ཁ་བ་བུ་ཡུག་འཚུབ་པའི་རྩྭ་ཐང་གི་མཚན་མོ། ཨོའུ་རྒྱ་བཀྲ་ཚེས་བསྒྱུར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་པ་པོའི་གཏམ།

གཏམ་རྒྱུད་འདི་ནི་འབྲོག་པའི་རྩྭ་ཐང་དུ་གཞི་རིམ་ཁྲིམས་སྐྱོང་ལས་ཀ་བསྒྲུབས་སྐབས་ཀྱི་ལས་ཀའི་ཟིན་ཐོ་ལས་བྱུང་བ་ཡིན། དེའང་ངོ་མཚར་བའི་དབང་གིས་མ་ཡིན་པར། མིའི་རིགས་རིག་པའི་མཐོང་སྣེ་སྤྱད་དེ། དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་དང་ས་ཁོངས་རིག་གནས་ཁྲོད་དུ། སྲོལ་རྒྱུན་གྱི་གོམས་སྲོལ་དང་དེང་རབས་ཀྱི་བཅའ་ཁྲིམས་ལམ་ལུགས་དབར་དུ་བྱུང་བའི་གདོང་ཐུག་དྲག་པོར་ཞིབ་ལྟ་ཞིག་བྱེད་ཆེད་ཡིན། ཁྲིམས་ཀྱི་ལ་རྒྱ་དང་མི་སྣའི་དཀའ་རྙོག་ལས་ཁྲིམས་སྐྱོང་ཤེས་རིག་དེ་སྣ་མང་རིག་གནས་ཀྱི་ཞིང་ས་རུ་སྨིན་པའི་རྙོག་འཛིང་རང་བཞིན་དང་དགོས་ངེས་རང་བཞིན་མངོན་མཚོན་བྱེད་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་དེ། རྙོག་རྫུབ་ཐོ་རུ་འགོད་པ་ནི་རྙོག་རྫུབ་ལས་འགོངས་ཆེད་ཡིན་ལ། འགལ་རྩོད་མཚོན་པར་བྱེད་པ་ནི་མྱོང་རྒྱུས་ཀྱི་ཁྲོད་ནས་འདུམ་ཐབས་ཡོང་ཕྱིར་ཡིན།

རླངས་འཁོར་ནི་མཐའ་ཡས་པའི་རྩྭ་ཐང་འབའ་ཞིག་བརྒྱུད་ནས་སོང་བས། རྒྱང་རིང་གི་གངས་རི་དང་མཚེའུ་དག་གིས་ང་ཚོ་ལ་སྤྲོ་དགའི་ལྟད་མོ་ཡང་ཡང་བལྟབས་ཤིང་ཡང་ཡང་ངོམ།

ཐེངས་འདིར་ང་ཚོ་གྲོང་རྡལ་ཞིག་ཏུ་འགྲོ་དགོས་ལ། སྔོན་ལ་ལམ་ཐིག་བྱང་མ་བརྒྱུད་ནས་འགྲོ་རྒྱུ་དང་། ཕྱིར་ཡོང་དུས་ལམ་ཐིག་ལྷོ་མ་བརྒྱུད་ནས་ཡོང་བའི་གྲོས་ཁ་བྱས། དེ་ལྟར་བྱས་ན་ལམ་རྒྱུད་ཀྱི་མཛེས་ལྗོངས་དག་ལ་ཡོངས་སུ་རོལ་མྱོང་བྱེད་ཐུབ།

ཞག་མ་དང་པོར། ང་ཚོ་ལམ་བར་གྱི་རྫོང་མཁར་ཞིག་ཏུ་ཞག་སྡོད་བྱས། ལམ་བར་དུ་མཐོང་ཐོས་མང་དུ་བྱུང་བས། ངས་རང་དབང་མེད་པར་གློག་ཀླད་ངོས་སུ་འདི་ལྟ་བུའི་ཡིག་ཕྲེང་འགའ་རེ་གཏགས་པ་ཡིན།

སྔོ་ལྟེམ་ལྟེམ་གྱི་མཚེའུ་མང་པོ་ས་གཞིའི་ཕང་བར་ཁུ་སིམ་མེར་འཁྱིལ་བ་འདི་ནི། སྟེང་ཕྱོགས་ལྷ་ནས་བསིལ་བའི་སྤྱན་ཆབ་རྡོག་པོ་རེ་རེ་ཡིན་ནམ་ཅི།

