལས་ལ་དྲོད་ཁོལ་སྩོལ་བ། འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སྡེབ་འཚོང་དང་སིལ་འཚོང་ལས་རིགས་ཀྱི་ཚོང་ཟོང་ཕྱིར་འཚོང་གྲངས་འབོར་བརྟན་འཇགས་ངང་འཕར་བ་རེད། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་བསྡུས་ནས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད། ཀྲུང་གོ་དང་ཡོ་རོབ་བར་རྒྱུག་པའི་མེ་འཁོར་དང་ལྕགས་ལམ་མཚོ་ལམ་སྟེང་མཉམ་འདྲེན་གྱི་མེ་འཁོར་དང་མཚོ་གྲུ་རྒྱུན་རྣམ་ལྟར་གཉེར་སྐྱོང་བྱས་པ་དང་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས། ཞིང་ཕྱུགས་ལས་ལ་ཡང་བསྐྱར་ཐོན་འབབ་ལེགས་པོ་བྱུང་ནས4.5%འཕར་བ་དང། དཔལ་འབྱོར་བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་དུ་བཟང་ཕྱོགས་སུ་འཕེལ་ནས་ངར་ཤུགས་དང་གསོན་ཤུགས་དྲག་པོ་མངོན་པ་རེད།
---དབུལ་སྒྲོལ་གྱི་གྲུབ་འབྲས་བསྟུད་མར་བརྟན་སྲུང་བྱས་པ། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་བོ་ཡོངས་རྫོགས་དབུལ་ཐར་བྱས་པའི་རྨང་གཞིའི་སྟེང་དུ། “རྗེས་མཐུད་བརྟན་སྲུང་འགུལ་སྐྱོད་ཆེན་པོ་དགུ”ལག་བསྟར་བྱས་ནས་དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་བསྐྱར་གསོ་དང་ངལ་རྩོལ་པ་དབུལ་བོའི་ལས་གཉེར་ལས་ཞུགས་ལ་དམིགས་བསལ་གྱིས་སྔོན་ལ་རོགས་སྐྱོར་བྱས་ཤིང། ཐོན་ལས་དང་འཛད་སྤྱོད། སློབ་གསོ། བདེ་ཐང། སེམས་ཁམས་བཅས་ཀྱི་ཐད་ནས་དབུལ་སྐྱོར་བྱེད་པར་མཉམ་འབྲེལ་གྱིས་སྐུལ་འདེད་བཏང་ཐོག མ་མཐའི་འཚོ་བ་འགན་སྲུང་དང་ཐ་སྐྱོང་འགན་སྲུང་བྱེད་ཤུགས་ཇེ་ཆེ་དང་ནམ་རྒྱུན་ལྟ་ཞིབ་ཚད་ལེན་དང་གནད་ཁེལ་གྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཞིང། ཚུར་ལྡོག་པའི་གནད་དོན་དག་ཐེར་དང་ལེགས་བཅོས་བྱ་བ་ཡོངས་སུ་འགྲུབ་པ་དང་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཚད་གཞི་མཐོན་པོའི་སྒོ་ནས་ཡོངས་བཤེར་བྱས་ནས་འགྲུབ་ཡོད། དབུལ་ཕོངས་ཤ་སྟག་དང་ས་ཁོངས་ཧྲིལ་བོ་དབུལ་ཕོངས་ཡིན་པའི་གནས་ཚུལ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཐག་བཅད་ཅིང། དབུལ་ཕོངས་ས་ཁུལ་གྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་རེད།
---སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ལག་ལེན་ཟབ་མོ་བྱས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྐྲུན་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམས་ཤིང། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ(མཚོ་སྔོན་གྱི་མུ་རྒྱུད)རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟར་བདེ་བླག་ངང་དཔྱད་དཔོག་རྩིས་ལེན་ཐོབ། “མ་ཡུམ་གཙང་བོར་སྲུང་སྐྱོང་དང་བཅོས་སྐྱོང་ཆེན་པོར་སྐུལ་འདེད”བྱེད་པའི་ཆེད་དམིགས་བྱེད་སྒོ་སྤེལ་ནས། རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་གོང་སྤེལ་ཚོད་ལྟ་ཁང་བཙུགས་པ་དང་རྨ་ཙོང་རིག་གནས་གླེང་སྟེགས་སྐབས་དང་པོ་བསྡུས། མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ནས་ལོ་འཁོར་མོའི་དམིགས་འབེན་དུས་ལྟར་ལེགས་འགྲུབ་བྱུང། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལ་ལྟ་ཞིབ་བྱས་ཏེ་རྙེད་པའི་གནད་དོན་དག་ཐེར་དང་ལེགས་བཅོས་བྱ་བ་དམ་འཛིན་བྱས་ཐོག “ཐིག་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཡན་ལག་ས་ཁུལ་འགོག་སྡོམ་བྱས་པ་དང། རྒྱུན་རྣམ་ལྟར་སྙིགས་རོ་འབུད་དབང་ཉོ་ཚོང་བརྒྱབ་ཅིང་ཐཱན་འདུས་དམིགས་ཚད་ཉོ་ཚོང་གི་སྟོང་ཆ་བསྐངས་པ་རེད།
---འཕེལ་རྒྱས་ཀྱི་སྒུལ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ། ནུས་ཁུངས་དག་གཙང་དཔེ་སྟོན་གྱི་ཞིང་ཆེན་སྐྲུན་པར་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང། མཚོ་ལྷོ་དང་མཚོ་ནུབ་ཀྱི་སླར་སྐྱེའི་ནུས་ཁུངས་རྟེན་གཞི་གཉིས་ཀ་སྟོང་ཝ་བྱེ་བ་རིམ་པའི་སྐས་རིམ་དུ་བསྙེགས་པ་དང། མཚོ་སྔོན་ནས་ཧི་ནན་བར་གྱི་གློག་རྒྱུན་ཐད་རྒྱུག་ལས་གྲྭ་བསྐྲུན་ནས་གློག་སྐྱེལ་མགོ་བརྩམས་པ་དང། དག་གཙང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱས་པའི་བསྡུར་ཚད་བཅུ་ཆའི་དགུ་ལས་བརྒལ་ཞིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། “གཙང་གསུམ་འབྱུང་ཡུལ་གྱི་ཉིན་བརྒྱའི་ལྗང་གློག”ཐད་ནས་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་གསར་བ་བསྐྲུན། ཚན་རྩལ་ཆེད་དམིགས་ལས་གཞི་ཆེན་པོ་བཀོད་སྒྲིག་བྱས་ནས་བསྐྲུན་ཞིང། ལེང་ཧུའུ་གནམ་དཔྱད་ལྟ་འཇལ་རྟེན་གཞིའི་གནམ་དཔྱད་རྒྱང་མཐོང་མེ་ལོང་ཐོག་མ་དངོས་སུ་བེད་སྤྱོད་མགོ་བརྩམས་པ་དང་སྭེལ་ལྷད་མེད་རྒྱུ་ཆའི་རྒྱལ་ཁབ་ཁེ་ལས་ལག་རྩལ་ལྟེ་གནས་ལ་ཆོག་མཆན་ཐོབ། ཐཱན་ཚི་སྣ་ཐོན་སྐྱེད་སྒྲུབ་རིམ་དུ་ཚོད་ལྟ་ལེགས་འགྲུབ་བྱུང་བ་དང། གློག་བཞུས་ཟངས་ལེབ་སོགས་རྒྱུ་ཆ་གསར་བའི་ཐོན་ལས་ལས་གཞི་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད། ཡོངས་སུ་དག་གཙང་ནུས་ཁུངས་སྤྱད་དེ་གཉེར་སྐྱོང་བྱེད་པའི་རྒྱལ་ཡོངས་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ཐོག་མ་བེད་སྤྱོད་མགོ་བརྩམས་པ་དང། མཚོ་སྔོན་གྱི་ནས་དང་ལུག་ཤ་སྐམས་ཤ་ཉོ་ཚོང་ལྟེ་གནས་དང་ནུབ་བྱང་ས་ཁུལ་གྱི་གཞིའི་ཤེལ་བརྙན་ཞབས་ཕྱི་འཕྲུལ་ཆས་ཐོག་མ་དེ་རང་ཞིང་དུ་སྐུད་ལམ་སྟེང་འཁོར་སྐྱོད་བྱེད་མགོ་བརྩམས། ཨ་མྱེས་སྟོང་སོ་ཡུལ་སྐོར་མཛེས་ལྗོངས་དེ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་སུ་བདམས་ལ། ཚྭ་ཁ་ཚྭ་མཚོ་དང་ཏུང་ཐའེ་ཅི་ནེར་མཚེའུ་སོགས་དྲ་ཐོག་ཏུ་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་བསྟུད་མར་བྲིན་ཆེ་བར་གྱུར་ཅིང། རབ་མཛེས་མཚོ་སྔོན་གྱི་མཚན་སྙན་བསྟུད་མར་ཇེ་ཆེར་གྱུར་ནས་མི་རྣམས་ཀྱི་ཡིད་སྨོན་འཆོར་སའི“སྙན་ངག་དང་རྒྱང་རིང”ཞེས་པའི་གནས་དེར་གྱུར་དང་འགྱུར་བཞིན་པ་རེད།
---དམངས་འཚོའི་བསོད་སྐལ་རྒྱུན་མ་ཆད་པར་ཇེ་ཆེར་བཏང་བ། ལས་ཞུགས་བརྟན་འཇགས་གཏོང་བའི“སྐྱེལ་བཞི”བྱ་འགུལ་སྤེལ་ཞིང། འཐབ་ཇུས་ཕྱོགས་བསྡུས་སྒོས་ལག་བསྟར་བྱས་ནས་ལས་ཞུགས་གནས་བབ་བརྟན་འཇགས་ཡོང་ཞིང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བ་སོགས་ཉམས་མྱོང་དང་སྒྲུབ་ཐབས་དཔེ་མཚོན་ཅན་གསུམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་མཛད། སྤྱི་ཚོགས་འགན་སྲུང་གི་གསོལ་ཐང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང། དཀའ་ངལ་དམིགས་བསལ་ཅན་ལྡན་པར་གསོ་སྐྱོང་གི་ཚད་གཞི་བསྟུད་མར་ཇེ་མཐོར་བཏང། སློབ་གསོའི་གྲོན་དངུལ་སྣ་གསུམ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲས་སུ་ཚུད་ཅིང། ནང་ཆེན་དང་རྫ་སྟོད། ཆུ་དམར་ལེབ་རྫོང་བཅས་ལ་རྒྱལ་ཁབ་ཀྱི་དཔྱད་དཔོག་ངོས་ལེན་ཐོབ་པ་དེ་རྟགས་མཚན་བྱས་ནས། རང་ཞིང་གིས་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་སྤྱི་ཡོངས་ནས་མངོན་འགྱུར་བྱས་པ་རེད། རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཀྱིས་ཆེས་སྔོན་གྲས་སུ་ཕྱོགས་ཡོངས་ནས་སློབ་མགོ་ཚུགས་ཏེ་སློབ་ཁྲིད་བསྐྱར་གསོ་བྱས། “སྨན་ལྔ་མཉམ་འགུལ”དུ་བཅོས་སྒྱུར་བྱས་ནས་བསྟུད་མར་ཁེ་ཕན་ཐོབ་ཅིང་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་རྫོང་རིམ་པ་ཡོངས་སུ་ཁྱབ་པར་བྱས་པ་དང། ཐུམ་འབུའི་ནད་པར་གཤག་བཅོས་ཐོག་དང་པོར་འགུལ་རྣམ་ལྟར་གཙང་འགྲུབ་བྱས་པ་རེད།
མཁར་གྲོང་གི་ལས་བཟོ་བ་དཀའ་ངལ་ལས་སྒྲོལ་བའི་ལས་འགན་དུས་ལྟར་ཡོངས་སུ་གྲུབ་ཅིང་མཁར་གྲོང་གི་སྡོད་ཁང་ཐབས་ཆག་ཁྲི1.1དང་གཞིས་ཁུལ་རྙིང་པའི་སྡོད་ཁང་ཁྲི5སྒྱུར་བཀོད་བྱས་པ་དང། རོང་འབྲོག་པ་ཁྱིམ་ཚང་ཁྲི3གྱི་གནས་སྡོད་ཆ་རྐྱེན་ཕྱོགས་བསྡུས་ཀྱིས་ལེགས་སྒྱུར་བྱེད་པའི་ལས་གྲྭ་བསྐྲུན། རིག་གནས་ཀྱིས་དམངས་ལ་ཕན་ཁེ་སྐྲུན་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་སོགས་ཀྱི་ལས་དོན་བསྟུད་མར་སྤེལ་ཞིང་དམངས་གཉེར་ཁེ་ལས་ཁྲོད་ཀྱི་ཁེ་ལས་ཆུང་བར་ཆད་པའི་གྲོན་དངུལ་གཙང་འཇལ་གྱི་ལས་འགན་ཡོངས་སུ་གྲུབ། རིམས་བབ་ཀྱི་རྐྱེན་ངན་བྱུང་ཞིང་ནོར་སྲིད་ལ་དཀའ་ངལ་ཅུང་ཟད་འཕྲད་ཀྱང་དམངས་འཚོའི་བྱ་བར་ཤུགས་རྐྱེན་ཐེབས་མེད་ལ། ལོ་མགོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་དམངས་འཚོའི་དོན་དངོས་སྒྲུབ་པའི་ལས་གྲྭ་རིགས10དང་རྣམ་གྲངས41ཚང་མ་ཁ་བཤད་ལག་བསྟར་བྱས་ཟིན།
ན་ནིང། ང་ཚོས་ཡུལ་ཤུལ་ཡོམ་འགོག་རྒུད་སྐྱོབ་ལོ་འཁོར་བཅུ་ལོན་པར་རྗེས་དྲན་ཞུ་བའི་བྱ་འགུལ་གཟབ་རྒྱས་ངང་བསྡུས་ཤིང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར་བཅུ་ལོན་པའི་བྱ་འགུལ་རབ་དང་རིམ་པ་ལེགས་པར་སྤེལ་ནས། རིགས་སོ་སོའི་མི་དམངས་ལ་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེ་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་དུ་འཕགས་པ། མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོར་དྲོད་ཁོལ་ལྡན་པའི་མྱོང་ཚོར་སྔར་ལས་ཟབ་མོ་སྐྱེས་པ་དང། སྐུ་དྲིན་དྲན་ཞིང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྟོབས་ཤུགས་དྲག་པོ་སྔར་ལས་ལྷག་པར་གཅིག་ཏུ་བསྒྲིལ་པ་རེད།
འཐུས་མི་རྣམ་པ།
འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནི་སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་རིང་བོར་དཀའ་སྤྱད་འབད་འཐབ་སྒོས་རྨང་གཞི་བརྟན་པོ་བཏིང་བའི་སྟེང་དུ། འབད་བརྩོན་དང་ཏན་ཏིག་གིས་བྱ་བ་བསྒྲུབས་ཏེ་བླངས་པ་ཡིན་ལ། གྲུབ་འབྲས་དེ་དག་གིས“ལོ་ལྔའི་འཆར་འགོད་བཅུ་གསུམ་པར”རྫོགས་ཚིག་ཡག་པོ་ཞིག་བཀོད་པ་རེད། ལོ་ལྔའི་བཤུལ་ལམ་ལ་ཕྱི་མིག་བལྟས་ན། ང་ཚོས་བཀའ་དྲིན་ཆེས་བརྗེད་དུ་མེད་པ་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”མགོ་རྩོམ་པའི་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། ང་ཚོར་འབྱོར་ཕྱུག་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་སྐྲུན་པའི་འཆར་འགོད་ཡག་པོ་མཛད་པ་དེ་རེད། ལོ་ལྔའི་རིང་ལ་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག “ཆེ་ཤོས་གསུམ”ཞེས་པའི་མཚོ་སྔོན་གྱི་གནས་ཚུལ་དང“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལྟར་མཚོ་སྔོན་གསར་བ་སྐྲུན་པར་དུས་བསྟུན་ལྷན་སྐྱོད་ཀྱིས་སྐུལ་འདེད་བཏང་ནས་རྒྱུན་མ་ཆད་པར་སྐས་རིམ་གསར་བའི་སྟེང་དུ་བསྙེགས་ཡོད།
ལོ་ལྔའི་རིང་ལ། ང་ཚོས་དཔལ་འབྱོར་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་དངོས་ཤུགས་ལ་ཐོད་བརྒལ་གསར་བ་བྱུང། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང2010ལོ་ལས་ལྡབ་གཉིས་འཕར་བའི་དམིགས་འབེན་ལོ་གཅིག་གི་སྔུན་ལ་མངོན་འགྱུར་བྱུང་ཞིང་ན་ནིང་སྒོར་དུང་ཕྱུར3000ལས་བརྒལ་བ་རེད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་བསྡོམས་ཐང་ཨ་སྒོར5511ནས་ཨ་སྒོར7500ལ་འཕར་སྣོན་བྱུང་ཞིང་མི་རེར་ཆ་སྙོམས་ཀྱི་ནོར་སྲིད་འགྲོ་སྒོ་བཏང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་བཏང་ཚད་ལོ་རེར་ཆ་སྙོམས་ཀྱི3.9%འཕར་བ་དང། མི་ཆིག་ཁྲི་རེར་གསར་གཏོད་ཆེད་སྤྱོད་ཁེ་དབང་མངའ་ཚད་ལྡབ་འགྱུར་གྱིས་འཕར་བ་མངོན་འགྱུར་བྱུང་ཞིང་ཐོན་ལས་སྐོར་ཅིག་གི་འགག་རྩའི་ལག་རྩལ་གཙོ་བོའི་ཐད་ནས་འགག་གཏོར་བར་མ་ཟད་གྲུབ་འབྲས་གཞན་སྒྱུར་བྱས་ལ། ཚན་རྩལ་ཡར་ཐོན་ཐད་ལ་བྱས་རྗེས་བཞག་ཚད50%ནས55%རུ་མཐོར་འདེགས་བྱུང། ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ཞིང། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འཕར་ཐང་གིས་ཟིན་པའི་བསྡུར་ཚད་བརྒྱ་ཆའི་ཚེག3.1ཇེ་མཐོར་སོང་ཞིང་དཔག་རྩིས་ལྟར་ན6.5%ལ་སླེབས་སྲིད། བཟོ་ལས་གླིང་ཁུལ་ཆེ་བ་གསུམ་གྱི་འཁོར་སྐྱོད་དཔལ་འབྱོར་གྱིས་ཟིན་པའི་བསྡུར་ཚད60%ལས་བརྒལ་བ་རེད། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་སྐྲུན་པར་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། རྫས་འགྱུར་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་ཀྱི་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི300རུ་རྒྱ་བསྐྱེད་པ་དང། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་བསྟུད་མར་ལོ13ལ་ཏུན་ས་ཡ་ཡན་ཆད་སྲུང་འཛིན་བྱས་པ་རེད། ཞབས་ཕྱི་ལས་རིགས་ཀྱི་འཕར་ཐང་བསྡུར་ཚད50%ཡན་སྲུང་འཛིན་བྱས་ཡོད་ལ། དངུལ་རྩའི་ལས་ཁུངས་སུ་དམངས་སྒོར་གསོག་བཅོལ་དང་དངུལ་བུན་བསྐྱིས་པའི་ལྷག་མ་ཐ་དད་དུ་ལོ་ལྔའི་ཡར་སྔོན་ལས་སྒོར་དུང་ཕྱུར1090དང་སྒོར་དུང་ཕྱུར1590ཇེ་མང་དུ་སོང། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཞིང། ལོ་ཧྲིལ་བོར་ཡུལ་སྐོར་བ་མི་ཐེངས་ཁྲི5000ལས་བརྒལ་ཞིང་ཡོང་སྒོ་སྒོར་དུང་ཕྱུར560ལ་སླེབས་ཡོད། དཔལ་འབྱོར་བསྡོམས་འབོར་རྒྱུན་མ་ཆད་པར་ཇེ་མང་དང་སྤུས་ཚད་དང་ཕན་འབྲས་བརྟན་འཇགས་ངང་ཇེ་ལེགས་སུ་སོང་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་པ་དང་དམིགས་འབེན་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
ལོ་ལྔའི་རིང་ལ། ང་ཚོས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པར་བརྒྱབ་ནས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཏེ་ཡུན་མི་རིང་བར་འགྲུབ་ངེས་ཡིན། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང42དང་དབུལ་ཕོངས་སྡེ་བ1622ཚང་མ་དབུལ་ཐར་བྱུང་བ་དང་དབུལ་བོ་མི་ཁྲི53.9དངོས་སུ་ཇེ་ཉུང་དུ་སོང་ཞིང། མང་ཚོགས་དབུལ་བོ་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་སྒོ་སྒོར10504ལ་སླེབས་པ་དང་ལོ་རེར་ཆ་སྙོམས་ཀྱི36.8%འཕར་ལ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཡོངས་སུ་མངོན་འགྱུར་བྱུང་བ་དང་དབུལ་ཐར་འགག་སྒྲོལ་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ཐོབ། སྦགས་བཙོག་བཟོས་པར་རྦད་ཆོད་ཀྱིས་འགྲན་བསླངས་ནས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་བརྒྱབ་ཏེ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ཆ་སྙོམས་ཀྱི་ལེགས་པའི་ཉིན་གྲངས305ནས་ཉིན354རུ་ཇེ་མང་དུ་སོང་ལ། ཆུ་ཆེན་གསུམ་གྱི་གཞུང་རྒྱུན་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅡཡན་དུ་སྲུང་འཛིན་བྱས་ཡོད་ཅིང། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅣཡི་ཚད་ལོན་ཚད100%ལ་སླེབས་པ་དང། ཆུའི་སྤུས་ཚད་རིགསⅢཅན་གྱིས་ཟིན་པའི་བསྡུར་ཚད་ཚད50%ལས་བརྒལ་ལ། ས་རྒྱུ་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་རེད། ཚྭ་མཚོ་སྡེ་ཚོགས་ལ་ཁྲིམས་འཛིན་བསྐྱར་སྒྲིག་དང་བཅོས་སྒྱུར་བྱས་པ་བརྒྱུད་དེ་གྱོང་སེལ་ཁེ་སྒྱུར་མངོན་འགྱུར་བྱུང་བ་དང། ཞིང་ཆེན་མ་དངུལ་གཏོང་འཇོག་ཀུང་སིར་ཁྲིམས་འཛིན་བསྐྱར་སྒྲིག་བྱེད་མགོ་བརྩམས་ཤིང། དངུལ་རྩའི་ལས་ཁུངས་བརྟན་འཇགས་སྒྲིག་ལྡན་ངང་འཁོར་སྐྱོད་བྱེད་བཞིན་པ་དང་སྲིད་གཞུང་གི་བུན་ལོན་ཉེན་ཁ་སྤྱི་ཡོངས་ནས་ཚོད་འཛིན་ཐུབ་པའི་ཚད་དུ་ཡོད་པ་རེད། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་དམིགས་འབེན་ལས་འགན་སྣ་ཚོགས་དུས་ལྟར་མངོན་འགྱུར་བྱས་པ་དང། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤུས་ཀ་སྔར་ལས་ལེགས་ཤིང་གཞི་མདོག་ལྷག་ཏུ་གསལ་བ་རེད།