རྒྱང་ནས་བལྟས་ཚེ། ཁོ་ཚོ་ནི་འདི་འདྲའི་གཙང་ཞིང་དག་ལ། འདི་འདྲའི་གསལ་ཞིང་དྭངས་པ་དང་། འདི་འདྲའི་གཉོམ་བག་དོད་པ་ནི། འཇིག་རྟེན་འདི་རུ་ལྷད་མེད་པའི་བརྩེ་འདང་མཆིས་པ་བདེན་དཔང་བྱེད་པ་དང་མཚུངས་ཨང་། ཡང་ན། ཁོ་ཚོ་དབེན་འཇགས་ཀྱི་ཡུལ་གྲུ་འདིར་ཁུ་སིམ་མེར་འཁྱིལ་བ་ནི་སྐྱེ་འགྲོ་རྒུད་ལས་སྐྱོབ་ཆེད་ཡིན་པ་འདྲ་སྟེ། འབྲོག་པ་དང་། ནོར་ལུག རྒྱུག་ཤར་གློད་པའི་གཅན་གཟན། གཤོག་རུ་བརྐྱངས་ཏེ་ལྡིང་སྐོར་རྒྱག་པའི་འདབ་ཆགས། སྐྱེ་སྟོབས་རྒྱས་པའི་རྩྭ་ལྗང་དང་ལྡེམ་ལྡེམ་དུ་གཡོ་བའི་སྤང་རྒྱན་མེ་ཏོག་བཅས་པས་དེ་ཚོར་ཟུངས་བཅུད་བསྩལ་ནས།  ཚེ་སྲོག་གི་བཀྲག་མདངས་རྣམ་པར་འཚེར་དུ་བཅུག་ཡོད།

མཚེའུ་དེ་ཚོ་ནི་རེ་འགའ་ཆེ་ལ་རེ་འགའ་ཆུང་ངུར་འདུག མཐའ་ཡས་པའི་རྩྭ་ཐང་དང་། དབེན་འཇགས་ཀྱི་རི་ལུང་དུ། ཁུ་སིམ་མེར་ལྟེམ་པ་ནི། བློས་གཏོང་དང་ཐུགས་གཅེས་གནང་ཕྱིར་ཁོ་ནས་ཡིན་ལ། གནམ་སའི་རྒྱན་དུ་བབས་པའང་ཡིན། དེ་བས་ཀྱང་ཕྱོགས་ཡོང་མགྲོན་པོའི་མིག་དབང་གསོ་ཕྱིར་ཡིན། སེར་གླིང་མཚོ་དང་། མཚེའུ་དོང་བླ་མཚོ། སྐེ་རིང་མཚོ། མཚོ་སྔོན་མཚོ། འུར་རུ་མཚོ། རྩིད་སྐུད་མཚོ། བྱ་རྒོད་མཚོ་སོགས། མཚོ་དང་མཚེའུ་འདི་དག་གིས་ས་མཐོའི་ཡུལ་གྲུ་འདི་ཉིད་ཡུག་གཅིག་ཏུ་སྦྲེལ་ཡོད་ཅིང་། གཡུ་ཡི་ཞུན་མ་རེ་རེ་དང་འདྲ་བར། བྲེལ་སྟབས་ཀྱིས་སྐྱོད་པའི་ང་ཚོའི་མིག་ལ་ལྷུང་དུས། སེམས་ལ་དགའ་དད་ཀྱི་ཚོར་བ་རླབས་བཞིན་སྐྱོམ་པར་བྱེད།

ཟླ་བཞི་པའི་རྩྭ་ཐང་ལ་ད་དུང་ལྗང་མདོག་གི་ངད་ཁ་ཡོངས་སུ་རྒྱས་མེད་ཀྱང་། རྩྭ་མདོག་ཀྱང་སེར་པོ་ནས་སྔོ་ལྗང་དུ་འགྱུར་མགོ་བརྩམས་ནས་ཡོད་ལ། རིང་པོ་མི་ལོན་པར་གནས་འདིར་སྐྱེ་སྟོབས་ཀྱི་དཔལ་འགྲན་བཞིན་ཡོངས་སུ་ཁེབས་ངེས། གངས་རིའི་སྤོ་རུ་སྤྲིན་པ་ལང་ལོང་འཁྲིགས། རླུང་བུའི་ཤུ་སྒྲ་ཡི་ངར་སྐད་གསལ་བོར་ཐོས་མི་ཐུབ་ནའང་། དུམ་བུར་ཆད་པའི་སྤྲིན་རིམ་ལས་མངོན་པའི་སྔོ་བསངས་ཀྱི་བཞིན་མདངས་དེ་ལས། སྟོང་ཁམས་ཀྱི་གྲང་རླུང་གི་འགྱུར་བག་ཚོར་ཐུབ། སྐབས་འདིར། དྲན་པའི་ནང་དུ་འཁོར་ཡོང་བ་ནི་ཨེ་ལུའེ་ཐི་ཡི་སྙན་ངག་རིང་མོ《མྱ་ངམ་ཐང》ཞེས་པའི་མགོ་རྩོམ་སྐབས་ཀྱི་ཚིག་དུམ་དེ་ཚོ་རེད།  ཟླ་བཞི་པ་ནི་ཆེས་ངམ་གནག་པའི་ཟླ་བ་ཞིག་སྟེ།   འཁུམས་རེངས་ཀྱི་ས་ཞིང་དུ/ལི་ཤིའི་མེ་ཏོག་གསོས་ཤིང་། དྲན་པ་དང་འདོད་ཞེན/གཅིག་ཏུ་བསྲེས་ནས། དཔྱིད་གསུམ་སྦྲང་ཆར་ཀྱིས/འགྲོས་དལ་བའི་རྩད་པ་དཀྲུགས……

རླངས་འཁོར་གྱིས་རི་ཚོགས་ཀྱི་ཁོངས་གསེང་བརྟོལ་ནས་བཞུད་ཅིང་། ཁེར་ཧྲེང་གི་གཙོད་འགའ་ཡིས་རླངས་འཁོར་ནང་གི་འུར་སྐད་ལན་ཅིག་བསླངས། གཞུང་ལམ་འཕྲེད་ཀྱིས་གཅོད་པའི་ནོར་ཁྱུ་ཡང་ཁོད་ཡངས་པའི་སྤང་ཐང་དུ་ཞོགས། རྔམ་རྒྱུག་བྱེད་པའི་ཁ་སྟབས་ནི་དེ་འདྲའི་ཟིལ་ཤུགས་དང་ལྡན་པས། ཚང་མས་ཁ་པར་བླངས་ཏེ་རླངས་འཁོར་གྱི་ཤེལ་སྒོའི་འགྲམ་དུ་ཐྲག་ཐྲག་གིས་འདྲ་པར་ལེན་ལ་བྲེལ། ད་དུང་ཅུང་ཟད་ཐག་རིང་བའི་ས་རུ་རྐྱང་རྒོད་ཞོགས་པ་མཐོང་ཞིང་། ཤ་ཤེད་དང་སྟོབས་ཤུགས་ཀྱིས་ཁྱོགས་པའི་ཉམས་ཀྱིས་མི་ལ་མཚར་སྣང་བསྐྱེད་པར་བྱེད། ཁ་དོག་སེར་སྐྱ་ཡིན་པའི་རི་དེའུ་དག་གིས་འཁྱགས་རོམ་གྱི་སྦུབས་ལས་ཤོར་མ་ཐག་པའི་ཆུ་མོ་སྔས་སུ་བྱས་ཏེ། ཁ་བའི་འདབ་མ་རེ་རེ་ཆུ་ཐིགས་རྡོག་པོར་གྱུར་པའི་སྐད་སྒྲ་ལ་ཉན་ནས་འདུག……

ཕྱི་ཉིན། ང་ཚོ་རླངས་འཁོར་ལ་བསྡད་དེ་སླར་ཡང་ལམ་དུ་ཆས། བར་སྣང་དུ་ཁ་བའི་འདབ་མ་སབ་སིབ་ཅིག་འབབ་ཀྱིན་འདུག་ལ། གྲང་ངར་ཁུར་བའི་རླུང་བུ་ཡིས་སྟོང་འཇགས་ཀྱི་རི་ལུང་གཅུད་འདུག འགྲོ་རོགས་དུས་དེབ་ཁང་གི་གཙོ་སྒྲིག་པས་ང་ཚོར་གངས་རི་དང་མཚེའུའི་བརྩེ་དུང་གི་གཏམ་རྒྱུད་འཆད་ཅིང་། རྩྭ་ཐང་གི་གཞོན་ནུ་ཕོ་མོའི་ཞེ་འདང་གི་གཏམ་རྒྱུད་བརྗོད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་མགོར་བྱུང་བའི་འབྲོག་པ་དག་གི་གཏམ་རྒྱུད་ཀྱང་བཤད། དུས་དེབ་གཙོ་སྒྲིག་པ་ཁོ་ནི་འབྲོག་པའི་རིག་གནས་དང་འཚོ་བའི་གོམས་སྲོལ་ཐད་ལ་མྱོང་གོམས་ཆེ་ཞིང་། ཁོ་རང་གིས་ཀྱང་རྩོམ་རིག་གསར་རྩོམ་བྱེད་ཀྱིན་ཡོད།

ང་ཚོ་དཀར་བོང་བོང་གི་ཁ་བའི་ཀློང་དུ་མགྱོགས་སྟབས་ཀྱིས་མདུན་དུ་སྐྱོད་ཅིང་། རླངས་འཁོར་གྱི་འཁོར་ལོས་ལམ་ངོས་ཀྱི་ཁ་བའི་འདབ་མ་ཆུ་རུ་བཞུས་ནས། སྣུམ་ལམ་སྟེང་དུ་རྗེས་ཤུལ་ནག་ཤ་རེར་བཏོད་འདུག