ལོ་ལྔའི་རིང་ལ། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་བཏང། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ལེགས་པར་བསྡུས་ཤིང་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བུད་ཡོད། “ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོང་བྱེད་སྒོ་སྤེལ་བ་དང། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་སོགས་ས་ཁོངས་ཀྱི་སྐྱེ་ཁམས་ལས་གྲྭ་གཙོ་བོར་གྲུབ་འབྲས་མངོན་གསལ་ཐོབ་ཅིང། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་མདོག་ཏུ་སྒྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་བདེ་བླག་ངང་གྲུབ། རིམ་པ་ལྔའི་ཆུ་དཔོན་མཚོ་དཔོན་མ་ལག་སྒོ་ཀུན་ནས་བཙུགས་ལ། རླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་རེ་ཞུ་བྱས་ནས་ལེགས་འགྲུབ་བྱུང་ཞིང་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར་ཡོད། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་ལོ་རེར་བཞིན་ཆེ་ཇེར་འགྲོ་བཞིན་ཡོད་ལ། གསེར་ཉའི་ཐོན་ཁུངས་བསགས་ཚད་སྲུང་སྐྱོང་མ་བྱས་སྔོན་གྱི་ལྡབ38འཕར་ཡོད། ནགས་ཚལ་གྱི་ཁེབས་རྒྱ6.3%ནས7.5%ཇེ་ཆེར་སོང་བ་དང། རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད57.4%ལ་སླེབས་ཡོད། དགོ་དམར་གྱི་ཁ་གྲངས་དུས་རབས་གོང་མའི300ལྷག་ནས2700རུ་སླར་གསོ་བྱུང་བ་དང། གཙོད་ཀྱི་ཁ་གྲངས་ཆེས་ཉུང་དུས་ཁྲི2མི་ལོངས་པ་ནས་ཁྲི7ཡས་མས་སུ་སླར་གསོ་བྱུང་བས། མཐོ་སྒང་གི་ས་གཞི་ཆེན་མོའི་ག་ས་གང་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་མངོན་ཞིང། རབ་མཛེས་མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོའི་འཛིན་མའི་སྟེང་གི་ཆེས་མིག་དབང་འཕྲོག་པ་དང་ཆེས་ཡིད་དུ་འོང་བའི་ལྗང་མདོག་གི་མིང་བྱང་དུ་གྱུར་ཡོད་པ་རེད།
ལོ་ལྔའི་རིང་ལ། ང་ཚོས་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་ཁ་གསབ་ཏེ། ས་ཁོངས་ཀྱི་གྲོང་ཁྱེར་གྲོང་གསེབ་འཕེལ་རྒྱས་བྱུང་ཚུལ་དོ་མཉམ་མཐུན་སྦྱོར་གྱི་ཕྱོགས་སུ་འཕེལ་བཞིན་མཆིས། ལྕགས་ལམ་སྟེང་སྐྱེལ་འདྲེན་གྱི་ལམ་ཐག་སྤྱི་ལེ643གསར་དུ་བསྣན་པ་དང་སྤྱིའི་ལམ་ཐག་སྤྱི་ལེ3023ལ་སླེབས་ཡོད། ན་གོར་མོ་ནས་ཏུང་ཧོན་དང་ན་གོར་མོ་ནས་ཁོར་ལེ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་པ་དང། མྱུར་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ4000ལས་བརྒལ་ལ། གྲོང་ཁྱེར་དང་ཁུལ་ཡོངས་དང་རྫོང་ཡོད་ཚད་ཀྱི་སུམ་ཆའི་གཉིས་ལ་མྱུར་ལམ་ཤར་གཏོང་བྱས་པ་རེད། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང། སྒྲིག་གཞི་ཚང་བའི་སྡེ་བར་མཁྲེགས་ལམ་བསྐྲུན་པར་མ་ཟད་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས། དམངས་སྤྱོད་གནམ་གྲུ་ཐང“གཙོ་བོ་གཅིག་དང་ཕལ་བ་དྲུག”གི་རྣམ་པར་གྲུབ་ཅིང། “འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི”སྤྱིའི་མ་ཡུར་དང་མ་ཡུར་བྱང་མའི་ལས་གྲྭ་སྐབས་དང་པོ་གྲུབ་ནས་ཆུ་འདྲེན་བཞིན་པ་དང། གློག་དྲ་ཆེན་པོ་ནས་རྫོང་རེ་རེར་གློག་གཏོང་བ་མངོན་འགྱུར་བྱུང་བ་རེད། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་སྐྲུན་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཞིང། ཚྭ་འདམ་གཞོང་ས་ཁུལ་གྱི་དཔལ་འབྱོར་གཞི་ཁྱོན་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ་དང། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་དང་ནུས་ཁུངས་གསར་བའི་ཐོན་ལས་ཀྱི་ཁྱད་སྟོབས་སྔར་ལས་ལྷང་ལ་བུད་ཅིང། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་གོང་སྤེལ་དེ་འཆམ་མཐུན་ངང་མཉམ་དུ་ཡར་རྒྱས་སུ་འགྲོ་བཞིན་ཡོད། དཔག་རྩིས་ལྟར་ན་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་ཚད57.1%ཇེ་མང་དུ་སོང་ཞིང་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་ཚེག1.4འཕར་བ་རེད། མཛེས་པའི་མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན་དང“གྲོང་གསེབ་བརྒྱ་སྟོང”དཔེ་སྟོན་ལས་གྲྭར་ཕན་འབྲས་མངོན་གསལ་ཐོབ་ལ། ཞིང་སྡེའི་སྤྱོད་ཁང་གསར་བརྗེ་དང་གད་སྙིགས་བཙོག་ཆུ་གཙང་སེལ་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་བཏང། ས་ཁོངས་མཐུན་སྦྱོར་ངང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁར་རང་སྟེང་གི་ཁྱད་ཆོས་ལྡན་ཞིང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་རང་ཐོག་གི་མཛེས་སྡུག་མངོན་ཞིང་མཉམ་སྤྱོད་བྱས་ཏེ་ཕན་ཚུན་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་གནས་ཡོད་པ་རེད།
ལོ་ལྔའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་གོམ་མཚམས་མ་བཞག་ཅིང། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྟུད་མར་ཇེ་དྲག་ཏུ་བཏང། “གློད་སྡོམ་ཞབས་གསུམ”ཟབ་སྤེལ་བྱས་པ་དང་ཞིབ་མཆན་འགོད་པའི་དོན་ཚན་རིགས་སྣ་ཇེ་ཉུང་དུ་བཏང་བ་དང། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”སྔོན་གྲས་སུ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཡོད། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་ལ“3+10”བཅོས་སྒྱུར་ཚོད་ལྟ་ཟབ་མོ་བྱས་པ་དང། སྔོན་རྩིས་ལམ་ལུགས་དང་འཕར་ཐང་དཔྱ་ཁྲལ་བཅོས་སྒྱུར་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང། ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟར་གྲུབ་འབྲས་མངོན་གསལ་བླངས་ཐོག ལྗང་མདོག་དངུལ་རྩའི་མ་ལག་ཐོག་མའི་ཆ་ནས་བཙུགས་པ་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོངས་སུ“སྟོང་ཆ་བསྐངས་པ”དང་རོང་འབྲོག་ཁུལ་ལ་བསྟུད་མར་བཅོས་སྒྱུར་ཟབ་མོ་བྱས་ཤིང། སྒོ་ཁྲལ་ལས་ཁུངས་ཀྱི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་གྱི་སྟོང་ཆ་བསྐངས་པ་དང། རྒྱལ་སྤྱིའི་ཚོང་གཉེར་དྲ་བ19དང་ཕྱོགས་བསྡུས་རང་བཞིན་གྱི་ནང་འདྲེན་ཚོང་ཟོང་ཐད་འཚོང་ལས་སྟེགས13བསྐྲུན་ནས་གྲུབ་ཅིང། ཕྱི་ཕྱོགས་ལ་མ་དངུལ་གཏོང་བའི་ཐད་ནས་རྒྱལ་ཁབ་དང་ས་ཁུལ28ལ་རྒྱ་བསྐྱེད་པ་དང། མཚོ་སྔོན་སྐྱེ་ཁམས(ཐོན་ལས)དངོས་མང་བཤམས་སྟོན་ཚོགས་འདུའམ་བོད་ཀྱི་ས་གདན་འགྲེམ་སྟོན། རིག་གནས་ཡུལ་སྐོར་དུས་ཆེན་སོགས་འགྲེམ་ཚོགས་ཀྱི་ཤུགས་རྐྱེན་རྒྱུན་མ་ཆད་ཇེ་ཆེར་སོང་ཞིང། ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་འཛམ་གླིང་ལ་མཚམས་སྦྱོར་བྱ་འགུལ་དེས་མཚོ་སྔོན་གྱི་མཚན་སྙན་སྔར་ལས་ལྷག་པར་ཇེ་ཆེར་བཏང་ལ། སྔར་ལས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ཞིང་སྐྱེ་སྟོབས་དང་ཡིད་དབང་འགུག་ཤུགས་ཀྱིས་ཁེངས་པའི་མཚོ་སྔོན་གྱིས་ཕྱག་ཟུང་བརྐྱངས་ནས་འཛམ་གླིང་ཕང་བར་ལེན་བཞིན་མཆིས།
ལོ་ལྔའི་རིང་ལ། ང་ཚོས་ཏན་ཏན་ཏིག་ཏིག་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང། དམངས་འཚོའི་ཐད་ཀྱི་གཏོང་ཆས་ནོར་སྲིད་འགྲོ་སྒོའི་ཁྲོད75%ཡན་ཟིན་པ་བསྟུད་མར་བརྟན་འཇགས་ཡིན་ལ། དམངས་ཕན་ཐབས་ཤེས་སྐོར་ཆེན་པོ་ཞིག་དོན་འཁྱོལ་ལག་བསྟར་བྱས་པ་རེད། མཁར་གྲོང་དུ་ལོ་རེར་ཆ་སྙོམས་ཀྱི་མི་ཁྲི6.2གསར་དུ་ལས་ཀར་ཞུགས་པ་དང། ཞིང་སྡེའི་ངལ་རྩོལ་པ་མི་ཐེངས་ཁྲི113.2གནས་གཞན་དུ་བསྐྱལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་དང། ཞིང་སྡེའི་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དེ་མཁར་གྲོང་གི་སྡོད་དམངས་ལས་མགྱོགས་པ་རེད། སྤྱི་ཚོགས་འགན་བཅོལ་གྱི་ཉེན་སྲུང་ནང་ཞུགས་མཁན་མི་གྲངས་ཆེས་ཆེར་འཕར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད། སློབ་གསོའི་འཛུགས་སྐྲུན་ལས་གཞི2825བསྐྲུན་པ་དང་འོས་འགན་སློབ་གསོའི་བྱོལ་འགོག་སློབ་སྲུང་གི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཞིང། མཐོ་རིམ་སློབ་གསོའི་སློབ་གྲྭ་སྒྲུབ་གཉེར་ཆུ་ཚད་ཇེ་མཐོར་མངོན་གསལ་སོང་ལ། སློབ་གསོ་རིགས་སྣ་ཚོགས་ཁྱབ་གདལ་བཏང་ཚད་དང་ཆ་སྙོམས་ཀྱི་སློབ་གསོ་ཐོབ་པའི་ལོ་ཚད་བསྟུད་མར་ཇེ་ཆེར་སོང་བ་དང། ཚན་རྩལ་དྲིལ་སྒྲོག་དང་ཁྱབ་གདལ་བྱ་བར་རྒྱུན་མ་ཆད་པར་ཤུགས་བསྣན་ནས་སྤྱི་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ལ་དཔལ་ཡོན་དར་ཚད་ཇེ་མཐོར་མངོན་གསལ་སོང་བ་རེད། བདེ་ཐང་གི་མཚོ་སྔོན་མགྱོགས་མྱུར་ངང་སྐྲུན་བཞིན་པ་དང། ཕྱོགས་བསྡུས་སྨན་བཅོས་སྒྲིག་སྲོལ་བསྟུད་མར་བཅོས་སྒྱུར་ཟབ་མོ་བྱས་ཤིང་ཀྲུང་བོད་གསོ་རིག་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་གཏོང་བཞིན་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་གི་ཚེ་ཚད་སྔར་ལས་ཇེ་རིང་དུ་སོང་བ་རེད། སྤྱི་པའི་རིག་གནས་ཞབས་ཕྱི་དང་རྒྱང་སྒྲོག་བརྙན་འཕྲིན་དྲ་རྒྱ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེབས་པ་དང། གློག་བརྙན་འཕྲིན་བརྩམས་ཆོས་སྤུས་དག་སྐོར་ཅིག་རྒྱལ་ཡོངས་ནས་བསྟན་པ་རེད། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་སྐྲུན་པའི་ཐད་ནས་གོམ་པ་གསར་བ་སྤོས་ཤིང། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དང་རྒྱལ་སྤྱིའི་འཁྱགས་ལྟིར་འགྲན་སྡུར་སོགས་རྒྱལ་སྤྱིའི་འགྲན་སྡུར་གྲགས་ཅན་སྒྲུབ་གཉེར་བྱས་ཚུལ་སྔར་ལས་ཇེ་ལེགས་རེད། གྲོང་ཁྱེར་གྱི་གནས་སྡོད་ལ་འཕྲོད་པའི་རང་བཞིན་དང་སྐྱིད་སྣང་སྟེར་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། རྒྱ་ཆེའི་རོང་འབྲོག་པ་ས་ཁང་དང་ཉེན་ཡོད་ཁང་པ། ཁང་རྙིང་བཅས་ལས་ཡངས་ཤིང་གསལ་བའི་སོ་ཕག་གི་སྡོད་ཁང་དུ་སྤར་ཞིང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་བ་རེད། ཞིང་སྡེའི་འཐུང་ཆུ་བརྟན་སྲུང་རིམ་སྤར་ལས་གྲྭར་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་རང་འབབ་ཆུ་གཙང་མ་འཐུང་ཐུབ་ཅིང། གཙང་གསུམ་འབྱུང་ཡུལ་ས་ཁུལ་ལ་དག་གཙང་ནུས་ཁུངས་སྤྱད་དེ་དྲོད་རླངས་སྐྱེལ་བ་དེས་རྡོ་སོལ་དང་ཨོང་བ་བཀོལ་ནས་དྲོད་ལེན་པའི་ཚབ་བྱེད་བཞིན་པ་རེད། དྲ་ཆེན་མཚོ་སྔོན་བསྐྲུན་ནས་གཞི་རྩའི་ཆ་ནས་གྲུབ་ཅིང4Gཅན་གྱི་དྲ་རྒྱ་ཡོངས་སུ་ཁེབས་པ་དང5Gམགྱོགས་མྱུར་ངང་ཁྱབ་གདལ་དུ་གཏོང་བཞིན་ཡོད། བུད་མེད་དང་བྱིས་པ། རྒན་པ་དང་དགེ་ལས། དབང་བོ་སྐྱོན་ཅན། རྒྱ་གྲམ་དམར་པོ་སོགས་བྱ་གཞག་ཡར་རྒྱས་ཆེན་པོ་བྱུང་ཡོད་ལ། སྒོ་ཀུན་ནས་འབྱོར་འབྲིང་སྐྲུན་པའི་འཕེལ་རིམ་ཁྲོད་དུ་རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་ཟས་གོས་འཛོམས་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་མཆིས།
ལོ་ལྔའི་རིང་ལ། ང་ཚོས་སྤྱི་ཚོགས་བཅོས་སྐྱོང་ཐད་ལ་རྒྱུན་མ་ཆད་པར་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་དུ་བཀོད་ཅིང། གྲོང་ཁྱེར་དང་ཁུལ་ཡོངས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དུ་བསྐྲུན་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཐོག་མ་རུ་གྱུར་ཡོད་ལ། རིགས་སོ་སོའི་མི་དམངས་བར་གྱི་འབྲེལ་འདྲིས་སྔར་ལས་དམ་ཟབ་ཏུ་གྱུར་ཅིང་སེའུ་འབྲུ་བཞིན་གོང་བུ་གཅིག་ཏུ་བསྒྲིལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་དངོས་བྲིས་སུ་གྱུར་ཡོད། དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་གི་མཚོ་སྔོན་སྐྲུན་པར་སྐུལ་འདེད་ཟབ་མོ་བཏང་ཐོག “ལྔ་བདུན་ཁྲིམས་ཁྱབ”ཕྱོགས་ཀུན་ནས་ཡོངས་འགྲུབ་བྱས་ཤིང་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་བདེ་བླག་ངང་མཇུག་བསྒྲིལ་བ་དང། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་དེ་གཞི་རིམ་ཕྱོགས་སུ་སྤོར་ཞིང། རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་མཉམ་སྐྲུན་ཐད་ལ་རྒྱུན་མ་ཆད་པར་གསོན་ཤུགས་གསར་བ་རྒྱས་ཡོད་ལ། མི་དམངས་མཁའ་ཟོན་དང་འཚུབ་ཟློག་རོགས་སྐྱོབ། ཡོམ་འགོག་གནོད་འཕྲི། གནམ་གཤིས་ཞབས་ཕྱི་བཅས་ཀྱི་ནུས་པ་སྤྱི་ཡོངས་ནས་ཇེ་ཆེར་སོང་བ་དང། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང“ལྕེ་ཐོག་གི་བདེ་འཇགས”འགན་སྲུང་བྱེད་པར་སྔར་ལས་ཕན་འབྲས་ཐོན་ནས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་མཆིས།
ལོ་ལྔའི་རིང་ལ། ང་ཚོས་སྲིད་གཞུང་གི་འགན་ནུས་སྒྱུར་བར་བསྟུད་མར་སྐུལ་འདེད་བཏང་སྟེ། རྒྱུན་མ་ཆད་པར་སྲིད་ཇུས་ལག་བསྟར་ནུས་པ་ཇེ་ཆེ་དང་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་བཏང། “སློབ་གཉིས་བྱེད་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཏུ་འགྱུར་བར་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ཐོག “སྤྱོད་ངན་བཞི”དང་ནང་སྒོས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཟམ་མ་ཆད་པར་ཡོ་བསྲང་དང་བཅོས་སྐྱོང་བྱས་ཤིང་ལྟ་ཞིབ་ཀྱི་ཕན་ནུས་ཟམ་མ་ཆད་པར་ཇེ་ཆེར་བཏང། བསྡོམས་རྩིས་དང་རྩིས་བཤེར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བསྟུད་མར་གཞི་རིམ་གྱི་འཆིང་རྒྱ་གྲོལ་ཞིང་ཁུར་བོ་ཇེ་ཡང་དུ་བཏང་བ་དང། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་སྐྱེ་ཁམས་དང་དོན་སྒྲུབ་ལས་སྐྲུན་གྱི་སྤྱི་ཚོགས་སྣང་ཚུལ་ཇེ་ཆེར་གྱུར་དང་འགྱུར་བཞིན་འདུག ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཁྲིམས་འཛིན་ཕྱོགས་བསྡུས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་ཞིང། སྲིད་དོན་མངོན་གསལ་དུ་བསྒྲགས་ནས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གིས་བཅའ་ཁྲིམས་ལ་ལྟ་སྐུལ་དང་བྱ་བར་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོས་ལྟ་སྐུལ་དང་སྤྱི་ཚོགས་ཕྱོགས་སོ་སོས་ལྟ་སྐུལ་བྱས་པ་རང་འགུལ་སྒོས་དང་དུ་བླངས་པ་དང། འཐུས་མིའི་བསམ་གྲོས་དང་ཨུ་ཡོན་གྱི་གྲོས་གཞི་སྤུས་ཚད་མཐོན་པོའི་སྒོ་ནས་བསྒྲུབས་ཏེ་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ106གྲོས་ཞིབ་བྱ་གཞིར་ཕུལ་བ་དང། སྲིད་གཞུང་གི་སྒྲིག་སྲོལ93གཏན་འབེབས་དང་བཟོ་བཅོས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་པའི་ཕན་འབྲས་མངོན་གསལ་ཐོབ་པ་རེད། བཟོ་ཚོགས་དང་གུང་གཞོན་ཚོགས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་ནུས་པ་ཕན་ཡོད་སྒོས་འདོན་སྤེལ་བྱས་ཤིང། ས་གནས་ལོ་རྒྱུས་དང་ལོ་རིམ་མེ་ལོང“ཕྱོགས་ཡོངས་གཉིས་ཀྱི་དམིགས་འབེན”དུས་ལྟར་མངོན་འགྱུར་བྱས་ལ། གསར་འགྱུར་པར་སྐྲུན་དང་ཕྱི་འབྲེལ་ལས་དོན། ཕྱིར་སྡོད་རང་མིའི་ལས་དོན། ཚན་ཧྲི་དང་རིག་གནས་ལོ་རྒྱུས་སོགས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་རེད།