ཉིན་གུང་ཡོལ་ཙམ་དུ། གནམ་ངོ་ཇེ་ཐང་དུ་གྱུར། ཉི་འོད་ཀྱི་ཟེར་མ་ས་ལ་འཕྲོས་པ་ན། ཁ་བ་ནི་སྔར་བས་ཀྱང་རབ་ཅིག་ཇེ་དཀར་དུ་གྱུར། ས་ཁང་སྐོར་ཞིག་རབ་དཀར་གྱི་ཡུལ་གྲུ་འདི་རུ་ཁ་ཐོར་གྱིས་ལུས་འདུག་ཅིང་། ཁང་ཀླད་ཀྱི་དུ་ཁུང་ལས་ཡོད་མེད་འབྱེད་དཀའ་བའི་དུ་བ་བག་རེ་འཕྱོ་བཞིན་འདུག ནོར་ནག་སྐོར་ཁྱུ་རེ་རེ་དཀར་བོང་བོང་གི་ཁ་བའི་ཁྲོད་བཀྲམ་ནས།  གཟན་རྩྭ་འཚོལ་བཞིན་འདུག

སྐབས་འདིར། སྣུམ་ལམ་ངོས་ཀྱི་ཁ་བ་ཞུ་ཟིན་པས། དེ་ནི་ས་ལ་འཁྱུག་པའི་གློག་འོད་ནག་པོ་ཞིག་དང་འདྲ་བར་རབ་དཀར་གྱི་འཇིག་རྟེན་དུ་རིང་བོར་བརྐྱངས་འདུག མདུན་ཐད་ནས་ཚོད་ཚོད་ལ་ངོ་གདོང་ཡོངས་གཅུད་འདུག་ཅིང་། སྐེད་པར་གྲི་ཆུང་གཟར་བ་དང་། མིག་གཉིས་ལས་མི་མཐོང་བར་བྱས་པའི་འབྲོག་པ་རེ་གཉིས་ཀྱིས་འཕྲུལ་རྟ་ཞོན་ནས་འགྲོ་བ་མཐོང་ཡོང་། ཁོ་ཚོའི་བཟོ་ལྟ་དེས་ང་ལ་རང་དབང་མེད་པར་ངོ་གདོང་གཅུད་པའི་རྐུམ་ཇག་དག་དྲན་པར་བྱེད་ཀྱང་། ཁོ་ཚོར་ཡང་གྲང་རླུང་འུར་འུར་གྱི་མདུན་དུ་འདི་ལས་ཐབས་བཀོད་གཞན་ཅང་མེད་པ་འདྲ།

“ང་ཚོ་ཅང་མི་འགོར་བར་ཐོན་རྒྱུ་རེད”ཁ་ལོ་པས་ང་ཚོར་འདི་ལྟར་གསལ་འདེབས་བྱས།

ཕར་ལ་བལྟས་ཚེ། རྩྭ་ཐང་ཧྲིལ་པོ་འདི་ལྟར་ཡུག་གཅིག་ཏུ་འབྲེལ་ནས་ཡོད་ཁར། ཁ་བས་ཡོངས་སུ་གཡོགས་ཡོད་པས།  ལམ་འགྲམ་དུ་བཀལ་བའི་ལམ་བྱང་ཁོ་ནས་འདི་དག་ཡོད་ཚད་གསལ་སྟོན་བྱེད་བཞིན་ཡོད་པ་ཙམ་ལས། ང་ཚོར་ས་མཚམས་བརྒལ་བ་ལ་ཚོར་སྣང་གང་ཡང་མི་འདུག

ང་ཚོ་དོ་ནུབ་སྡོད་ས་ནི་མཚོ་འཕགས་སྨི་བཞི་སྟོང་བཞི་བརྒྱ་ཙམ་ཡིན་ལ། ཉི་མ་རི་ལ་ནུབ་རྒྱུར་ད་དུང་ཡང་དུས་ཚོད་ཅུང་ཙམ་འདུག ང་ཚོ་མགྲོན་ཁང་དུ་ཐོན་ནས་ཞག་སྡོད་བྱེད་པའི་འགྲོ་ལུགས་བསྒྲུབས།

མགྲོན་ཁང་དུ་དགོང་ཟས་སྟབས་བདེ་ཞིག་ཟོས་རྗེས། རོགས་པ་ཚོས་སྒོར་སོང་ནས་ཆང་རག་ཅུང་ཙམ་བཏུང་མིན་ལ་གྲོས་ཁ་བྱས། ཁ་ལོ་པ་དང་གསར་དུ་ཡོང་བའི་གསར་བུ་དེ་གཉིས་འགྲོ་འདོད་མེད་པས། ང་དང་དུས་དེབ་ཁང་གི་གཙོ་སྒྲིག་པ་གཉིས་ལས་ལྷག་མི་འདུག ངེད་གཉིས་རྫོང་མཁར་འདིའི་ཚོང་ཁང་དང་ཟ་ཁང་མང་ས་ཞིག་ཏུ་སླེབས། ཟ་ཁང་གི་སྒོ་བྱང་བཀལ་ཡོད་པ་རེ་འགའ་མཐོང་། མཐའ་མར་ཅུང་ཟད་གྲལ་དག་པའི་ཟ་ཁང་ཞིག་ཏུ་བསྡད་ཅིང་། སྦི་རག་དམ་བེ་བཅུ་ཁྱེར་ནས་ཡོང་དུ་བཅུག