ལོ་ལྔའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད་དེ་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་མགོ་ཚུགས་ས་གསར་བ་ཞིག་ཏུ་གནས་ཡོད་ལ། གྲུབ་འབྲས་དེ་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་ལྟར་མཛུབ་སྟོན་གནང་བར་བརྟེན་ནས་ཐོབ་པ་ཡིན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱིི་མགོ་ཁྲིད་ལ་བརྟེན་ནས་ཐོབ་པ་དང། ཞིང་ཆེན་ཏང་ཨུས་མཐུན་སྒྲིལ་དང་སྣེ་ཁྲིད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རོགས་རམ་བྱས་པར་བརྟེན་ནས་ཐོབ་པ་ཡིན་ཞིང། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པར་བརྟེན་ནས་ཐོབ་པ་དང། རྒྱལ་ཁབ་པུའུ་ཨུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱིས་རོགས་སྐྱོར་བྱས་པར་རག་ལས་ཡོད་པས། འདིར་ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམ་པ། དམངས་གཙོའི་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་བཅས་དང། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་ཆས་དམག་དཔུང། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། འཚུབ་ཟློག་རོགས་སྐྱོབ་དཔུང་སྡེ་དང། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་སོ་སོ། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས། སྤུན་ཟླ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་དང། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ། ཕྱིར་སྡོད་རང་མི། རྒྱལ་སྤྱིའི་མཛའ་གྲོགས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་དང་བླ་མེད་ཀྱི་གུས་འདུད་ཞུ་བ་ཡིན།
ལོ་ལྔའི་རིང་ལ་ངལ་བ་ཁྱད་གསོད་དང་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱས་པའི་འབད་འཐབ་ཀྱི་བཤུལ་ལམ་ལ་ཕྱི་མིག་བལྟས་ན། ང་ཚོར་གཅིག་མཐུན་གྱི་མྱོང་ཚོར་ཐོབ་པ་ནི། གཙོ་འཛིན་གྱི་དགོངས་པ་ནི་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་གཞི་རྩའི་མཛུབ་ཁྲིད་ཡིན་ཏེ། མཚོ་སྔོན་གོང་སྤེལ་ཐད་ནས་ད་ལྟའི་གྲུབ་འབྲས་ཐོབ་པའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མཛད་ཅིང། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་ལྟར་མཛུབ་སྟོན་གནང་བའི་སྐུ་དྲིན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སེམས་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་པ་དང། ཞིང་ཆེན་གྱི་གནས་ཚུལ་དངོས་དང་སྦྲེལ་ནས་དོན་འཁྱོལ་དམ་འཛིན་བྱས་ན་མཚོ་སྔོན་གྱི་དོན་དག་ལེགས་སྒྲུབ་བྱེད་ཐུབ་པ་དང། བྱ་གཞག་སྣ་ཚོགས་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་བརྟན་བརླིང་ངང་མདུན་དུ་སྐྱོད་པར་སྐུལ་འདེད་བྱེད་ཐུབ་ངེས་ཡིན། ཏང་གི་མགོ་ཁྲིད་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཁག་ཐེག་བརྟན་པོ་ཡིན་ཏེ། སྔོན་དཔག་ལས་ཧ་ཅང་ཆེ་བའི་དཀའ་ངལ་དང་གནོན་ཤུགས་ལ་གདོང་གཏད་དེ། ང་ཚོས་དུས་ལྟར“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”བདེ་བླག་ངང་མཇུག་སྒྲིལ་པའི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ལམ་ལུགས་འདིའི་དགེ་མཚན་ཆེ་ཤོས་མངོན་ཞིང། ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་པ་ནི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ནུས་ཤུགས་དང་བརྡར་ཤ་གཅོད་ནུས། ཇུས་ཐག་གཅོད་ནུས། ལག་བསྟར་བྱེད་ནུས་བཅས་རེད། ལག་ལེན་ལས་ཡང་བསྐྱར་ར་སྤྲོད་བྱུང་བ་ལྟར་ན། ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་པ་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ན། མདུན་སྐྱོད་ཀྱི་ལམ་བུ་སྟེང་གི་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་ངེས་ཡིན། མི་དམངས་གཙིགས་སུ་འཛིན་པ་ནི་བྱ་བ་ཡོད་ཚད་ཀྱི་རིན་ཐང་ལྟ་ཚུལ་ཡིན་ཏེ། མི་དམངས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་དང། ལོ་རྒྱུས་སྐྲུན་མཁན་དང་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་བའི་གཞི་རྩའི་སྟོབས་ཤུགས་ཡིན། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཁེ་ཕན་སེམས་ཀྱི་དཀྱིལ་དབུས་སུ་བཞག་སྟེ། བརྩེ་བ་དང་སེམས་ཤུགས་སྤྱད་དེ་མི་དམངས་ཀྱིས་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་དངོས་ཐག་བཅད་ན། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་འདྲ་མཉམ་སྒོས་ཕན་ཁེ་སྐྲུན་ཐུབ་ངེས་ཡིན་ལ། མི་དམངས་མང་ཚོགས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ཕུན་སུམ་ཚོགས་པའི་སྒོ་ནས་སྐུལ་སློང་བྱས་ཏེ་གྲུབ་འབྲས་གསར་བ་ལེན་པ་དང་བརྗིད་ཆགས་འོད་སྟོང་འཕྲོ་བའི་རྣམ་པ་གསར་བ་མངོན་སྲིད་ངེས་ཡིན། སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་གཡོལ་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཡིན་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་ཞིང་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ཞིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”གཙོ་བོར་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་རྦད་ཆོད་ཀྱིས་ཕྲག་ཏུ་ལེན་པ་དང། སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་གནོད་མེད་ངང་གོང་དུ་སྤེལ་རྒྱུ་ཁ་ཕྱོགས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱས་ན། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བྱས་རྗེས་ཆེས་ཆེ་བ་བཞག་པ་ཡིན། མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཡིན་ཏེ། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་ཏུ་བསྟར་བ་དང། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ཡུན་རིང་བོར་གཏིང་ཟབ་ཏུ་སྤེལ་ན། རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཕན་ཚུན་ལ་སྤུན་ཟླ་ལྟ་བུའི་བརྩེ་བ་བཅངས་ནས་སོ་སྲུང་རོགས་རེས་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི་སྒྲིལ་ཤུགས་ཆེན་པོ་ཆགས་ཐུབ་ངེས་ཡིན་ལ། རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་མཐུན་སྒྲིལ་གྱི་མེ་ཏོག་མཉམ་གསོ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་ངེས་ཡིན། མཚོ་སྔོན་གྱི་སྙིང་སྟོབས་གསར་བ་ནི་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་འཛད་མེད་ཀྱི་སྒུལ་ཤུགས་ཡིན་ཏེ། མཚོ་སྔོན་པ་ལ་མཚོན་ན་གནའ་ནས་བཟུང་སྟེ་དབྱང་དབུགས་དཀོན་ཡང་སྙིང་སྟོབས་ཀྱིས་ཕྱུག་ཡོད་ལ། ང་ཚོ་མདུན་སྐྱོད་ཀྱི་གོམ་པ་རེ་རེ་ནི་སྙིང་སྟོབས་དྲག་པོའི་འདེགས་སྐྱོར་ལས་བྱུང་བ་ཡིན། “མཐོ་སར་འཛེགས་ནས་རྒྱང་ལྟ་དང། རང་ལ་ཡིད་ཆེས་དང་ཕྱི་ལ་སྒོ་མོ་འབྱེད་པ། མཐུན་སྒྲིལ་སྒོས་རང་ནུས་འབུལ་བ། ལྷོད་གཡེང་མེད་པར་འབད་འཐབ་བྱེད་པའི”མཚོ་སྔོན་གྱི་སྙིང་སྟོབས་གསར་བ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དར་སྤེལ་དང་ལག་ལེན་བྱས་ཏེ། བློ་གྲོས་ཡོད་ཚད་གཅིག་བསྡུས་དང་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་སྒོས་དཀའ་ངལ་གདོང་གིས་བསུས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འབུངས་བྱས་ན། གདེང་ཚོད་ཡོད་པའི་སྒོ་ནས་མདུན་སྐྱོད་དང་བརྟན་བརླིང་ངང་རྒྱང་ནས་རྒྱང་དུ་སྐྱོད་ཐུབ་ངེས་ཡིན། ཉམས་མྱོང་དང་མྱོང་ཚོར་འདི་དག་རྩ་ཆེ་ཞིང་ཐོབ་སླ་བ་ཞིག་མིན་པས། ངེས་པར་དུ་སྔར་ལས་གཅེས་འཛིན་དང་བསྟུད་མར་ལག་ལེན། མུ་མཐུད་དུ་དར་སྤེལ་བཅས་བྱ་དགོས།
འཐུས་མི་རྣམ་པ།
འདས་སོང་ལ་ཕྱི་མིག་བལྟས་ན། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོ་རྣམས་ཀྱིས་བརྗིད་ཉམས་ལྡན་པའི་འབད་འཐབ་ཀྱི་བཤུལ་ལམ་རིང་མོ་བརྒྱུད་ཅིང། རི་ཀླུང་ཁྱུར་མིད་གཏོང་བའི་སྙིང་སྟོབས་དང་ཉམས་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་བྲིས་པ་རེད། མ་འོངས་པར་རྒྱང་ལྟ་བྱས་ན། ང་ཚོ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་སའི་ལམ་སྣེ་རུ་འགྲེང་ཡོད་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་རླུང་བརྟེན་རླབས་གཤག་དང་དཔའ་ངར་ཆེར་བསྐྱེད་སྒོས་མདུན་སྐྱོད་བྱས་ཏེ། ཏང་དང་མི་དམངས་དང་ལོ་རྒྱུས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་པ་དང། དུས་རབས་གསར་བའི་མཚོ་སྔོན་གསར་བ་སྐྲུན་པར་ཤུགས་ཡོད་རྒུས་ལེའུ་གསར་བ་བྲི་དགོས།
དེ་དང་ཆབས་ཅིག་ཏུ་ངེས་པར་དུ་གསལ་བོར་རྟོགས་དགོས་པ་ནི། རང་ཞིང་གི་དཔལ་འབྱོར་བསྡོམས་འབོར་སྔར་བཞིན་ཉུང་དྲགས་པ་དང། ཐོན་ལས་དེང་རབས་ཅན་དང་དཔལ་འབྱོར་ཚོང་ར་ཅན་དུ་བསྒྱུར་ཚད་སྔར་བཞིན་ཅུང་ཉུང་ཞིང། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་ཚོགས་མིན་པའི་འགལ་བ་སྔར་བཞིན་འབུར་དུ་ཐོན་ཡོད་པ་དང། ཚན་རྩལ་དང་མི་འཇོན་ཐང་ཅན་གྱི་རྨང་གཞི་ཞན་ཞིང་གསར་གཏོད་ཀྱི་སྒུལ་ཤུགས་མི་དྲག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་ལྕི་ཞིང་ལམ་ཐག་རིང་བ་དང། རིམས་བབ་འགོག་སྡོམ་གྱི་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་ཞིང་ཁྱབ་ཁོངས་ཁ་ཤས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་སྣང་ཆུང་བྱེད་མི་རུང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྒོས་སྦྲེལ་མཐུད་བྱེད་པའི་ལས་འགན་ལྗིད་རྫོབ་ཆེ་ཞིང་དམངས་འཚོའི་ཁྱབ་ཁོངས་སུ་ད་དུང་ཞན་ཆ་མི་ཉུང་བ་ཞིག་གནས་ཡོད་པ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏང་དགོས་པ་དང། “སྤྱོད་ངན་བཞིའི”གནད་དོན་གྱི་འབྱུང་རྩ་སེལ་མེད་ཅིང་འབྱུང་ཡུལ་ད་དུང་གནས་ཡོད་ལ། ཁྱབ་ཁོངས་ཁ་ཤས་སུ་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་སྣང་ཚུལ་རྟག་ཏུ་འབྱུང་བཞིན་ཡོད་པས། ང་ཚོས་ངེས་པར་དུ་འགལ་བར་གདོང་གཏད་པ་དང་གནད་དོན་ལ་དོ་སྣང་བྱས་ཏེ། རྦད་ཆོད་ཀྱི་རྣམ་འགྱུར་དང་ཆོད་སེམས་བརྟན་པོ། ཏན་ཏིག་གི་བྱེད་ཐབས་བཅས་ལ་བརྟེན་ནས་ཐག་གཅོད་པར་སྐུལ་འདེད་བཏང་སྟེ་འབད་བརྩོན་སྒོས་སྲིད་གཞུང་གི་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་དགོས།
གཉིས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན།
“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས་སུ་དུས་བསྟུན་ལྷན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་པ་དང། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་ནས་ང་ཚོའི་མིག་མདུན་དུ་ལྷགས་པའི་འགན་འཁྲི་གཙོ་བོ་ཞིག་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་ཇེ་བརྟན་ཇེ་ཆེར་གཏོང་བ་དང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དང་འཕེལ་རྒྱས་ཀྱི་གནས་བབ་གསར་བ་བསྐྲུན་ཏེ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པར་མགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་རྒྱུ་དེ་ཡིན། ォཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིサགཞིར་བཟུང་ནས་ང་ཚོསォམཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད(འཆར་ཟིན)サབཟོས་ཏེ་ཚོགས་ཆེན་ལ་ཞིབ་བཤེར་བྱ་གཞིར་ཕུལ་ཡོད།
ォརྩ་གནད་འཆར་ཟིནサལས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་སྤྱི་ཡོངས་བཀོད་སྒྲིག དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་གསལ་པོར་བསྟན་ཞིང། འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་གྱི་སྲིད་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། བཅོས་སྒྱུར་གལ་ཆེན་བཅས་རབ་དང་རིམ་པ་བཏོན་ཡོད་ཅིང། གཤམ་གསལ་གྱི་ཕྱོགས་དྲུག་འབུར་དུ་དོད་ཡོད།
གཅིག་ནི་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས“ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོབ་བྱེད་པ་དང། རྒྱལ་ཁབ་སྤྱི་གླིང་གཙོར་བཟུང་བའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཅིག་རྒྱལ་ཡོངས་ཀྱི་སྔོན་ལ་གཟུག་དགོས། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་དང་ནུས་ཁུངས་དང་ཐོན་ཁུངས་བེད་སྤྱད་པའི་ལས་ཕྱོད་ཆེས་ཆེར་མཐོ་རུ་གཏོང་ཞིང། སྦགས་དངོས་གཙོ་བོ་འབུད་ཚད་ཀྱི་བསྡོམས་འབོར་བསྟུད་མར་ཇེ་ཉུང་དུ་གཏོང་བ་དང། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད90%ཡས་མས་ལ་བསླེབ་ཏུ་འཇུག་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་གནས་སྟངས་ཇེ་ལེགས་སུ་བཏང་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་གཏང་དགོས།
གཉིས་ནི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏང་དགོས། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་བཟང་དུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་གོང་དུ་འཕེལ་བ་སྲུང་འཛིན་བྱས་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་བརྩོན་ལེན་བྱ་དགོས། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཏུ་བརྩིས་ནས། ཚན་སློབ་ལ་བརྟེན་ནས་མཚོ་སྔོན་དར་རྒྱས་གཏོང་རྒྱུ་དང་མི་འཇོན་ཐང་ཅན་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་ལ་མ་དངུལ་མང་བོ་འཇོག་པར་སྐུལ་མ་གཏང་དགོས། “དཔལ་འབྱོར་ཆགས་སྟངས་རིགས་བཞི”སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་བསྐྲུན་པ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་བཙན་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། “དག་གཙང་ས་ཁུལ”གྱི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་བསྐྲུན་དགོས་ཤིང། གྲངས་འཛིན་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་ལོ་རེར་ཆ་སྙོམས་ཀྱི10%འཕར་རྒྱུ་དང། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་འབྱུང་དུ་འཇུག་དགོས།