“འཐུང་རོགས་འགའ་བོས་ན་ག་འདྲ་རེད། འདི་ལྟར་བྱས་ན་ཅུང་སྐྱིད་པོ་ཡོང་ངེས།”དུས་དེབ་ཁང་གི་གཙོ་སྒྲིག་པས་མིག་ཤེལ་གྱི་ཕག་ནས་མིག་རིག་རིག་གིས་ང་ལ་བལྟས་ཏེ་ངས་བསམ་འཆར་ཅི་འདོན་ལ་བསྒུགས་འདུག

ངས་ལྕགས་ཐབ་སྟེང་གི་དེམ་མཆུ་ལས་འཕྱུར་བའི་རླངས་པ་དཀར་པོར་ཅེར་བཞིན། འདང་ཙམ་ཡང་མ་བརྒྱབ་པར“དེས་ན་བོས་ཤོག་དང”ཅེས་བཤད་མོད། ངས་ཀྱང་ཁོས་སུ་ཞིག་འབོད་རྒྱུ་ཡིན་པ་མི་ཤེས།

“ང་ཚོའི་དུས་དེབ་ཀྱི་རྩོམ་པ་པོ་ཡིན། ཁོ་ཚོས་རྫོང་ཐོག་འདིར་བྱ་བ་སྒྲུབ་བཞིན་ཡོད།”ཁོས་ཁ་གསབ་ཀྱི་ཚུལ་དུ་བཤད་ཅིང་། ཁ་པར་ཨང་གྲངས་བཙལ་ནས། ཁ་པར་བཏང་བྱུང་།

ཟ་ཁང་གི་སྦྱིན་བདག་མས་ཁ་ལག་སྲོ་བཞིན་ཚུར་འཁོར་ནས་ང་ཚོར་ལྟ་བར་བྱེད་དེ། གོན་པ་གྱོན་ལུགས་དང་སྐད་ཆ་ཤོད་ལུགས་ལས། ང་ཚོ་ནི་ས་འདིའི་མིན་པར་ཤེས་ནས་མཚར་སྣང་སྐྱེ་བ་ཡིན་སྲིད། ཐབ་ཏུ་སོལ་བ་འབུད་ཀྱིན་པ་འདྲ་བས། ཁང་པའི་ནང་ཤིན་ཏུ་དྲོ། ནང་དུ་དུད་སྨུག་མེད་ལ། ཨོང་བ་དང་རིལ་མའི་དྲི་མའང་གང་ཡང་མི་འདུག

“ཨ་ཅག  ཁྱོད་རང་ས་ཆ་འདིའི་ཡིན་ནམ”གཙོ་སྒྲིག་པས་ཁ་པར་བཏང་ཚར་རྗེས་དེ་ལྟར་དྲིས།

“ང་ས་ཆ་འདིའི་མིན། ས་འདིར་ཚོང་གཉེར་དུ་ཡོང་བ་ཡིན།”མོའི་ངོ་གདོང་ཅུང་ནག་པ་དང་། སྨིན་མ་བྲིས་པའང་ཐུང་ལ་སྦོམ་པས། དགོད་ཁ་འཆོར་བ་ཞིག་འདུག་ལ། ཕར་བལྟས་ཚོད་ཀྱིས་ལོ་ན་བཞི་བཅུ་ལྷག་ཡིན་སྙམ་འབྱུང་།

“ཁ་ཕྱེ་དང་། འུ་གཉིས་ཀྱིས་འཐུང་ཞོར་དུ་བསྒུག་ཆོག ”ངས་དེ་ལྟར་བཤད།

ངེད་གཉིས་ཀྱིས་སྦི་རག་དམ་བེ་བཞི་ལྔ་ཞིག་འཐུང་ཚར་བའི་སྐབས་སུ། སྒོ་ཡོལ་ཡར་བཀྱགས་བྱུང་བ་དང་། སྐྱེས་པ་གསུམ་གཅིག་རྗེས་གཉིས་མཐུད་ཀྱིས་ནང་དུ་འཛུལ་ཡོང་། ཁོ་ཚོ་ཚང་མ་ལུས་ཤ་ཅུང་ཟད་རྒྱགས་པོར་འདུག་ལ། མགོ་དང་ཕྲག་པའི་སྟེང་དུ་ཁ་བ་ཆགས་འདུག་པས། ཙག་རླུང་ཞིག་ངང་གིས་དྲངས་ཡོང་།

གཙོ་སྒྲིག་པས་ང་ལ་ཁོ་ཚོ་རེ་རེ་བཞིན་དུ་ངོ་སྤྲོད་བྱས། ངས་ཀྱང་ཁོ་ཚོའི་མིང་ཤེས་སོང་།

ཟ་ཁང་ནང་དུ་ཡོང་མཁན་མགྲོན་པོ་གཞན་གང་ཡང་མི་འདུག ཐབ་ཚང་ནང་གི་སྐྱེས་པ་དེའང་ཕྱི་རུ་སླེབས་ཏེ་ཨར་སྟེགས་སུ་སྡོད་ཅིང་། གདོང་ལ་སྤྲོ་ཉམས་ཤིག་རྒྱས་བཞིན་ང་ཚོར་བལྟས་ཏེ་འདུག