གསུམ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཚད་མུ་མཐུད་དུ་ཇེ་མགྱོགས་སུ་གཏང་དགོས། རྒྱལ་ཁབ་ཀྱི་རྩོལ་ནུས་ཁུལ་གཙོ་བོའི་འཐབ་ཇུས་དོན་འཁྱོལ་དང། “ལྟེ་བ་གཉིས་གཞུང་རྐང་གཅིག་བཙན་ས་གཅིག”གི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང“ཁྱུ་གཅིག་ཁུལ་གཉིས་གནས་མང”གི་ཞིང་ཆེན་མངའ་ཁོངས་ཀྱི་མཁར་གྲོང་ཅན་དུ་སྒྱུར་བའི་བར་སྟོང་མ་ལག་བཙུགས་ཏེ་མཁར་གྲོང་ཅན་དུ་བསྒྱུར་ཚད62%ཡས་མས་ལ་བསླེབ་ཏུ་འཇུག་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ་དང། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་གྱིས་སྦྲེལ་ནས་ཐོན་ལས་སྟོབས་ལྡན་དང་ཁོར་ཡུག་ལེགས་པ། ཁྱིམ་གཞིས་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་གསར་བ་འཛུགས་སྐྲུན་བྱ་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྐྲུན་ཤུགས་ཆེ་རུ་བཏང་སྟེ་ལྕགས་ལམ་སྟེང་དུ་སྐྱེལ་འདྲེན་གྱི་ལམ་ཐག་སྤྱི་ལེ3500ལ་སླེབ་པ་དང་གཞུང་ལམ་ཐོག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི90ལས་བརྒལ་དགོས་ལ། རྫོང་དང་རྫོང་བར་དུ་རིམ་མཐོའི་གཞུང་ལམ་ཤར་བགྲོད་ཐུབ་པར་བརྩོན་ལེན་བྱ་རྒྱུ་དང། གྲོང་ཁྱེར་དང་རྫོང་མཁར། གཙོ་གནད་ཤང་དང་གྲོང་རྡལ་བཅས་ལ5Gཁྱོན་ཡོངས་སུ་ཁྱབ་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།
བཞི་ནི་མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏང་དགོས། ལས་ཞུགས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྤྱི་འདོམས་སྒོས་སྐུལ་འདེད་བཏང་སྟེ་མཁར་གྲོང་དུ་མི་ཁྲི30གསར་དུ་ལས་ཀར་ཞུགས་རྒྱུ་དང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་དང་དཔལ་འབྱོར་དུས་མཉམ་དུ་འཕར་སྣོན་ཡོང་བར་བྱ་དགོས། སྔར་ལས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བརྩོན་དགོས། མི་དམངས་ཡིད་ཚིམ་པའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཐུས་ཚང་འཛུགས་སྐྲུན་དང་མི་འབོར་དུས་ཡུན་རིང་བོར་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཁྱོན་ཡོངས་ལ་ཁྱབ་ཅིང་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་ཚད་མཐོ་རུ་གཏང་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ལ་ཤུགས་བསྣན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྔར་ལས་མིའི་སེམས་ཀྱི་ཟབ་སར་འཇོག་པ་དང་སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་དེ་བས་འཐུས་ཚང་དུ་བཏང་སྟེ་རིགས་སོ་སོའི་མི་དམངས་མང་ཚོགས་ལ་དངོས་པོ་དང་བསམ་པའི་རྒྱགས་ཕྱེ། རིག་གནས་བཅས་ཀྱིས་ཕྱུག་པའི་མཛེས་སྡུག་གི་འཚོ་བ་སྐྱེལ་དུ་འཇུག་རྒྱུར་བརྩོན་དགོས།
ལྔ་ནི་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་མོ་བྱ་དགོས། དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བཙུགས་ཏེ་སྲིད་གཞུང་གི་དོ་དམ་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བསྡུར་ཚད40%ཡན་ཟིན་དགོས། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་བར་གྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་སྤེལ་སྟེ། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བགྲོད་ལམ་ཆེན་པོའི་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་བརྟན་སྲུང་དང་རྒྱ་བསྐྱེད་པ་བརྒྱུད། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྟེགས་བུ་ཆུ་ཚད་མཐོན་པོའི་སྒོ་ནས་སྐྲུན་ཞིང། ཁྱོན་ཡོངས་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་འགྲེམ་ཚོགས་དང་འགྲན་སྡུར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་བཟོ་ནུས་ཆེ་རུ་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་ཞིག་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས།
དྲུག་ནི་ས་གནས་བཅོས་སྐྱོང་གི་ཕན་ནུས་ཇེ་ཆེ་ཇེ་ལེགས་སུ་བསྒྱུར་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ་དང་ཆུ་ཚད་སྔར་ལས་མཐོན་པོའི་སྒོ་ནས་ཁྲིམས་སྐྱོང་མཚོ་སྔོན་དང་དུས་བདེའི་མཚོ་སྔོན་འཛུགས་སྐྱོང་བྱས་ཏེ། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏང་དགོས། ཏང་གིས་མགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང། ཚུལ་བཞིན་སྐྱོང་བ་བཅས་ཟུང་དུ་སྦྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏང་དགོས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་སྔོན་གྲས་སུ་འཛུགས་སྐྲུན་བྱས་ཏེ། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་འཆམ་མཐུན་དཔེ་བཟང་གཏོད་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་ཞི་འཐབ་ཟུང་འབྲེལ་བྱས་ནས་སྤྱི་པའི་འཕྲོད་བསྟེན་གྱི་འཚུབ་ཟློག་དོ་དམ་བྱེད་ནུས་ཆེ་རུ་གཏང་དགོས། ཉེན་ཁ་ཆེ་རིགས་སྔོན་འགོག་དང་འདུམ་སེལ་སྐོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་རང་བྱུང་གནོད་འཚེ་འགོག་སྡོམ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས།
རྨང་གཞི་འདིའི་སྟེང་དུ་ད་དུང་ལོ་བཅུར་འབད་བརྩོན་བྱས་ནས2035ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཚན་རྩལ་གྱི་དངོས་ཤུགས་ཆེས་ཆེར་གོང་དུ་འཕེལ་བ་དང། དཔལ་འབྱོར་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྐས་རིམ་གསར་བ་ཞིག་ཏུ་སླེབ་ཅིང། ཡོང་སྒོ་འབྲིང་གྲས་ཀྱི་ཚོགས་སྤྱི་མངོན་གསལ་གྱིས་རྒྱ་སྐྱེད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་བར་འཇུག་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་ཚང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་གཏང་དགོས་པར་མ་ཟད་ཐཱན་འབུད་ཚད་རྩེར་སོན་པ་སྔོན་གྲས་སུ་མངོན་འགྱུར་བྱ་དགོས། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ་གསར་གཏོད་ཅན་གྱི་ཞིང་ཆེན་གྱི་གྲས་སུ་ཚུད་པར་བྱེད་ཅིང་མཚོ་སྔོན་གྱི་ཐོན་ཁུངས་ལྷན་ནུས་དང་ཐོན་ལས་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཆགས་སུ་འཇུག་དགོས། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་སྐྲུན་པ་དང་དུས་བདེ་མཚོ་སྔོན་སྐྲུན་པའི་ཆུ་ཚད་དེ་བས་མཐོན་པོར་སླེབ་ཏུ་འཇུག་དགོས་ཤིང། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་བར་འཚམ་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་སུ་འཇུག་དགོས། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་ཚད་གསར་བ་ཞིག་ཏུ་སླེབ་པ་དང་མི་དམངས་ཀྱི་འཚོ་བར་སྔར་ལས་བདེ་སྐྱིད་ལྡན་པ། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་མཉམ་དུ་ཕྱུག་པོར་སྒྱུར་བར་དོན་དམ་པའི་འཕེལ་རྒྱས་བྱུང་སྟེ་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།
འཐུས་མི་རྣམ་པ། འཆར་འགོད་དམིགས་འབེན་བཟོས་ཟིན་ལ། ད་ནི་འབད་འབུངས་ཡར་བརྩོན་བྱེད་རན་གྱི་སྒང་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཕྱོགས་སོ་སོས་རྒྱབ་སྐྱོར་རོགས་རམ་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་ཧུར་བརྩོན་དང་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། མཚོ་སྔོན་གྱི་འབྱུང་འགྱུར་ལ་སྔར་ལས་མཛེས་སྡུག་ལྡན་ཞིང་འོད་སྟོང་འཕྲོ་ངེས་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
གསུམ། 2021ལོའི་བྱ་བའི་ལས་འགན་གཙོ་བོ།
ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་བ”ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་པའི་ལོ་དང་པོ་ཡིན་ལ། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཞིག་ཀྱང་ཡིན་པས། བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱེད་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་དང། དེ་བཞིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་ཟབ་མོ་བྱ་དགོས་པ་དང། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དུ་བཏབ་ཐོག འཕེལ་རྒྱས་ཀྱི་གནས་བབ་གསར་བ་བསྐྲུན་ཏེ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་ཕྱོགས་གཙོ་བོར་འཛིན་པ། བཅོས་སྒྱུར་དང་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་བྱས་ནས། མི་དམངས་ཀྱི་ཉིན་རེར་བཞིན་ཆེ་རུ་འགྲོ་བཞིན་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩིས་ཏེ། རྒྱུད་ཁོངས་འདུ་ཤེས་རྒྱུན་འཁྱོངས་དང་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྟན་སྲུང་དང་རྒྱ་སྐྱེད་གཏོང་བ། གོང་སྤེལ་དང་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་ཅིང། “བརྟན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་དང“འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་ཤིང། ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་སྤྱི་ཁོག་གི་སྲིད་ཇུས་དོན་འཁྱོལ་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བྱེད་པ་དང། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང“དཔལ་འབྱོར་ཆགས་སྟངས་རིགས་བཞི”གསོ་སྐྱོང་བྱས་པ་བརྒྱུད། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པར་སྲུང་འཛིན་བྱེད་ཅིང། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་དང་ཚན་རྩལ་འཐབ་ཇུས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ཆུ་ཚད་མཐོན་པོའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྒྱ་བསྐྱེད་དེ“ལོ་ལྔའི་འཆར་འགོད་བཅུ་བཞི་བ”མགོ་ཡག་པོ་ཞིག་རྩོམ་པར་ཁག་ཐེག་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས།
སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང6%ཡན་འཕར་བར་བརྩོན་ལེན་དང་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་གཏོང་ཚད6%ཡས་མས་འཕར་རྒྱུ་དང། མཁར་གྲོང་དུ་མི་ཁྲི6ཡན་གསར་དུ་ལས་ཀར་ཞུགས་ཐུབ་དགོས་ལ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི105གནས་གཞན་དུ་བསྐྱལ་ནས་ལས་ཀར་ཞུགས་ཐུབ་དགོས། མཁར་གྲོང་དུ་བརྟག་དཔྱད་བྱས་པའི་ལས་ཤོར་ཚད5.5%ཡས་མས་དང་ལས་ཤོར་ཐོ་འགོད་བྱས་ཚད3.5%ཡི་ནང་དུ་ཡོད་པ་དང། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་ཞིང་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཡོད་ཅིང། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད88%ཡན་དུ་སྲུང་འཛིན་ཐུབ་པ་དང། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་རིགསIIཡན་དུ་སྲུང་འཛིན་ཐུབ་པ་དང། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསIIIལ་བསླེབ་དགོས་ལ། ནུས་སྲི་སྙིགས་འཕྲི་དང་ཐཱན་ཉུང་གཏོང་གི་ཚད་དེ་རྒྱལ་ཁབ་ཀྱི་གཏན་འབེབས་དམིགས་ཚད་ནང་ཚོད་འཛིན་ཐུབ་པ་དང། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི107ཡན་དུ་སྲུང་འཛིན་ཐུབ་དགོས།
གོང་གསལ་གྱི་དམིགས་འབེན་མངོན་འགྱུར་འབྱུང་དགོས་ན། ང་ཚོས་ངེས་པར་དུ་རྒྱུན་རྣམ་ཅན་གྱི་པྲོག་གསར་གློ་ཚད་རིམས་བབ་འགོག་སྡོམ་བྱ་བ་ལྷོད་གཡེང་སྤུ་ཙམ་མི་བྱེད་པར་ལེགས་འཛིན་བྱས་པའི་སྔོན་འགྲོའི་འོག་ཏུ། གནད་ས་གཙོ་བོར་འཛིན་པ་དང་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་གཤམ་གྱི་ཕྱོགས་བརྒྱད་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་འཛིན་བྱ་དགོས།
(གཅིག) སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གཏོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྔར་ལས་ལྷག་པའི་ཆོད་སེམས་དང་སྔར་ལས་ཆེ་བའི་ནུས་ཤུགས། སྔར་ལས་དོན་དམ་པའི་བྱེད་ཐབས་ཀྱིས་རབ་མཛེས་མཚོ་སྔོན་གྱི་སྐྱེ་འགྲོ་ཀུན་དང་རྩྭ་རྩི་ཤིང། རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱ་དགོས།
རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོར་སྤྲིངས་པའི་རྟེན་འབྲེལ་ཞུ་འཕྲིན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ཟི་ལིང་གི་ཐུན་མོང་ངོས་ཟིན”གྱི་ཡང་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་སྐུལ་འདེད་གཏང་དགོས་ལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བྱ་བ་ཡག་པོར་བསྒྲུབས་ཐོག མཚོ་སྔོན་པོ་དང་ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་ཧུར་ཐག་གིས་རེ་ཞུ་ཡི་གེ་ཕུལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཁྱུ་ཚོགས་མགྱོགས་མྱུར་ངང་བསྐྲུན་དགོས། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་བསྡུ་རྒྱུར་གྲ་སྒྲིག་ཡག་པོ་བྱ་དགོས། རང་བྱུང་སྲུང་སྐྱོང་ས་ཁུལ་ལ་བརྟག་དཔྱད་དཔྱད་དཔོག་བྱེད་པར་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་རང་བྱུང་སྲུང་སྐྱོང་ས་ཁུལ་སྣ་ཚོགས་གཅིག་སྒྲིལ་ལེགས་པོ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་དཔེ་མཚོན་གཏོད་དགོས།
ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོང་ལེགས་པོ་བྱ་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་སོགས་ལ་ཕྱོགས་བསྡུས་སྒོས་བཅོས་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང། མགོ་ཁུངས་བཅོས་སྐྱོང་བཅས་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང། གངས་རི་འཁྱགས་ཀླུང་དང་གཙང་བོའི་མགོ་ཁུངས། མཚེའུ་དང་རླན་ས། རྩྭ་ཐང་དང་སྤང་ལྗོངས། བྱེ་ཐང་དང་མྱ་ངམ་ཐང་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཇེ་ཆེར་བཏང་ཐོག མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་སོགས་སྐྱེ་ཁམས་གཙོ་གནད་ལས་གྲྭ་མུ་མཐུད་དུ་ལག་བསྟར་དང། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བརྟན་སྲུང་དང་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་སྤེལ་དགོས། འབྲི་ཆུའི་འབབ་རྒྱུད་དུ་ལོ་བཅུའི་རིང་ལ་ཉ་རིགས་འཛིན་མི་ཆོག་པ་གཟབ་ནན་གྱིས་དོན་འཁྱོལ་དང་ལོ་བཅུའི་རིང་ལ་མཚོ་སྔོན་པོའི་མཚོ་རྒྱ་བསྡམས་ནས་ཉ་གསོ་རེས་སྐོར་དྲུག་པ་ལག་བསྟར་བྱ་དགོས། མདོ་དབུས་མཐོ་སྒང་དུ་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཞི་གྲངས་ཆེན་མོའི་སྟེགས་བུ་དང་འགྲེམ་སྟོན་སྟེགས་བུ། ཚན་རིག་རྟོག་ཞིབ་རྟེན་གཞི་བཅས་མགྱོགས་མྱུར་ངང་བསྐྲུན་དགོས། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་བཅས་ལ་སྦགས་བཙོག་ཐེབས་པ་འགོག་བཅོས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང། གནད་དོན་དག་ཐེར་ཡོ་བསྲང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་དང་བཅའ་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་དགོས།
རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འཆར་འགོད་ལག་བསྟར་བྱ་དགོས། རྨ་ཆུའི་གཞུང་རྒྱུན་དུ་ཆུ་ལོག་འགོག་པའི་ལས་གྲྭ་སྐབས་གཉིས་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་རྨ་ཙོང་གི་འབབ་རྒྱུད་ས་ཁོངས་གཙོ་བོའི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། ཆུ་ཁུངས་གསོ་འཁྱོངས་ནུས་པ་བརྟན་སྲུང་བྱས་ཁར་ཆེ་རུ་གཏོང་བ་དང། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། ཚེ་སྲོག་གི་རྟེན་ས་དང་མཛེས་སྡུག་གི་གཞི་མ། འཚེ་མེད་ཀྱི་དལ་འབབ། ལས་གཏོད་ཀྱི་སྟེགས་བུ། འབྱུང་འཕྲོད་ཀྱི་བདུད་རྩི། ཡིད་འགུག་པའི་ལྕགས་ཀྱུ། དམངས་ཕན་གྱི་ནོར་བུ། སྒོ་འབྱེད་པའི་ཕོ་ཉ། འཆམ་མཐུན་གྱི་གསེར་ཟམ་བཅས་ཀྱི་བདག་ཉིད་དུ་གྲུབ་པའི་གཙང་ཆབ་སྔོན་མོའི་བརྗིད་ལྡན་སྣང་བརྙན་ནི་མཛེས་པའི་རི་མོར་བཀོད་དེ། དུས་རབས་གསར་བའི“རྨ་ཆུའི་མཉམ་གཞས”ཞེས་པའི་ཆུ་བོའི་མགོ་ཁུངས་ཀྱི་བསྟོད་གླུ་རིང་མོ་ལེན་དགོས།
མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱ་དགོས། ཚུགས་གནས་དང་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ནས་ལོ་གསུམ་རིང་གི་འགུལ་སྐྱོད་ཇུས་གཞི་དོན་འཁྱོལ་ནན་མོ་བྱས་ཏེ། སྤུས་ཚད་མཐོན་པོའི་སྒོ་ནས་དོང་གཤོང་བསྐྱར་སུབ་དང་འགྲམ་ལྡེབས་ཉམས་གསོ། རྩྭ་འདེབས་སྡོང་འཛུགས། ར་བསྐོར་འགོག་གསོ་སོགས་བྱེད་ཐབས་སྤྱད་ནས་ཁེ་ལས་དང་གཏེར་ལས་དབང་ཆ་བསྡུ་སྒྲིལ་ལ་བརྟན་བརླིང་ངང་ནས་སྐུལ་འདེད་གཏོང་བ་དང། གྲང་འཁྱགས་མཐོ་སྒང་སྔོ་ཁེབས་ཉམས་གསོའི་ལས་གཞི་ཚན་རིག་ལྟར་ལག་བསྟར་བྱས་ནས་ལོ་འཁོར་ནང་གི་གཙོ་གནད་ལས་འགན་སྣ་ཚོགས་དུས་ལྟར་འགྲུབ་པར་ཁག་ཐེག་བྱ་དགོས།
སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་བ་དང“ཚོད་འཛིན་ཐིག་གསུམ”གཅིག་གྱུར་འཆར་འགོད་ཀྱིས་དབྱེ་འབྱེད་གཏན་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོར་རྩིས་སྤྲོད་དོ་དམ་ནན་མོ་བྱས་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་ལམ་ལུགས་དང་ཕྱོགས་བསྡུས་ཀྱི་སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ཏེ། “ཐིག་གསུམ་ཐོ་གཅིག”གི་གྲུབ་འབྲས་དོན་འཁྱོལ་དང་བཀོལ་སྤྱོད་བྱེད་པར་མྱུར་བར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་ཀྱི་རིན་ཐང་བརྗེ་སྒྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་དང་སྐྱེ་ཁམས་ཐོན་རྫས་ཉོ་ཚོང་ཁྲོམ་ར་གསོ་སྤེལ་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏང་དགོས། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ་དང་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུ་མགྱོགས་མྱུར་ངང་བསྐྲུན་ཏེ་ཕྱོགས་ཡོངས་ནས་ནགས་དཔོན་ལམ་ལུགས་ཁྱབ་སྤེལ་དང“སྙིགས་མེད་གྲོང་ཁྱེར”སྐྲུན་པའི་ཚོད་ལྟར་སྐུལ་འདེད་གཏང་དགོས། “དྲུག་པའི་ཚེས་ལྔའི”ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལེགས་པོར་སྤེལ་དགོས།
(གཉིས)དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ། དགོས་མཁོའི་ཕྱོགས་ཀྱི་དོ་དམ་ལ་སྣང་ཆེན་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་ཧུར་ཐག་བྱ་དགོས།
གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། གསར་གཏོད་ཀྱི་སྲོག་ཤིང་གི་གོ་གནས་གཙོ་བོར་འཇོག་པ་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ལས་གོང་སྤེལ། མི་དམངས་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཚན་རྩལ་གྱི་ཆེད་དོན་འགག་སྒྲོལ་གལ་ཆེན་ལག་བསྟར་བྱ་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་པ་དང་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་ཞིབ་གླིང་བཅས་ཀྱིས་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ་ཐོན་ལས་ཀྱི་དགེ་མཚན་ལྡན་པའི་ཁྱབ་ཁོངས་སུ་ལེགས་སྒྲུབ་ཞིབ་ལས་བྱེད་པར་སྐུལ་མ་གཏོང་བ་དང། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་བྱེད་པོ་རིགས་སོ་སོས་རྒྱུན་འཁོར་དང་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དང་མཚོ་ཤར་གྱི་རྨ་ཙོང་ཁུལ་གསར་གྱི་རྒྱལ་ཁབ་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་རྣམ་པའི་ཟུང་གཏོད་ཁྱད་ཆོས་ལྡན་པའི་གཞི་རྟེན་མྱུར་བར་བསྐྲུན་ནས། སྔོན་ཐོན་གྱི་གསོག་ནུས་ལག་རྩལ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གྲབས་འཛུགས་བྱ་དགོས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་ཀྱི་འགུལ་སྐྱོད་སྤེལ་ནས་ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་རུས་ཤུགས་ཆེན་པོས་དར་སྤེལ་བྱས་ཏེ། དོན་སྒྲུབ་ལས་སྐྲུན་ལ་ཡར་སྐུལ་དང་གསར་གཏོད་ཀྱི་གཤིན་ས་ལེགས་པར་བསྐྲུན་དགོས། ས་གནས་རང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྟབས་བསྟུན་གྱིས་ཤེས་ལྡན་མི་སྣ་དང་བློ་རིག་ནང་འདྲེན་གཉིས་གལ་ཆེ་མཉམ་བརྩི་བྱེད་པ་མཐའ་འཁྱོངས་བྱས་ཏེ། གསར་གཏོད་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་འགུལ་སྐྱོད་སྤེལ་དགོས་ཤིང། གཙོ་གནད་ལས་གཞིའི་འགག་སྒྲོལ་ལ“དཔའ་ཁས་ལེན”སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཐོག གསར་གཏོད་སྦྲེལ་རྡང་དང་ཐོན་ལས་སྦྲེལ་རྡང་མཐུད་ཤུགས་ཇེ་ཆེར་བཏང་ནས་ཤེས་ལྡན་མི་སྣ་རིགས་སྣ་ཚོགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱ་དགོས།
དངུལ་གཏོང་སྒྲིག་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱ་དགོས། “གསར་བ་གཉིས་དང་གལ་ཆེན་གཅིག”གི་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས། འདེགས་སྐྱོར་ནུས་པ་ཆེ་ཞིང་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་ལྡན་པའི་གཙོ་གནད་ལས་གཞི་ཁག་ཅིག་སྐྲུན་མགོ་རྩོམ་པའམ་ཇུས་འགོད་དང་གྲབས་གསོག་བྱ་དགོས། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཡུལ་ཤུལ་གནམ་གྲུ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་དང། ཐུན་རིན་ནས་གསེར་ལུང་བར་གྱི་མྱུར་ལམ་སོགས་ལས་གཞི་གལ་ཆེན་མྱུར་དུ་བསྐྲུན་དགོས་པ་དང། ཟི་ལིང་ནས་ཚྭ་ཁའི་གྲོང་ཁྱེར་རིམ་པའི་ལྕགས་ལམ་དང་ཁྲི་ཀ་ནས་རྟ་བོ་བར་གྱི་མཐོ་རིམ་གཞུང་ལམ་སོགས་ཀྱི་ལས་གཞི་བསྐྲུན་མགོ་བརྩམ་དགོས་ཤིང། རྨ་ལྷོ་གནམ་གྲུ་ཐང་དང་མཚོ་བོད་ལྕགས་ལམ་སྟེང་གི་ཟི་ལིང་ནས་ན་གོར་མོའི་བར་གྱི་རིམ་པའི་སྤུས་ཚད་མཐོར་འདེགས་ལས་གྲྭ་སོགས་ཀྱི་དུས་འགོའི་ལས་གཞི་ཏན་ཏིག་དང་ཞིབ་ཚགས་ཀྱིས་བསྐྲུན་ཏེ། ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བ་ཁྱོན་ཡོངས་ནས་བསྐྲུན་དགོས། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་དུས་མགོའི་ལས་གཞིའི་འཕེལ་རིམ་དང། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་ནཱ་ལེང་ཀུ་ལུ་ཆུ་བོའི་ཆུ་བེད་ལྟེ་གནས་སྐྲུན་པར་སྐུལ་འདེད་གཏང་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་དང་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང། དམངས་ཁྲོད་ཀྱི་མ་རྩ་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞིའི་ཐད་ལ་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཁྲོམ་རས་གཙོ་ཁྲིད་བྱེད་པའི་དངུལ་གཏོང་གི་ནང་གནས་འཕར་སྣོན་ཡོང་བའི་ལམ་སྲོལ་ཆགས་པར་སྐུལ་འདེད་བྱ་དགོས།
འཛད་སྤྱོད་བརྟན་འཇགས་ངང་འཕར་བར་སྐུལ་འདེད་གཏང་དགོས། འཛད་སྤྱོད་ཀྱི་རྒྱ་སྐྱེད་པ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏང་རྒྱུ་གཉིས་ཟུང་དུ་སྦྲེལ་ཏེ་མུ་མཐུད་དུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ནས། འཛད་སྤྱོད་ཆེ་རིགས་བརྟན་པོར་གཏོང་བ་དང་ཞབས་ཕྱིའི་འཛད་སྤྱོད་རྒྱ་བསྐྱེད་དགོས། རིག་ལྡན་ཚོང་ལས་འཁོར་རྒྱ་དང་གྲངས་འཛིན་འཚོ་བ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྱི་ཚོང་དོན་དངོས་སུ་གཉེར་བ་དེ་ལས་རིགས་ལས་བརྒལ་ནས་མཉམ་འདྲེས་དང། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ངང་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱ་དགོས། གྲོང་ཁྱེར་གྱི་ཚོང་ལས་འཁོར་རྒྱ་གཙོ་བོ་དང་ཁྱད་ཆོས་ལྡན་པའི་ཁྲོམ་སྲང་གི་འཛད་སྤྱོད་སྒྲིག་གཞི་ཆ་ཚང་བར་སྡེབ་སྒྲིག་དང་གཞིས་ཁུལ་གྱི་དམངས་ཕན་འཛད་སྤྱོད་སྒྲིག་བཀོད་འཐུས་ཇེ་ཚང་དུ་གཏོང་བ་དང། རྫོང་མཁར་གྱི་སྲོལ་རྒྱུན་ཟོང་མང་ཚོང་ཁང་དང་གྲོང་སྡེའི་ཚོང་ར་སྒྱུར་བཀོད་དང་གདང་རིམ་སྤར་དགོས་ཤིང། ཆུང་ཞིང་སྤུས་ཀ་དག་པའི་ཚོང་ལས་ཀྱི་རྐང་ཐང་ཁྲོམ་ལམ་དང་ཉོ་ཚོང་ཕྱོགས་བསྡུས་ཁུལ་གཏོད་དགོས། རླངས་འཁོར་འཛད་སྤྱོད་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་གློག་གསོག་ཀ་སྡོང་སོགས་སྒྲིག་ཆས་མྱུར་བར་འཛུགས་སྐྲུན་བྱ་དགོས། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང། རྫོང་མངའ་ཁོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཚོང་དོན་སྒྲིག་བཀོད་དང་དངོས་ཟོག་སྐྱེལ་འདྲེན་ས་ཚུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཐོག མྱུར་སྐྱེལ་ལས་རིམ་དེ་གྲོང་གསེབ་དང་གྲོང་ཁྱེར་ནས་ཕར་སྐྱེལ་ཚུར་སྐྱེལ་བྱེད་པར་སྐུལ་འདེད་བྱས་ཏེ་རོང་འབྲོག་པ་སྔར་ལས་མང་བོར་ལས་རྣམ་གསར་བ་ལས་ཐོབ་པའི་སྟབས་བདེ་སྣ་ཚོགས་མྱོང་དུ་བཅུག་ནས་ཉོ་འཚོང་གི་སེམས་ཁྲལ་མེད་པར་གཏང་དགོས།
ཤུགས་ཡོད་རྒུས་ཕྱི་ཕྱོགས་ཀྱི་དངུལ་གཏོང་དང་ཉོ་ཚོང་བརྟན་འཇགས་ཡོང་བར་བྱ་དགོས། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱས་ཏེ་དངོས་ཤུགས་ལྡན་པའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་རང་བདག་གི་ཚོང་རྟགས་གྲགས་ཅན་གྱི་ཆེད་ཚོང་ཁང་དང་ཐོན་རྫས་འགྲེམ་སྟོན་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་དང། འོད་ཝོལ་དང་མདོག་ལྡན། ཚྭ་འགྱུར་སོགས་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཁྲོམ་ར་གཏོད་པར་སྐུལ་མ་གཏང་དགོས། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གཉེར་སྐྱོང་བྱེད་མཁན་གསོ་སྐྱོང་དང་ནང་འདྲེན་བྱེད་པ་དང། ཕྱོགས་བསྡུས་རང་བཞིན་གྱི་ནང་འདྲེན་ཚོང་ཟོག་ཐད་ཚོང་སྟེགས་བུའི་ཁ་གྲངས་ཇེ་མང་དང་གཞི་ཁྱོན་ཇེ་ཆེར་གཏང་དགོས། ཕྱི་རྒྱལ་གྱི་ཚོང་པས་དངུལ་གཏོང་ཆོག་འཐུས་མ་བཀོད་གོང་གི་རྒྱལ་དམངས་ཀྱི་ཐོབ་ཐང་དང་ལྡོག་ཕྱོགས་ཀྱི་ཞིབ་ཐོ་དོན་འཁྱོལ་བྱ་དགོས། ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་གཙོ་གནད་ལས་གཞིར་སྤྱོད་པའི་ས་ཆ་སོགས་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཕྱོགས་རིས་མེད་པར་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཀྱི་མ་དངུལ་དང་ཉོ་ཚོང་གི་གཞི་རྩའི་གནས་བབ་བརྟན་སྲུང་བྱ་དགོས།
(གསུམ) གནོད་མེད་ཐཱན་ཉུང་འཁོར་སྐྱོད་ངང་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་མ་ལག་གཟུག་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་ངང་འཕེལ་རྒྱས་གཏོང་རྒྱུ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་ངང་གཟུག་དགོས།
སྐྱེ་ཁམས་དཔལ་འབྱོར་རྒྱ་བསྐྱེད་དགོས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས་ཏེ། མར་ཐང་ཆུ་གློག་ས་ཚིགས་ཡང་བསྐྱར་སྐྲུན་མགོ་རྩོམ་པ་དང། ལ་ཟེ་བ་དང་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་སྒྱུར་སྐྲུན་རྒྱས་སྐྲུན་བྱ་དགོས་ཤིང། རྨ་ཆུའི་སྐས་གདང་ཅན་གྱི་ཆུ་གློག་ས་ཚིགས་ཀྱི་ནུས་གསོག་ལས་གཞི་ཆེ་གྲས་ལག་བསྟར་ཐུབ་མིན་ལ་ཞིབ་འཇུག་བྱེད་མགོ་བརྩམ་དགོས། མཚོ་ལྷོ་དང་མཚོ་ནུབ་ཀྱི་སླར་སྐྱེའི་ནུས་ཁུངས་རྟེན་གཞིའི་གཞི་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་པ་དང། མཚོ་སྔོན་དང་ཧོ་ནན་བར་གྱི་གློག་རྒྱུན་ཐད་རྒྱུག་ལས་གྲྭ་སྐབས་གཉིས་པ་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་ཐོག མཚོ་སྔོན་གྱི་གློག་ཕྱི་ལ་སྐྱེལ་བའི་རྒྱུ་ལམ་གཉིས་པའི་ལས་མགོའི་བྱ་བ་ཇེ་མགྱོགས་སུ་གཏང་དགོས། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་གནོད་མེད་སྒོས་རྩད་ཞིབ་ཟབ་མོ་བྱས་ཐོག ཚ་སྐམ་བྲག་རྡོ་དང་ས་འོག་ཚ་ནུས་སོགས་ནུས་ཁུངས་གཙང་མ་གསར་སྤེལ་དང་བེད་སྤྱོད་ཚུལ་ཞིབ་འཇུག་ཟབ་མོ་བྱ་དགོས། མཚོ་བོད་མཐོ་སྒང་གི“དག་གཙང་ས་ཁུལ”གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་དང། སྐྱེ་དངོས་དང་གསོ་སྨན་གྱི་ཐོན་ལས་སྦྲེལ་རྡང་ཧྲིལ་བོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། 5Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་འཇུག་སྒོ་བྱས་ཏེ་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་སྤེལ་དང། སྐྱེ་ཁམས་ཉམས་ལེན་ཡུལ་སྐོར་དང་དམངས་སྲོལ་རིག་གནས་ཡུལ་སྐོར། མཐོ་སྒང་ལུས་སྦྱོང་ཁམས་གསོ་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། དམའ་སའི་བར་སྣང་ཡུལ་སྐོར་སོགས་ལས་རྣམ་གསར་བ་འཕེལ་རྒྱས་གཏོང་བར་སྐུལ་མ་བྱས་ཏེ་ཁྱད་ལྡན་རིག་གནས་ཡུལ་སྐོར་དང་ལུས་རྩལ་སྦྱོང་བརྡར་སྤྲོ་གསེང་གྲོང་རྡལ་ཁག་ཅིག་བསྐྲུན་ཞིང། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་ས་ཁུལ་སྐྲུན་པར་རྒྱབ་སྐྱོར་བྱས་ནས“ལྗོངས་གཅིག་ས་ཁུལ་དྲུག་ཁྱམས་ལམ་གཉིས་དང་གནས་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་གཏོད་པ་དང། རབ་མཛེས་མཚོ་སྔོན་དང། སྐྱེ་ཁམས་བཙན་ས། ཡུལ་སྐོར་དག་ཞིང་བཅས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་དུ་ཆེ་རུ་གཏང་དགོས།
འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་དགོས། ཐོན་ལས་ཀྱི་བཀོད་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང། སྦྲེལ་རྡང་གསར་སྐྲུན་དང་མུ་སྲིང་བ། ཁ་གསབ་དང་ལེགས་སྒྱུར་བཅས་ཀྱི་ཐད་ལ་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ། ཚྭ་མཚོ་ཕྱོགས་བསྡུས་བེད་སྤྱོད་སོགས་འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་རྡང་འཛུགས་སྐྲུན་དང་གཙོ་གནད་གླིང་ཁུལ་འཁོར་སྐྱོད་ཅན་དུ་སྒྱུར་བཀོད་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས་ལ། སྣུམ་རླངས་རྫས་འགྱུར་བཟོ་ལས་དང་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད། ལྕགས་རིགས་བཙོ་སྦྱང་སོགས་ཁྱད་སྟོབས་ལྡན་པའི་ཐོན་ལས་བརྟན་སྲུང་དང་གོང་འཕེལ་དུ་གཏང་དགོས། གློག་བཞུས་ཧ་ཡང་དང་ངར་ལྕགས། ལྕགས་རིགས་བསྲེས་མ་སོགས་ནུས་ཁུངས་ཟད་གྲོན་ལས་རིགས་ཀྱི་ཁེ་ལས་ཀྱིས་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ། སྒྲིག་ཆས་གསར་བ་བཅས་སྤྱོད་པར་སྐུལ་མ་བྱས་ཏེ། ནུས་ཁུངས་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་སྲོལ་རྒྱུན་གྱི་ཐོན་ལས་དེ་རྩེར་སོན་ཅན་དང་རིག་ནུས་ཅན། གནོད་མེད་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ལིས་ལྡན་གློག་རྫས་དང་གསར་བྱུང་ལྕགས་རིགས་བསྲེས་མ། ཐཱན་ཚི་སྣ་སོགས་གཙོ་གནད་དུ་འཛིན་པའི་རྒྱུ་ཆ་གསར་བའི་ཐོན་ལས་རྩེར་སོན་ཕྱོགས་སུ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པ་དང། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་དམག་དམངས་མཉམ་འདྲེས་སྒོས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས། “ཞིན་ཅང་གི་རྡོ་སོལ་མཚོ་སྔོན་དུ་འདྲེན”པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།
གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས། “སྤྲིན་ཐོག་མཚོ་སྔོན”ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང། ཚན་ཚན་ཕྲེང་འབྲེལ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས། 5G རྩོལ་བྱུང་རིག་ལྡན་སོགས་ཆ་འཕྲིན་ལག་རྩལ་གསར་བ་དང་དངོས་གཉེར་དཔལ་འབྱོར་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ཁེ་ལས་སྤྲིན་སྟེགས་སུ་ཞུགས་པའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བ་དང། ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ་སོགས་སྣེ་འདྲེན་ཁེ་ལས་ཀྱིས་བཟོ་ལས་དྲ་སྦྲེལ་སྟེགས་བུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་དགོས། 5Gདྲ་བ་དང་གཞི་གྲངས་ཆེན་མོའི་ལྟེ་བ། ཟོང་སྦྲེལ་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་གསར་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཟི་ལིང་རྒྱལ་སྤྱིའི་སྦྲེལ་དྲ་གཞི་གྲངས་ཆེད་སྤྱོད་བགྲོད་ལམ་བསྐྲུན་ནས་འགྲུབ་དགོས་ལ། གྲངས་འཛིན་དཔལ་འབྱོར་འགྲེམ་སྟོན་གཉེར་སྐྱོང་ལྟེ་གནས་བཙུགས་ནས་འགྲུབ་དགོས་ཤིང། གཞི་གྲངས་ཆེན་མོ་དང་མཉེན་ཆས་ཐོན་ལས་གླིང་བཀོད་སྒྲིག་བྱས་ཏེ། སྤྲིན་རྩིས་ཞབས་ཕྱིའི་སྣེ་འདྲེན་ཁེ་ལས་མགྱོགས་མྱུར་ངང་ནང་འདྲེན་བྱ་དགོས།
ལས་སྟེགས་དཔལ་འབྱོར་གསོ་སྐྱོང་བྱ་དགོས། རྒྱལ་ཁབ་རིམ་པའི་ཉོ་ཚོང་སྟེགས་བུ་དང་མཉམ་ལས་དམ་ཟབ་བྱས་ཏེ། ནས་དང་སྐམས་ཤ་ལུག་ཤ་ཉོ་འཚོང་ལྟེ་གནས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང། གློག་ཤུགས་ཉོ་འཚོང་ལྟེ་གནས་ལེགས་པར་བསྐྲུན་དགོས། སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་ཡག་པོར་བསྡུས་པ་དང་སྐྱེ་ཁམས་ཐོན་ལས་ཀྱི་རྒྱལ་སྤྱིའི་སྟེགས་བུ་བཏོད་དེ་པད་ཁ་དང་འཕང་འབྲས། སྣེའུ་འབྲུ་སོགས་ཁྱད་ལྡན་ཐོན་རྫས་ཉོ་ཚོང་སྟེགས་བུ་སྐྲུན་པར་སྐུལ་འདེད་གཏང་དགོས། འཐེན་ཐུག་ཐོན་ལས་ཀྱི་གྲངས་འཛིན་ཅན་གྱི་སྟེགས་བུ་དང་ཟོག་འདྲེན་ཟོང་སྐྱེལ་ཆ་འཕྲིན་ཉོ་ཚོང་སྟེགས་བུ་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རྒྱ་བསྡམས་ནས་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང། ཟི་ལིང་དང་མཚོ་ཤར་གྱི་ས་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་བསྐྲུན་ནས་འགྲུབ་དགོས། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལག་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས། ཐོན་ལས་ཁེ་ལས་དང་གསར་གཏོད་ཐོན་ཁུངས་གཉིས་གླིང་ཁུལ་དུ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏང་དགོས།
(བཞི) གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱ་དགོས། ཞིང་ལས་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་གོང་དུ་སྤེལ་བ་མཐའ་འཁྱོངས་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ། གྲོང་གསེབ་ཏུ་གཞིས་ཆགས་ལས་བརྩོན་བྱེད་པར་འཕྲོད་པ། ཞིང་པ་ཕྱུག་འགྱུར་བཅས་ཡོང་བར་སྐུལ་འདེད་གཏང་དགོས།
དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྒོས་འབྲེལ་མཐུད་བྱ་དགོས། དབུལ་ཐར་རྫོང་གིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་གཙོ་གནད་དུ་བཟུང་ནས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས་ཤིང། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གྲུབ་འབྲས་བརྟན་སྲུང་བྱས་ཐོག འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་ཏུ་གཏོང་བ་དང། དབུལ་ཐར་ས་ཁུལ་གྱི་ཐོན་ལས་རྒྱ་ཆེན་དུ་སྤེལ་བ་བརྒྱུད་དེ་གྲོང་ཚོའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས། འཐེན་ཐུག་དང་མཚོ་སྔོན་གྱི་གཙག་དྲུབ། ནོར་གནག བོད་ལུག འཕང་འབྲས། ཆུ་གྲང་ཉ་སོགས་ཀྱི་ཐོན་ལས་ཚོང་རྟགས་གྲགས་ཅན་ལེགས་པར་གཉེར་སྐྱོང་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་བར་བརྟེན་ནས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་དེ་སྐུལ་འདེད་གཏང་དགོས། གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏང་དགོས་ཤིང། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་ཡག་པོ་བྱས་ནས། ངེས་པ་དོན་གྱིས་གནས་སྤོར་མང་ཚོགས་བརྟན་པོར་གནས་ཐུབ་ཅིང་ལས་ཀར་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོར་འགྱུར་ཐུབ་པར་འཇུག་དགོས།
ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏང་དགོས། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱེད་པ་དང་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི30བསྐྲུན་དགོས། རྙིང་ཞིང་ཉམས་གསོ་མ་ཐེབས་པའི་ཞིང་ཁའི་ཆུ་བེད་ཆུང་གྲས་ཀྱི་ལས་གྲྭར་སྒྱུར་བཀོད་བྱ་དགོས་ལ། ཞིང་ས“ཞིང་ལས་མིན་པར་སྒྱུར་བ”དང“འབྲུ་ཞིང་མིན་པར་སྒྱུར་བའི”གནད་དོན་བཅོས་སྐྱོང་ནན་མོ་བྱེད་པ་དང། འབྲུ་རིགས་ཐོན་ཚད་འགན་སྲུང་དང་མཁོ་སྤྲོད་བརྟན་འཇགས་གཏོང་བར་གཙིགས་འཛིན་བྱ་དགོས་ཤིང། ཕག་གི་ཐོན་ནུས་སླར་གསོ་དང་མཐོར་འདེགས་བཏང་སྟེ“ཚལ་སླེ”འཛུགས་སྐྱོང་དངོས་གནས་ལེགས་འཛིན་བྱ་དགོས། མཐོ་སྒང་གི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ནོར་གནག་དང་བོད་ལུག་སོགས་ཕྱུགས་རྒྱུད་ཀྱི་ཁྱད་སྟོབས་ཆེ་རུ་བཏང་ཐོག རྒྱུད་འདྲེས་པད་ཁ་དང་ཞོག་ཁོག ནགས་ཚལ། རྩྭ་བཅས་ཀྱི་སོན་གསར་འདེབས་གསོ་བྱ་རྒྱུ་ལེགས་འཛིན་བྱས་ཏེ་སོན་བཟང་དང་ཐབས་བཟང། རྩལ་བཟང་བཅས་ལེ་ལག་ཚང་བར་སྡེབ་ཤུགས་ཇེ་ཆེར་གཏང་དགོས། གནོད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་སྐྲུན་པར་སྐུལ་འདེད་དང། རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་སྐྱེད་ཀྱི་འགུལ་སྐྱོད་དེ་གྲངས་འབོར་ལ་དོ་སྣང་བྱེད་པ་ནས་སྤུས་ཚད་དོན་གཉེར་བྱེད་པར་འགྱུར་བར་སྐུལ་འདེད་གཏང་དགོས་ལ། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཁུངས་འདེད་ཆོག་པའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་དང་སྣེ་འདྲེན་ཁེ་ལས་ནང་འདྲེན་དང་སྐྱེད་སྲིང་བྱེད་པར་དོ་སྣང་བྱ་དགོས། གསོ་ཚགས་འདེབས་འཛུགས་དང་ལས་སྣོན་ཐོན་སྐྱེད། སོས་ཉར་སྐྱེལ་འདྲེན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་མ་ཟད་ཡོངས་སུ་ཁྱབ་པར་བྱས་ནས“མཚོ་སྔོན་རྟགས་ཅན”གྱི་ཚོང་རྟགས་གྲགས་ཅན་དེ་བས་མང་བོ་མཐོ་རིམ་ཁྲོམ་རའི་ཕྱོགས་སུ་སྐྱོད་དུ་འཇུག་དགོས།
ཞིང་ལས་དང་ཞིང་སྡེ་བཅོས་སྒྱུར་ཟབ་མོ་བྱ་དགོས། ཞིང་སྡེའི་འགན་གཙང་ལེན་བྱེད་པའི་ས་ཞིང་གི་བདག་དབང་ཁས་ལེན་དང་ཐོ་འགོད་བྱས་པའི་གྲུབ་འབྲས་བརྟན་སྲུང་དང་རྒྱ་ཆེར་སྐྱེད་པ་དང། རྣམ་པ་མང་ཞིང་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་སུ་གཏང་དགོས། གཞིས་སའི“དབང་གསུམ་དབྱེ་བགོ”མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་བའི་ས་ཞིང་འགན་གཙང་ལེན་དབང་དང། ཁང་ས་བཀོལ་སྤྱོད་བྱེད་དབང། ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་དབང་བཅས་འགན་སྲུང་བྱ་དགོས་པ་དང། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་དང་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གི་ལམ་ལུགས་བརྟན་སྲུང་དང་འཐུས་ཚང་དུ་གཏང་དགོས་ལ། གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱེད་ཅིང་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་ཐོག ཐུན་མོང་གི་ནགས་ཚལ་བདག་དབང་དང་རྒྱལ་དབང་ནགས་ར། ས་རྒོད་གསར་སྦོལ། མཁོ་ཚོང་ཁང། ཆུ་དབང་ཆུ་གོང་སོགས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ཞིང་སྡེའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་དང་སྦས་ཤུགས་སྔར་ལས་སྐུལ་སློང་གང་ལེགས་བྱ་དགོས།
(ལྔ) མཁར་གྲོང་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་སྟངས་གཅིག་གྱུར་འཆར་འགོད་བྱ་དགོས། རྩོལ་ནུས་ཁུལ་གཙོ་བོའི་འཐབ་ཇུས་དོན་འཁྱོལ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་གནས་བབ་ཇེ་ལེགས་སུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐད་ནས་འགག་སྒོ་གསར་བ་གཏོར་བར་སྐུལ་འདེད་བྱ་དགོས།
མི་ལྟེ་བར་འཛིན་པའི་མཁར་གྲོང་གསར་གྲས་གང་མགྱོགས་ཀྱིས་བསྐྲུན་དགོས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་གྱི་ཞིང་ཆེན་སྐྲུན་པར་སྐུལ་འདེད་གཏོང་བ་དང། “5+1”གི་ཚོད་ལྟའི་བྱ་བ་ལེགས་འཛིན་བྱས་ཏེ་འཛུགས་སྐྲུན་གྱི་འཆར་འགོད་དང་ཚད་གཞི་གཏན་འབེབས་དང། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་གྲབས་གཉེར་ཡག་པོ་བྱས་ཐོག མཛེས་སྡུག་ལྡན་པའི་མཁར་གྲོང10བསྐྲུན་རྒྱུ་དམ་འཛིན་དང་གཙོ་གནད་རྫོང་གཏོར་ནས་གྲོང་ཁྱེར་དུ་སྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏང་དགོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཟབ་མོ་བྱས་ནས་ཆ་རྐྱེན་ཡོད་པའི་རོང་འབྲོག་པ་དེ་བས་མང་བོ་ངེས་པ་དོན་གྱིས་མཁར་གྲོང་དུ་མཉམ་འདྲེས་ཐུབ་པར་བྱ་དགོས། གྲོང་ཁྱེར་གསར་སྒྱུར་གྱི་འགུལ་སྐྱོད་སྤེལ་ཏེ་ཁོར་ཡུག་འཕྲོད་བསྟེན་དང་རླངས་འཁོར་འཇོག་ས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་པར་སྐུལ་འདེད་བྱ་དགོས་ལ། རིག་ནུས་གྲོང་ཁྱེར་དང་མཚོ་བལ་གྲོང་ཁྱེར། མཉེན་གཤིས་ལྡན་པའི་གྲོང་ཁྱེར་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང། གྲོང་ཁྱེར་བཅོས་སྐྱོང་གི“དྲ་གཅིག་ཏུ་ཡོངས་ཁྱབ་དོ་དམ”བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་སྔར་བས་མཛེས་སྡུག་ལྡན་ཞིང་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བར་བྱ་དགོས།
གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱ་དགོས། “གྲོང་གསེབ་བརྒྱ་སྟོང”དཔེ་སྟོན་ལས་གྲྭར་བསྟུད་མར་སྐུལ་འདེད་དང། དཔེ་སྟོན་ཚོད་ལྟ་བྱེད་སའི་སྡེ་བ(ར་བ)25གསར་སྣོན་བྱས་ནས་སྡེ་བ295ཡིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་འཆར་འགོད་དང་འཛུགས་སྐྲུན། བདག་སྐྱོང་བཅས་བྱེད་པའི་ལམ་སྲོལ་འཐུས་ཇེ་ཚང་དུ་གཏོང་བ་དང“བཟང་བཞིའི་ཞིང་སྡེའི་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། གྲོང་གསེབ་ཀྱི་མི་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་བཅོས་དང་རིམ་སྤར་བྱེད་པའི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམས་ནས། ཡུལ་བབ་དང་བསྟུན་ཞིང་རིགས་བཀར་ཏེ་སྒྲིག་ཡོད་སྒོས་གྲོང་གསེབ་ཀྱི་སྤྱོད་ཁང་གསར་བརྗེ་དང་གད་སྙིགས་བཙོག་ཆུ་གཙང་སེལ་བྱེད་པར་སྐུལ་འདེད་གཏང་དགོས། རོང་འབྲོག་མང་ཚོགས་ཀྱི་ཚན་རྩལ་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་བཏང་ནས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏང་དགོས། སྲོལ་རྒྱུན་གྱི་གྲོང་སྡེ་དང་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པར་སྲུང་སྐྱོང་དང་ཡུལ་སྲོལ་དཔལ་ཡོན་ཅན་གསོ་སྐྱོང་ལ་དོ་སྣང་བྱ་དགོས་ལ། བཤིག་སྤོ་དང་འཛུགས་སྐྲུན་ཆེན་པོ་མི་བྱེད་པ་དང་སྡེ་བ་སྟོང་གི་ཕྱིའི་རྣམ་པ་གཅིག་མཐུན་དུ་འགྱུར་བར་སྔོན་འགོག་བྱས་ཏེ། གྲོང་གསེབ་ཏུ་རི་སྔོ་ཆུ་དྭངས་ཀྱི་མཛེས་ཉམས་མཐོང་ཐུབ་ལ། ཕ་ཡུལ་ལ་འཕྲེང་བའི་སེམས་པའང་འགུག་ཐུབ་དགོས།
གྲོང་གསེབ་མི་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱ་དགོས། ཁང་བ་ནི་འདུག་སའི་གནས་ཡིན་པ་ལས་ཁེ་བཟང་ཆེན་པོ་ལེན་སྤྱད་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ཞིང་བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་ཀྱིས་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་འཇགས་སུ་གཏང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དང་ཐུན་མོང་གི་རྒྱུ་ནོར་བདག་དབང་གི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བོགས་མར་གཏོང་ལེན་གྱི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏང་དགོས། ཚོང་ལས་ཀྱི་ས་ཁང་གསོག་ཉར་བྱེད་རིགས་ཧུར་ཐག་གིས་འདུམ་སེལ་དང་ས་ཁང་བདག་ཁོངས་ཁྲོམ་རའི་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས་ཤིང། གཞིས་ལས་ཞབས་ཕྱིའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་སྤེལ་བྱ་དགོས། མཁར་གྲོང་གི་གཞིས་ཁུལ་རྙིང་པའི་སྡོད་ཁང་ཁྲི5.15སྒྱུར་བཀོད་བྱེད་པ་དང། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཕྱོགས་བསྡུས་ལེགས་བཅོས་ལས་གྲྭའི་དུད་ཚང་ཁྲི4ཡི་སྡོད་ཁང་སྐྲུན་མགོ་བརྩམས་ནས། རིགས་སོ་སོའི་མང་ཚོགས་རྣམས་སྔར་ལས་གསལ་ལ་ཡངས་པའི་གཞིས་ཁྱིམ་དྲོན་མོ་རུ་བདེ་ཞིང་སྐྱིད་པར་གནས་སུ་འཇུག་དགོས།