མིང་ལ་སྐལ་བཟང་བསྟན་པ་ཟེར་བ་དེས་སྦྱིན་བདག་ལ་སྦི་རག་ཤོག་སྒམ་འགའ་ཁྱེར་ཡོང་དུ་བཅུག་ནས། ང་ཚོ་ཅིས་ཀྱང་བཟི་འཐོམས་པ་ཞིག་ཡོང་དགོས་ཟེར། ཁོ་ནི་དེ་འདྲའི་གཟུགས་རིང་ཞིག་མིན་པ་དང་། ཤ་ཅུང་ཟད་རྒྱགས་པོ་ཆགས་ཡོད་ལ། ངོ་གདོང་ཡང་ཅུང་ཟད་སྨུག་ནག་ཅིག་རེད། ང་ལ་བག་ཆགས་ཟབ་ཤོས་ནི། ཁོས་སྐད་ཆ་རེར་ཉན་ཚར་རྗེས་ང་ཚོ་ལས་ཅུང་རྗེས་སུ་ལུས་འགྲོ་བ་དེ་རེད། ཁོས་རྫོང་ཁྲིམས་ཁང་གི་དམངས་དོན་ཁང་དུ་བྱ་བ་སྒྲུབ་ཀྱིན་ཡོད་པ་དང་། རྒྱུན་པར་གཞི་རིམ་དུ་སོང་ནས་སྤྲོ་སྣང་ལྡན་ལ་དཀའ་ངལ་ཡང་ཆེ་བའི་དོན་དག་ཁག་ལ་འདུམ་སྒྲིག་བྱེད་དགོས་ཀྱིན་འདུག

མུན་རུབ་རྗེས་ཁ་བ་སྔར་བས་ཇེ་འབབ་ཏུ་གྱུར། སྲང་ལམ་སྟོང་པ་རུ་རླུང་བུ་ཤུར་ཤུར་དུ་ལྡང་བས། ལམ་སྒྲོན་དག་ནི་འདར་སིག་སིག་བྱེད། ནུབ་མོ་དེར་ང་ཚོས་སྦི་རག་སྒམ་ཆུང་ག་ཙམ་འཐུང་བ་མི་ཤེས་ཤིང་། སྐལ་བཟང་བསྟན་པས་ང་ཚོ་གཞན་གྱིས་མི་ཤེས་པའི་རྩྭ་ཐང་གི་རྙོག་རྫོབ་ཆེ་བའི་འཇིག་རྟེན་ཞིག་ཏུ་ཁྲིད།

གཏམ་རྒྱུད་བཤད་མགོ་རྩོམ་སྐབས་ཙམ་ལ། ང་ཚོས་ཟ་ཁང་གི་སྦྱིན་བདག་བཟའ་ཟླ་གཉིས་ཀྱང་ཆང་རག་འཐུང་བའི་རུ་དཔུང་དེའི་ནང་དུ་ཁྲིད་ཡོང་བ་དྲན་གྱིན་འདུག

“ང་ལ་འདི་ནས་བྱུང་བའི་འཇིགས་སྐྲག་དེ། གནས་འདིར་འཚོ་བ་རོལ་བའི་དུས་ཚོད་ཇེ་རིང་དུ་སོང་བ་དང་བསྟུན་ནས་ཡལ་གྱིན་འདུག ཐ་ན་གནས་འདིར་བྱུང་བའི་དོན་དག་ཡ་མཚན་མང་པོ་དེ་ཚོ་ཡང་། ད་ལྟ་ངས་ཅིས་ཀྱང་དང་ལེན་བྱེད་ཐུབ་ཀྱིན་འདུག་པས། ལན་རེར་འདི་ནི་འཚོ་བའི་ཆ་ཤས་ཤིག་ཡིན་པར་བསམས་ཀྱིན་ཡོད། འདི་ལྟ་བུའི་ནང་སེམས་ཀྱི་ཞི་འཇགས་ཀྱིས། ང་རང་དམིགས་བྱ་མེད་པ་ཞིག་ཏུ་འགྱུར་གྱིན་ཡོད་པའམ། ཡང་ན་ང་རང་རྩྭ་ཐང་གི་འཚོ་བ་འདིའི་ཁྲོད་དུ་འདྲེས་འདུག་པ་གསལ་སྟོན་བྱེད་ཀྱིན་འདུག”སྐལ་བཟང་བསྟན་པས་འདི་ལྟར་མགོ་བརྩམས་བྱུང་།

ངས་ཅོག་ཙེའི་སྟེང་ཡོངས་སུ་སྦི་རག་གི་དམ་བེས་བཀང་འདུག་ལ། ཤེལ་གྱི་པུ་ཙེ་དག་ཀྱང་སེར་ཤག་ཤག་གི་སྦི་རག་གིས་བཀང་ནས་འདུག་པ་མཐོང་། ཐ་མག་གི་དུ་སྨུག་དེ་གློག་འོད་ཀྱི་ངོགས་སུ་ཡམ་ཡོམ་གྱིས་འཕྱོ་བཞིན་འདུག  ཁང་པའི་ནང་ཤིན་ཏུ་དྲོ་བས། ངས་ཀྱང་ཐོག་ལྭ་མར་ཕུད་པ་ཡིན།

སྐལ་བཟང་བསྟན་པས་ང་ཚོ་དེ་མ་ཉིད་དུ་མི་ལོ་དུ་མའི་སྔོན་ལ་རྩྭ་ཐང་འདིར་དངོས་སུ་བྱུང་བའི་གཏམ་རྒྱུད་རེ་རེའི་ཀློང་དུ་འཁྲིད་མགོ་བརྩམས།

གོམས་སྲོལ་གྱི་འཆིང་སྒྲོག

ཉིན་དེར་གནམ་ངོ་ཤིན་ཏུ་དྭངས། ང་ཚོ་གཞུང་ལས་ཁང་དུ་བསྡད་ཡོད་ལ་ལས་ཀ་ཅི་ཡང་མི་འདུག ངས་གཏམ་དཔེའི་དེབ་ཅིག་བླངས་ནས་ལྟ་བཞིན་ཡོད། གམ་གྱི་ཕན་ཏོ་ཡིས་ཁུག་མ་ལས་མེ་ལོང་ཆུང་ཆུང་ཞིག་བླངས་ནས་ཡག་ལས་བྱེད་མགོ་བརྩམས། “ཡག་དགའ་ཆེ་བ་ལ”ངས་ཕར་འཁོར་ནས་བཤད། ཕན་ཏོ་ཡིས་མཆུ་གཅུས་ཤིག་བྱེད་བཞིན། ང་ལ་མིག་སྡང་ཞིག་བགྲད།

རླངས་འཁོར་གྱི་མེ་ཁ་བཟུང་བའི་སྒྲ་ཞིག་སྒེའུ་ཁུང་ཕྱི་ནས་གྲག་བྱུང་།

ང་རང་ཡར་ལངས་ཏེ་སྒེའུ་ཁུང་ཁར་སོང་ནས་ཕྱི་ལ་བལྟས་པར། སྟེང་དུ“འཁོར་སྐྱོད་ཁྲིམས་ཁང”ཞེས་བྲིས་ཡོད་པའི་རླངས་འཁོར་ཞིག་ར་སྐོར་ལས་སྒོར་བུད་སོང་ལ། ཉི་འོད་རླངས་འཁོར་གྱི་རྒྱབ་ཤེལ་སྟེང་དུ་ཕོག་པས། འོད་དཀར་ཀྲིག་ཀྲིག་བྱེད། ར་སྐོར་ནང་དུ་ཁྱི་ལྡོམ་འགའ་ཡོད་པ་སྒྱིད་ལུག་ངང་ཕར་འགྲོ་ཚུར་འགྲོ་བྱེད་ཀྱིན་འདུག ཁྱི་ལྡོམ་འདི་ཚོ་ཐེངས་དུ་མར་ཕར་བདའ་ནའང་། རིང་པོ་མི་ལོན་པར་ཁོ་ཚོ་སླར་ཡང་ཕྱིར་ལོག་ཡོང་། ངས་སེམས་སུ་དེ་རིང་ཡང་ཤིན་ཏུ་ཁོམ་པའི་ཉི་མ་ཞིག་རེད་བསམས།