ས་ཁོངས་མཐུན་སྦྱོར་དང་མཉམ་འགུལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་སྐྲུན་པར་སྐུལ་འདེད་ཟབ་མོ་གཏོང་བ་དང། ཟི་ལིང་ནས་མཚོ་ཤར་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་མུ་ཁྱུད་བསྐྲུན་ཏེ་གཙོ་གནད་ཁྱབ་ཁོངས་གཞི་གཅིག་ཅན་གྱི་སྲིད་ཇུས་མཐུན་སྦྱོར་དང་ས་ཁོངས་ལས་བརྒལ་བའི་ལས་གཞི་གལ་ཆེན་སྐྲུན་པར་ཤུགས་བསྣན་དགོས། དེང་རབས་མཐོ་སྒང་གི་མཛེས་སྡུག་དང་བདེ་སྐྱིད། ལྗང་མདོག་བཅས་ཀྱི“ཟི་ལིང་ཆེན་པོ”དང། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི“མཚོ་ཤར་གསར་བ”། སྒོ་མོ་འབྱེད་པའི“ཚྭ་འདམ་གཤོང་ས”དང་ཁྱད་ཆོས་ལྡན་པའི“མཚོ་སྐོར་མུ་ཁྱུད”། ལྗང་མདོག་མི་ཆོས་ཀྱི“རྨ་འབྲིའི་འབྱུང་ཁུངས”བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས་མི་འབོར་དང་དཔལ་འབྱོར། ཐོན་ཁུངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི། སྐྱེ་ཁམས་ཁོར་ཡུག ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་དགོས།
(དྲུག) རྒྱུན་མཐུད་དེ་བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་རྒྱ་ཆེར་འབྱེད་དགོས། ཕན་ནུས་ལྡན་པའི་ཁྲོམ་ར་དང་བྱས་རྗེས་ཡོད་པའི་སྲིད་གཞུང་གཉིས་ཀྱིས་ཟུང་འབྲེལ་སྔར་ལས་ལེགས་པོ་བྱེད་པར་སྐུལ་འདེད་དང་ཆུ་ཚད་སྔར་ལས་མཐོན་པོའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་བཏང་ཐོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགེ་མཚན་གསར་བ་གཏོད་དགོས།
ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་དེ་ཇེ་ལེགས་སུ་གཏང་དགོས། སྡེ་ཁག་གི་དབང་ཆ་ཡང་ཡང་ཇེ་ཆུང་དང་ཞིབ་མཆན་འགོད་རིམ་ཡང་ཡང་ཇེ་ལེགས། ཁྲོམ་རའི་འཇུག་སྒོ་ཡང་ཡང་ཇེ་དམའ་རུ་བཏང་སྟེ། སྔར་ལས་ལེགས་པའི་ཚོང་གཉེར་ཁོར་ཡུག་ཏུ་ཁྲོམ་རའི་བྱེད་པོ་སྔར་ལས་མང་བོ་གསོ་སྐྱོང་བྱ་དགོས། སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་འགུལ་རྣམ་གསལ་ཐོའི་མ་དཔེ་ཁྱོན་ཡོངས་ནས་འཛུགས་པ་དང། བདེན་དཔང་དོན་ཚན་དང་ཁེ་ལས་དང་འབྲེལ་ཡོད་ཀྱི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གསལ་བཤད་ཁས་ལེན་ལམ་ལུགས་ཁྱབ་སྤེལ་གཏོང་བ་དང། དངུལ་གཏོང“ཞིབ་མཆན་འཁྱགས་གཏོར”དང་ལས་གྲྭ་འཛུགས་སྐྲུན་གྱི་ལས་གཞིར་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་མོ་བྱ་དགོས་ཤིང། “དྲ་གཅིག་ཏུ་ཀུན་སྒྲུབ”དང“ཞིང་ཆེན་བརྒལ་ཏེ་ཀུན་སྒྲུབ”། “ངོ་མ་འཕྲད་པར་ཞིབ་མཆན་འགོད་པ”ཁྱོན་ཡོངས་ནས་ཁྱབ་སྤེལ་གཏང་དགོས། གློད་པའི་ཞོར་དུ་ལྟ་སྐུལ་གྱི་ནུས་པ་ཐོན་དགོས་པ་དང། “སྦྲེལ་དྲ+ལྟ་སྐུལ་དོ་དམ”མགྱོགས་མྱུར་ངང་ཁྱབ་སྤེལ་བྱ་དགོས། ཡིད་རྟོན་ལྟེ་བར་འཛིན་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་བ་འཐུས་ཚང་དུ་གཏོང་བ་དང། སྒེར་སྡེམ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་དགོས། སྲིད་དོན་ཕྱོགས་ཀྱི་དམངས་བདེ་ཐད་སྦྲེལ་ཁ་པར་གྱི་ཞབས་ཕྱི་ཇེ་ལེགས་སུ་བཏང་ནས་ཆུ་ཚོད24རིང་ལ“སྒོ་མི་གཏན་པ”དང། སྤུས་ཚད་མཐོ་བའི་ཞབས་ཕྱིའི“གོང་མི་གཅོག”པར་བྱ་དགོས།
གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་དགོས། “རྒྱལ་མིང་རྟགས་ཅན”གསུམ་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་ཁྲོམ་ར་མགྱོགས་མྱུར་ངང་བཙུགས་ཏེ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་དེ་ཁྲོམ་ར་ཅན་དུ་སྒྱུར་བ་དང་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏང་དགོས། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་ཟབ་མོ་བྱས་ཐོག “ལམ་ལུགས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་དང“འདོན་སྤྲོད་གསུམ་དང་གཞིས་ལས”ཀྱི་ཁེ་ལས་དབྱེ་སྤྲོད་བྱས་ནས་མཇུག་བསྒྲིལ་དགོས། ཚྭ་མཚོའི་ཁྲིམས་འཛིན་བསྐྱར་སྒྲིག་གི་རྗེས་མཐུད་བྱ་བ་ཡག་པོར་སྒྲུབ་པ་དང་ཞིང་ཆེན་དངུལ་གཏོང་ཀུང་སི་ཁྲིམས་འཛིན་བསྐྱར་སྒྲིག་བྱ་བ་ལེགས་སྒྲུབ་བྱས་ཐོག དཀའ་ངལ་ཡོད་པའི་ཁེ་ལས་རིགས་དབྱེ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏང་དགོས། སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ནས་ཞིང་ཆེན་དང་དེ་མན་གྱི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བྱེད་པར་སྐུལ་འདེད་གཏང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་མང་དུ་གཏོང་བར་ཁྲིད་སྟོན་བྱེད་པ་དང། ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ལ་ཚོད་ལྟ་ཟབ་མོ་བྱས་ནས་ལྗང་མདོག་དངུལ་རྩའི་བཙན་ས་གསར་སྐྲུན་བྱ་དགོས། རིམ་པ་མང་བའི་མ་རྩའི་ཁྲོམ་ར་བེད་སྤྱོད་ལེགས་པོ་བྱས་ནས་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་ཁྲོམ་རར་བཀྲམ་ནས་མ་དངུལ་བསྡུ་རྒྱུག་བྱེད་པར་སྐུལ་འདེད་གཏང་དགོས།
དམངས་གཉེར་དཔལ་འབྱོར་རྒྱ་ཆེན་པོར་འཕེལ་རྒྱས་གཏང་དགོས། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བསྡུའི་ཞབས་ཕྱིའི་སྟེགས་བུ་ཡག་པོར་འཛུགས་པ་དང། དམངས་གཉེར་ཁེ་ལས་ཀྱི་རྩིས་ཁྲའི་ཆད་དངུལ་གཙང་འཇལ་གྱི་ཡུན་ཕན་ལམ་སྲོལ་བཙུགས་ནས་ཁུར་འཕྲི་ཡོན་གཅོག“མཉམ་སྡེབ་བྱེད་སྟངས”ཡག་པོར་བསྒྲུབ་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་བ་དང་དྲང་གཞག་སྒོས་འགྲན་རྩོད་ལ་སྐུལ་འདེད་དང། ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོང་བྱ་དགོས། ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་པ་དང་དབང་བའི་ལམ་ལུགས་འདྲེས་མའི་བཅོས་སྒྱུར་ནང་ཞུགས་པར་ཡར་སྐུལ་དང་ཁྲིད་སྟོན་བྱ་དགོས། ཁེ་ལས་པའི་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་དར་སྤེལ་དང་རྣམ་པ་གསར་བའི་ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་གཙང་མ་བཙུགས་ཐོག ཁྲིམས་ལྟར་ཁྲོམ་རའི་བྱེད་པོ་རིགས་སྣ་ཚོགས་ཀྱི་བདག་དབང་སྲུང་སྐྱོང་བྱས་ནས། ཁེ་ལས་པར་མཚོ་སྔོན་དུ་སེམས་བདེ་མོའི་ངང་ལས་ཀ་གསར་གཏོད་བྱེད་དུ་འཇུག་པ་དང། འཕེལ་རྒྱས་ཀྱི་སྦས་ཤུགས་འདོན་སྤེལ་གང་ལེགས་དང་ཁྲོམ་རའི་གསོན་ཤུགས་ཕུན་སུམ་ཚོགས་པའི་སྒོ་ནས་རྒྱས་སུ་འཇུག་དགོས།
ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེར་བསྐྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་དང། ནུབ་རྒྱུད་གསར་སྤེལ་ཆེན་མོར་གནས་བབ་གསར་བ་ཆགས་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱ་དགོས་ལ། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བ་དང། བོད་ལྗོངས་དང་ཤིན་ཅང་དུ་སྐྱོད་པའི་བགྲོད་ལམ་གསར་བ་སྐྲུན་པའི་ནང་ཟབ་ཞུགས་བྱས་ཐོག ཀྲུང་གོ་དང་ཡོ་རོབ་བར་རྒྱུག་པའི་མེ་འཁོར་དང་ལྕགས་ལམ་མཚོ་ལམ་སྟེང་མཉམ་འདྲེན་གྱི་མེ་འཁོར་དང་མཚོ་གྲུ་རྒྱུན་རྣམ་ལྟར་གཉེར་སྐྱོང་བྱེད་པའི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏང་དགོས། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང། མཚོ་སྔོན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པའི་རེ་ཞུ་ཡི་གེ་འབུལ་བར་སྐུལ་འདེད་གཏང་དགོས་ཤིང། ཕྱི་ཕྱོགས་ཚོང་དོན་རིགས་སྒྱུར་རིམ་སྤར་གྱི་དཔེ་སྟོན་རྟེན་གཞི་རྒྱ་ཆེར་བསྐྱེད་དགོས། ཁེ་ལས་ཀྱིས་ཕྱི་རྒྱལ་ལ་དངུལ་གཏོང་མཉམ་ལས་བྱེད་པར་རྒྱབ་སྐྱོར་དང“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”སོགས་འགྲེམ་ཚོགས་ཡག་པོར་གཉེར་ཏེ་ཚོང་འགུག་དངུལ་འདྲེན་གྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏང་དགོས། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་དང་ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ལེགས་པར་བསྒྲུབ་དགོས། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་གསར་གཏོད་བྱས་ནས་ཁྱབ་ཁོངས་སོ་སོས་དངོས་སྒྲུབ་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས།
(བདུན) མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས། དམངས་འཚོའི་དོན་དངོས་ལས་གྲྭ་ལག་བསྟར་ཡག་པོ་བྱས་ནས་མི་འདང་ས་དང་ཞན་ཆ་ཧུར་ཐག་གིས་ཁ་གསབ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་ཇེ་མཐོར་གཏང་དགོས།
ལས་ཞུགས་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་བྲལ་ལས་ཤོར་མི་སྣ། གླ་རྒྱག་ཞིང་པ། ཟུར་ཐོན་དམག་མི་སོགས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་བྱ་བ་ཡག་པོར་སྒྲུབ་པ་དང། ལས་ཞུགས་ཐབས་ལམ་རྒྱ་སྐྱེད་པ་དང་སྲིད་ཇུས་དོན་འཁྱོལ་བྱ་བ་དམ་འཛིན་སྒོས་ལས་ཞུགས་ཞབས་ཕྱི་ལེགས་བཅོས་བྱས་ནས་སྔར་ལས་ཕུན་སུམ་ཚོགས་ཤིང་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱ་དགོས། ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་ལས་ཞུགས་རོགས་སྐྱོར་གྱི་འགུལ་སྐྱོད་སྤེལ་ཏེ་རིམ་པ་འདྲ་མིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ནས། གསོ་སྦྱོང་གི་གཞི་རྒྱ་མི་ཐེངས་ཁྲི10ལས་བརྒལ་བར་བརྩོན་ལེན་བྱ་དགོས། ཐབས་ལམ་མང་བོར་བརྟེན་ཏེ་སྟབས་བསྟུན་གྱིས་ལས་ཀར་ཞུགས་པར་རྒྱབ་སྐྱོར་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་གཏོད་བྱས་ནས་མི་གཅིག་ཀྱང་ལས་ཀར་ཞུགས་ཐུབ་མེད་པའི་ཁྱིམ་ཚང་གི་སྟོང་ཆ་འགུལ་རྣམ་ལྟར་སྐོང་བར་ཁག་ཐེག་བྱ་དགོས། རྒྱལ་དབང་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་དོན་ལས་སྡེ་ཚན་གྱིས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣར་ལོ་ཕོགས་ལམ་ལུགས་ལག་ཏུ་བསྟར་བ་སོགས་བགོ་བཤའ་རྒྱག་སྟངས་སྣ་ཚོགས་སྤྱོད་པར་ཡར་སྐུལ་བྱ་དགོས། ཆེད་དོན་འགུལ་སྐྱོད་དང་བཅའ་ཁྲིམས་ལག་ཏུ་བསྟར་ཤུགས་ཇེ་ཆེར་བཏང་ནས་གླ་རྒྱག་ཞིང་པའི་གླ་ཆ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པར་ཁག་ཐེག་བྱ་དགོས།
དམངས་འཚོའི་གཞི་ཐིག་དམ་པོར་བསྲུང་དགོས། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོར་འདེགས་དང་གཞི་རྒྱ་ཆེར་སྐྱེད་ལ་མུ་མཐུད་དུ་སྐུལ་འདེད་དང་སྤྱི་ཚོགས་འགན་སྲུང་གི་གསོལ་ཐང་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ་གསོལ་ཐང་གི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས། སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་གང་ལེགས་བྱེད་པ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཇེ་ཚང་དུ་གཏང་དགོས་ཤིང། རྟེན་མ་གསུམ་པའི་རྒན་གསོའི་འགན་བཅོལ་ཚད་ལྡན་དུ་འཕེལ་རྒྱས་སུ་བཏང་སྟེ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། གྲོང་གསེབ་ཀྱི་བདེ་སྐྱིད་རོགས་རེས་ཁང30གསར་སྐྲུན་དང་སྒྱུར་སྐྲུན་རྒྱས་སྐྲུན་བྱས་ཏེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་རྒོན་བཅོལ་གསོའི་ཀུན་ཕན་ཞབས་ཕྱི་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་བདག་སྐྱོང་བྱེད་མཁན་མེད་པའི་རྒན་རྒོན་དང་དྭ་ཕྲུག དབང་བོ་སྐྱོན་ཅན་སོགས་ཀྱི་ཚོགས་སྤྱིར་རོགས་སྐྱོར་ཡག་པོ་བྱ་དགོས། གཟིགས་སྐྱོང་བཀོད་སྒྲིག་སྲིད་ཇུས་དོན་འཁྱོལ་དང་ཟུར་ཐོན་དམག་མིར་ཞབས་ཕྱི་འགན་སྲུང་ཚད་ལྡན་ཅན་དུ་བསྒྱུར་ཏེ་རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་མཉམ་སྐྲུན་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོ་སོགས་མི་དམངས་ཚོགས་པའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱ་དགོས།
སློབ་གསོའི་སྤུས་ཚད་མཐོ་རུ་གཏང་དགོས། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་བློ་སྦྱོང་བསླབ་སྦྱོང་གི་ལས་གྲྭར་སྐུལ་འདེད་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་ཞིང། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་དགོས། སློབ་སྔོན་སློབ་གསོ་འཕེལ་རྒྱས་བྱུང་ཚད་ཞན་པའི་རྫོང་དང་སྤྱི་སྐད་མཐོར་འདེགས་འགུལ་སྐྱོད་ལག་བསྟར་དང། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་མགྱོགས་མྱུར་ངང་སྐྲུན་པ་དང། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་ཚོད་ལྟ་བྱེད་མགོ་བརྩམས་ཐོག མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་བྱིས་སྐྱོང་ཁང21དང་སློབ་གྲྭ་ཆུང་འབྲིང60གསར་སྐྲུན་དང་རྒྱས་སྐྲུན་བྱ་དགོས། མཐོ་རིམ་སློབ་འབྲིང་གི་མི་སྣ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་མཐོ་རིམ་སློབ་གསོའི་ཡང་སྙིང་འཕེལ་རྒྱས་ལ་སྐུལ་འདེད་དང། ཟི་ལིང་སློབ་ཆེན་ཧུར་ཐག་གིས་གྲབས་འཛུགས་དང་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་ལེགས་སྒྱུར་འགུལ་སྐྱོད་ཀྱི་འཆར་གཞི་ལག་བསྟར་བྱ་དགོས་ལ། མཐོ་རིམ་ལས་རིགས་སློབ་གླིང་གནས་སྤོར་ནས་སྐྲུན་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱ་དགོས། སློབ་གསོ་ཆ་འཕྲིན་ཅན་དུ་སྒྱུར་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། དགེ་རྒན་གྱི་བྱང་ཚད་དང་འཇོན་ཐང་ཇེ་མཐོར་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཐོག སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གསོལ་ཐང་འགན་སྲུང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས།
བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། པྲོག་གསར་གློ་ཚད་རིམས་ནད་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་འགག་སྒོ་ལེགས་པར་བཙུགས་ནས་འགོག་སྡོམ་དང་སྐྱོབ་བཅོས་ནུས་པ་མྱུར་དུ་ཇེ་ཆེར་གཏང་དགོས། རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བ་ཡག་པོར་བསྒྲུབས་ཏེ“ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་བསྐྱར་དུ་འབྱུང་བར་སྔོན་འགོག་བྱེད་པའི”འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་སྨན་བཅོས་དང་སྔོན་འགོག་གི་མཉམ་ལས་ལམ་སྲོལ་གསར་གཏོད་སྒོས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ལ། མཚོ་སྔོན་ལྷོ་རྒྱུད་ལ་སྨན་བཅོས་རོགས་སྐྱོར་གྱི་འགུལ་སྐྱོད་གནད་ཁེལ་སྒོས་ལག་བསྟར་དང། སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། གཞུང་གཉེར་སྨན་ཁང་བཅོས་སྒྱུར་ཟབ་མོ་བྱེད་པ་དང། སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་ཁམས་གསོ་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་དང་དོ་དམ་ཚད་ལྡན་དུ་བཏང་ནས། “སྦྲེལ་དྲ+སྨན་བཅོས་བདེ་ཐང”གི་ཞབས་ཕྱི་རྣམ་པ་འཕེལ་རྒྱས་སུ་གཏང་དགོས། ཐུམ་འབུའི་ནད་དང་བྱི་རིམས་སོགས་ས་གནས་ཀྱི་འགོས་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་གྲུབ་འབྲས་བརྟན་སྲུང་བྱ་དགོས། ས་ཆ་གཞན་དུ་སྨན་པ་བསྟེན་པ་ཐོ་འགོད་དང་འགྲོ་གྲོན་ཐད་ཀར་རྩིས་རྒྱག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྨན་རྫས་འཛད་གྲོན་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་སྟེ། ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཁུར་བོ་ཇེ་ཡང་དུ་གཏང་དགོས། བུད་མེད་དང་བྱིས་པའི་བདེ་ཐང་ལ་འགན་སྲུང་དང་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ཁམས་གསོའི་བྱ་བར་ཤུགས་བསྣན་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་ནས་མི་དམངས་བདེ་ཐང་ཡིན་པའི་སྤྱི་ཚོགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས།
རིག་གནས་ལུས་རྩལ་བྱ་གཞག་དར་རྒྱས་སུ་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་དང་སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང། རིག་གནས་ཀྱི་དམངས་ཕན་ལས་གྲྭ་གསར་གཏོད་ཡོད་པའི་སྒོ་ནས་བསྐྲུན་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་དགོས་ལ། “མཚོ་སྔོན་རིག་གནས་གཟེངས་རྟགས”འཛུགས་པར་སྐུལ་འདེད་བྱས་ཏེ་བརྩམས་ཆོས་སྤུས་དག་སྔར་ལས་མང་བོ་བརྩམ་དགོས། རིག་གནས་ཐོན་ཁུངས་རིགས་སྣ་ཚོགས་སྡེབ་སྒྲིག་དང་རིག་གནས་ཡུལ་སྐོར་དུས་ཆེན་དང་རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན་ལེགས་པོར་བསྒྲུབས་ཐོག རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་ལེ་བར་སྟོང་གི་རྨ་ཆུའི་རིག་གནས་འཁྱམ་རིང་བསྐྲུན་དགོས། རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞི་དང་པོ་སོགས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས་ལ། ལ་ཅཱ་གནའ་ཤུལ་དང་ཆུ་ཁོལ་གནའ་བོའི་བང་སོ་སོགས་ཀྱི་གནའ་ཤུལ་རིག་གནས་ཀྱི་ནང་སྙིང་གཏིང་ཟབ་སྒོས་སྔོག་འདོན་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་བདེ་ཐང་གཉིས་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ལུས་ཕུང་སྦྱོང་སའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱི་རང་བཞིན་ལྡན་པའི་རིག་རྩལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས་ལ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དང་ཀྲུང་ཨུའི་འཁྱགས་ལྟིར་འགྲན་སྡུར་སོགས་ཀྱི་འགྲན་སྡུར་ཡག་པོར་གཉེར་དགོས་ཤིང། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་བའི་་བཅས་ལ་ཞུགས་པར་གྲ་སྒྲིག་ཡག་པོ་བྱ་དགོས། རྒྱང་སྒྲོག་བརྙན་འཕྲིན་གྱི་སྨྱན་སྦྱོར་མཉམ་འདྲེས་ཟབ་མོའི་སྒོ་ནས་གོང་དུ་འཕེལ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང། གསར་འགྱུར་པར་སྐྲུན་དང་ལོ་རྒྱུས་ཡིག་ཚགས་སོགས་ཀྱི་བྱ་བ་དམ་འཛིན་བྱ་དགོས།
དམངས་ཀྱི་རེ་བ་ནི་སྲིད་སྐྱོང་གི་ཁ་ཕྱོགས་ཡིན། ན་ནིང་གི་ལོ་མཇུག་ཏུ་ང་ཚོས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ད་ལོའི་དམངས་འཚོ་དོན་དངོས་གྱི་ལས་གཞི་མངོན་གསལ་དུ་བསྡུ་རུབ་བྱས་པའི་ཁྲོད་དུ་གྲོས་གཞི432འབྱོར་བ་དང། དེའི་ནང་ལས་ཞུགས་ལ་སྐུལ་འདེད་དང་སློབ་གསོའི་སྤུས་ཚད་མཐོར་འདེགས། སྡོད་ཁང་འགན་སྲུང། རྒན་བཀུར་བྱིས་སྐྱོང་སོགས་རིགས10དང་རྣམ་གྲངས45ཡི་དམངས་འཚོའི་དོན་དངོས་ལས་གཞི་གཏན་ཁེལ་བྱས་ཡོད། དོན་དངོས་ལས་གཞི་དེ་དག་བསྒྲུབ་རྒྱུ་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་གཟབ་ནན་གྱིས་ཁས་བླངས་ཡོད་པས། ང་ཚོས་ངེས་པར་དུ་འགན་འཁྲི་དང་བརྩེ་བ་ཡིད་ལ་བཅངས་ནས་མི་དམངས་མང་ཚོགས་ལ་ཉེ་བར་མཁོ་ཞིང་སེམས་ཁྲལ་དང་རེ་སྙེག་བྱེད་བཞིན་པར་དམ་པོར་དམིགས་ཏེ། བརྩེ་སེམས་དང་ནུས་ཤུགས་སྤྱད་དེ་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་དོན་དངོས་མང་བོ་ཁ་བཤད་དོན་ཐོག་དང་དོན་ཀུན་ལེགས་སྒྲུབ་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང། བདེ་སྣང་བཅས་སྔར་བས་ཆེན་པོ་ཐོབ་པར་བྱ་དགོས།
(བརྒྱད) སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏང་དགོས། ས་གནས་འཕེལ་རྒྱས་ལ་སྐུལ་འདེད་དང་ས་གནས་བདེ་འཇགས་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ལ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་གཡུང་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་བརྟན་སྲུང་བྱ་དགོས།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྐྲུན་པར་སྐུལ་འདེད་བྱ་དགོས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྲིད་སྟོན་དུ་འཛིན་པ་དང། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་བྱེད་ཕྱོགས་གཙོ་བོ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྱི་བཙན་ས་གསར་བ་ཧུར་ཐག་གིས་གཏོད་དགོས། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་ངང་གོང་སྤེལ་གྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་དང་སློབ་གསོའི་རྟེན་གཞི་ཁག་ཅིག་བསྐྱར་དུ་བཙུགས་ནས། གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ཁང་སྐྲུན་པར་སྐུལ་འདེད་གཏང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས“འབྲལ་མི་ཐུབ་པ་གསུམ”དང“མོས་མཐུན་ལྔ”སྔར་ལས་ལྷག་པར་ཁྲག་རྒྱུན་ནང་འདྲེས་པར་བྱ་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། གཞི་རིམ་གྱི་ཆོས་ལུགས་ཐད“སྲོག་ཤིང་གཅིག་དང་ཕྱོགས་མང་བོས་མཉམ་སྐྱོང”གི་གནས་བབ་གསར་བ་གཏོད་དགོས། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྐབས་དྲུག་པར་ཞུགས་པའི་བྱ་བ་ལེགས་སྒྲུབ་དང་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ལེགས་པོར་གཉེར་དགོས།
སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། བཅོས་སྐྱོང་དང་ཞབས་ཕྱིའི་གཙོ་གནད་གཤམ་སྒྱུར་ལ་སྐུལ་འདེད་གཏོང་བ་དང“གསལ་རྗེན་ལས་གྲྭ”མགྱོགས་མྱུར་ངང་བསྐྲུན་དགོས། བདེ་འཇགས་འགོག་སྡོམ་གྱི“དྲ་བ་ལྔ”འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་དྲ་བ་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་གཙོ་ཁྲིད། སྤྱི་ཚོགས་ཀྱིས་གཞོགས་འདེགས། མང་ཚོགས་ཐེ་ཞུགས། ཁྲིམས་སྐྱོང་འགན་སྲུང་བཅས་བྱེད་པའི་བཅོས་སྐྱོང་མ་ལག་བཙུགས་ནས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གནས་བབ་གསར་བ་བསྐྲུན་དགོས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བྱ་བར་སེམས་ཞིབ་མོས་རྩ་འཛུགས་བྱ་དགོས། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང། འགལ་རྩོད་གྲལ་བཤེར་ཟབ་མོ་བྱས་ཏེ་ཡིག་སྐུར་ངོ་བཅར་བྱ་བ་དང་འགལ་རྩོད་སྣ་མང་ཐག་གཅོད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། “ལྔ་བརྒྱད་ཁྲིམས་ཁྱབ”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་མཁོ་སྤྲོད་བྱ་བ་ཇེ་ལེགས་སུ་བཏང་སྟེ། དམངས་ཡོངས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་གཏང་དགོས། དགྲར་འཛིན་སྟོབས་ཤུགས་ཀྱི་ཁ་ཕྲལ་དང་སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྒོར་རྡུང་རྡེག་དྲག་པོ་གཏོང་བ་དང་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས་ལ། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ་དུས་བདེ་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ལྕགས་ཀྱི་མཁར་རྫོང་བརྟན་པོ་ཞིག་བསྐྲུན་དགོས།
སྤྱི་པའི་བདེ་འཇགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། མི་དམངས་གཙིགས་སུ་འཛིན་པ་དང་བདེ་འཇགས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་གཞི་ཐིག་དམ་པོར་བསྲུང་དགོས། གནོད་འཚེ་འགོག་སེལ་ནུས་པ་ཆེར་སྐྱེད་ལས་གྲྭ་ལག་ལེན་དུ་བསྟར་ནས་མི་དམངས་མཁའ་ཟོན་ལས་གྲྭ་དེ་གྲོང་ཁྱེར་འཛུགས་སྐྲུན་ནང་འཇུག་པར་སྐུལ་འདེད་གཏང་དགོས་ཤིང། མེ་གསོད་དང་གནམ་གཤིས། ས་ཡོམ་བཅས་ཀྱི་བྱ་བ་ཡག་པོར་བསྒྲུབ་དགོས་ལ། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་བཏང་ནས་ཉེན་ཟོན་བྱེད་ཤུགས་ཇེ་ཆེ་དང་འཚུབ་ཟློག་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འཚུབ་ཟློག་ཐག་གཅོད་དང་འགན་སྲུང་བྱེད་ནུས་ཇེ་ཆེར་གཏང་དགོས། བདེ་འཇགས་ཐོན་སྐྱེད་ལ་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་སྤེལ་ཏེ་ཕྱོགས་ཡོངས་ནས་མི་མངོན་ཉེན་ཁའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ་དང། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། ཟས་རིགས་དང་སྨན་རྫས། ཐོན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས་བཅས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱིས་ཟས་ཟོས་ན་སྔར་ལས་སེམས་བདེ་ཞིང་ཉོས་ན་སྔར་ལས་སེམས་སྐྱིད་པ། བཀོལ་ན་སྔར་ལས་སེམས་མགུ་བ་ཞིག་ཡོང་བར་བྱ་དགོས།
བཞི། སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། མི་དམངས་སྲིད་གཞུང་གི་རྩ་བ་མི་དམངས་ཀྱི་ཁྲོད་དུ་ཚུགས་ཡོད་ལ། མི་དམངས་ཞེས་པའི་ཡིག་འབྲུ་གཉིས་ནི་རི་བོ་ཐའེ་ཧྲན་ལས་ལྕི་བས། ང་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་བྱེད་ཅིང། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་དཀྱིལ་དབུས་སུ་བཟུང་སྟེ། བསམ་པ་རྣམ་དག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་པ་བཅས་རྒྱུན་འཁྱོངས་སྒོས་འགན་འཁྲི་ངེས་གསལ་དང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱས་ནས། མི་དམངས་ཀྱི་ཡིད་ཚིམ་པའི་ཞབས་ཕྱི་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱ་དགོས།
ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ་དང། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བྱེད་ཅིང། “འདུ་ཤེས་བཞི”ཇེ་ཟབ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང“སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པར་བྱས་ཏེ། ཏང་གི་ཁྱོན་ཡོངས་ལ་མགོ་ཁྲིད་པ་དེ་སྲིད་གཞུང་བྱ་བའི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་དང། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”ཁོང་དུ་གསལ་བོར་ཆུད་པར་བྱ་དགོས་ཤིང། དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་རྟོགས་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཇེ་མཐོར་བཏང་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཤེས་རྟོགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན། འཕེལ་རྒྱས་ཀྱི་གནས་བབ་གསར་བ་སྐྲུན་པའི་ཆབ་སྲིད་ཀྱི་ནུས་པ་དང་འཐབ་ཇུས་ཀྱི་མིག་རྒྱང། ཆེད་ལས་ཀྱི་ཆུ་ཚད་བཅས་ཟམ་མི་ཆད་པར་མཐོར་འདེགས་སུ་གཏང་དགོས།
ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་ངང་འཛུགས་སྐྱོང་བྱ་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་ངེས་པ་དོན་གྱིས་ཇེ་ཆེར་གཏང་དགོས། དམངས་འཐུས་ཚོགས་ཆེན་གྱིས་བཅའ་ཁྲིམས་ལ་ལྟ་སྐུལ་དང་བྱ་བར་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོས་ལྟ་སྐུལ་བཅས་བྱས་པ་རང་འགུལ་གྱིས་དང་དུ་ལེན་པ་དང། ནན་ཏན་གྱིས་འགན་ཁུར་བ་དང་བསམ་པ་རྣམ་དག་གིས་བྱ་བ་ལེགས་བཅོས་བྱེད་པའི་རྣམ་འགྱུར་གྱིས་འཐུས་མིའི་བསམ་གྲོས་དང་ཨུ་ཡོན་གྱི་གྲོས་གཞི་དག་ཆུ་ཚད་མཐོན་པོའི་སྒོ་ནས་བསྒྲུབ་དགོས་ལ། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་གྱིས་དང་དུ་ལེན་པ་དང་རྩིས་བཤེར་གྱིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག སྲིད་དོན་ཡོངས་བསྒྲགས་བྱེད་པ་ཟབ་སྤེལ་དང་དྲང་གཞག་ཚུལ་མཐུན་གྱིས་ཁྲིམས་ལག་བསྟར་བྱེད་ཚུལ་གཟབ་ནན་སྒོས་ཚད་ལྡན་དུ་བཏང་སྟེ། ཁྲིམས་སྐྱོང་ལ་བརྩི་མཐོང་དང་བརྩི་སྲུང་བྱེད་པ་དེ་ངེས་པ་དོན་གྱིས་སྲིད་གཞུང་གི་རིམ་པ་སོ་སོའི་ལས་བྱེད་མི་སྣའི་རང་རྟོགས་ཀྱི་འགུལ་སྐྱོད་དུ་འགྱུར་བར་འཇུག་དགོས།
སྤྱོད་མཁས་སྒོས་དམངས་ཕྱུག་པོར་སྒྱུར་རྒྱུ་ནམ་ཡང་མཐའ་འཁྱོངས་བྱ་དགོས། སྲིད་གཞུང་གིས་རྦད་དེ་སྣེ་ཁྲིད་ནས་གྲོན་ཆུང་སྒོས་འཚོ་བ་རོལ་དགོས་ལ། ཞིབ་རྩིས་རྒྱག་མཁས་དང་སྲི་ཤེས་སྤྱོད་མཁས་བྱས་ཏེ་སྤྱིར་བཏང་གི་འགྲོ་སྒོ་ཚོད་འཛིན་ནན་མོ་དང་ཉུང་འཕྲི་བྱ་དགོས། ད་ལོའི་གཙོ་གནད་མིན་པ་དང་ངེས་པར་དུ་གཏོང་མི་དགོས་པའི་འགྲོ་སྒོ་ཆ་སྙོམས་ཀྱི15%གཅོག་པ་དང“གཞུང་གསུམ”གྲོན་དངུལ་ཡང་བསྐྱར་བརྒྱ་ཆ5%ཡན་གཅག་དགོས། ཕན་འབྲས་ཆུང་ཞིང་གནོན་གསོག་བྱས་ཡོད་པའི་མ་དངུལ་སྣ་ཚོགས་ཕྱིར་བསྡུ་དགོས་རིགས་ཚང་མ་ཕྱིར་སྡུད་པ་དང་རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་སྤྲོད་ལམ་སྲོལ་དོན་འཁྱོལ་བྱ་དགོས་ཤིང། ནོར་སྲིད་མ་དངུལ་སྤྱོད་པའི་ཕན་འབྲས་དངོས་གནས་ཆེ་རུ་བཏང་སྟེ་དངུལ་སྒོར་རེ་རེ་བཞིན་དགོས་གལ་ཆེ་ས་དང་གནད་འགག་ཆེ་སར་སྤྱད་དགོས།
སྤྱོད་གཙང་སྲོལ་བཟང་ཤུགས་ཆེན་པོས་དར་སྤེལ་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་མོ་བྱས་ཐོག སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཟབ་མོ་བཏང་སྟེ་སྤྱོད་གཙང་གིས་ཁེངས་པའི་ཆབ་སྲིད་སྐྱེ་ཁམས་ཤིག་རྒྱུན་མཐུད་དེ་བསྐྲུན་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཤེས་འགའ་ལག་བསྟར་ནན་མོ་བྱས་ཏེ། ཡང་ཡང་དམ་འཛིན་དང་དམ་འཛིན་ཡང་ཡང་བྱེད་པའི་ངར་ཤུགས་ཀྱིས“སྤྱོད་ངན་བཞི”དང་ནང་སྒོས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་འཁྱོངས་ལྷོད་མེད་སྒོས་བཅོས་སྒྲིག་བྱ་དགོས་ཤིང། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བའི་གྲུབ་འབྲས་བརྟན་སྲུང་དང་ཁག་འཁུར་ཅིང་ལས་སྒྲུབ་པར་སྐུལ་ལྕག་གི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག སྲིད་གཙང་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་བརྩོན་ལེན་དང་སྲིད་བརྩོན་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
འཐུས་མི་རྣམ་པ། མཚོ་སྔོན་མི་དམངས་ནི་ལས་ལ་བརྩོན་ཞིང་ཤེས་རིག་དང་བྱམས་བརྩེ་ཡིས་ཕྱུག་ཡོད་ལ། མཚོ་སྔོན་གྱི་ལས་བྱེད་པ་ནི་བློ་སེམས་དཀར་ཞིང་སྤྱོད་པ་གཙང་བ་དང། ཁག་འཁུར་ཐུབ་པའི་དཔུང་སྡེ་ཞིག་ཡིན། མཚོ་སྔོན་གྱི་མ་འོངས་པ་ནི་རེ་བས་ཁེངས་ཤིང་ཡིད་སྨོན་འཆོར་ས་དང་ཡར་སྐུལ་ཐེབས་ས་ཞིག་ཡིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ་དཀའ་སྤྱད་འབད་བརྩོན་དང་སྙིང་རུས་ཆེར་བསྐྱེད། བློ་བརྟན་ཡར་བརྩོན། གསར་འབྱེད་གསར་གཏོད་བཅས་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་ཀྲུང་གོའི་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས། །