ང་རང་ཕྱིར་འདུག་སྟེགས་སུ་བསྡད། ཕན་ཏོ་ཡིས་གློག་ཀླད་ཁ་ཕྱེ་འདུག་ཅིང་། མཇུག་བསྡུམས་མ་ཐག་པའི་དམངས་དོན་གྱོད་གཞི་ཞིག་གི་ཡིག་ཆ་འབྲི་མགོ་བརྩམས་བྱུང་། ངས་མོ་ལ་བར་ཆད་མ་བྱས་པར། གཞུང་ལས་ཁང་ནས་སྒོར་བུད་པ་དང་། ཁྲིམས་ཁང་གི་ཐོག་ཁང་དུ་འཛུལ་སའི་སྐས་སྟེང་དུ་ལངས་ནས་བསྡད། ར་སྐོར་ནང་སྔར་བཞིན་སྟོང་སིང་སིང་དུ་འདུག་ཅིང་། ཁྱི་ལྡོམ་དེ་ཚོའང་གང་ཞིག་ལ་བུད་སོང་བ་མི་ཤེས། ངས་ཁ་པར་བརླ་ཁུག་ཏུ་བཅུག་ཡོད་པས། ལག་པ་བསྲིངས་ནས་ལེན་པར་རྩོམ་དུས། འཕྲུལ་རྟ་བཞོན་མཁན་གཉིས་ཁྲིམས་ཁང་གི་སྒོ་ཆེན་ནས་འཛུལ་ཡོང་བ་དང་། སྐྱེས་པ་གཉིས་ཀྱིས་སོ་སོར་བུད་མེད་གཉིས་ཁྲིད་འདུག་པ་མཐོང་། ད་སོ་མ་འཕྲུལ་རྟ་ཞོན་ནས་ཡོང་དུས་འགྲོས་ཚད་ཅུང་མགྱོགས་པས། དེའི་ཁྲོད་ཀྱི་ཞྭ་གོན་མེད་པའི་སྐྱེས་པ་དེའི་མགོ་སྐྲ་རྣམས་རླུང་གིས་སྤུར་བས་གྱེན་དུ་གཟེངས་ནས་འདུག སྐྱེས་པ་གཞན་དེས་མདོག་ཤོར་བའི་ཉི་ཞྭ་ཞིག་གོན་འདུག་ལ། གདོང་ལ་ཇ་མདོག་གི་མིག་ཤེལ་ཅིག་བརྒྱབ་འདུག ཁོ་གཉིས་ཀྱི་འཕྲུལ་རྟའི་འཕོངས་ལ་ཞོན་པའི་བུད་མེད་གཉིས་ཀས་ངོ་གདོང་དམ་པོར་གཅུད་ནས། མིག་གཉིས་ལས་ཅི་ཡང་མི་མཐོང་བར་བྱས་འདུག

ཁོ་ཚོའི་འཕྲུལ་རྟ་ངའི་རྐང་འོག་གི་སྐས་འདབས་སུ་བཞག་པ་དང་། བོད་ལྭ་གྱོན་པའི་བུད་མེད་གཉིས་སྔོན་ལ་སར་བབས་བྱུང་། སྐྱེས་པ་གཉིས་ཀྱིས་རྐང་པས་འཕྲུལ་རྟའི་སྐྱོར་རྟ་ཚུར་བསླངས་རྗེས། ད་གཟོད་འཕྲུལ་རྟ་ལས་སར་བབས། སྐྱེས་པ་དེ་གཉིས་ཀྱི་བཟོ་ལྟ་དག་ལ་ཁྱད་ཅི་ཡང་མེད་པར་གཅིག་རྐྱང་དུ་འདུག་ལ། ཁོ་གཉིས་ཀྱིས་ང་ལ་ལན་ཅིག་ལྟ་ཞིང་། དེ་མུར་ཐེམ་སྐས་བརྒྱུད་ནས་ཡར་འགོས་ཏེ་ང་ཡོད་སར་སླེབས་བྱུང་། བུད་མེད་དེ་གཉིས་ཀྱང་རང་རང་གི་སྐྱེས་པའི་རྗེས་སུ་འབྲང་འདུག

“ང་ཚོས་འཚོ་བ་རོལ་ཐབས་མི་འདུག ཕན་ཚུན་གྱི་ཆུང་མ་གཉིས་བརྗེ་རྒྱུ་ཡིན། ད་ལྟ་སྡེ་ཁག་གང་ལ་འགྲོ་དགོས་པ་རེད”མིག་ཤེལ་གྱོན་པའི་སྐྱེས་པ་དེས་ང་ལ་དྲིས།

“ཁྱོད་ཚོས་བཟའ་འཐོར་བྱེད་རྒྱུ་ཡིན་ནམ”ང་རང་ཅུང་ཟད་ཧད་དེ་ལུས་རྗེས། ད་གཟོད་སྐད་ཆ་འདི་དྲིས་པ་ཡིན།

“ངེད་གཉིས་ཀ་རང་རང་གི་ཆུང་མ་དང་མཉམ་དུ་འཚོ་བ་རོལ་ཐབས་མི་འདུག ད་ལྟ་ཕ་རོལ་པོའི་ཆུང་མ་དང་འཚོ་བ་རོལ་རྒྱུ་ཡིན།”མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་དེ་ལྟར་འགྲེལ་བཤད་ལྟ་བུ་ཞིག་བྱས་ཤིང་། ཁོའི་གདོང་ལ་ས་རྡུལ་ཞིག་ཆགས་ནས་འདུག

ངས་ད་གཟོད་ཁོ་ཚོའི་སྐད་ཆའི་ནང་དོན་གོ་བྱུང་། ཁོ་གཉིས་ཀྱིས་ཆུང་མ་ཕན་ཚུན་བརྗེ་དགོས་པ་དེ་རེད། ཡིན་ནའང་། འདི་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་འདུག་ཨང་།

ངས“ཁྱོད་ཚོ་ངའི་རྗེས་ལ་ཤོག”ཅེས་བཤད།

ངས་ཁོ་ཚོ་ཁྲིད་ནས་གཞུང་ལས་ཁང་དུ་སོང་། དོན་དག་འདི་ལ་ང་ཚོ་དམངས་དོན་ཁང་གིས་འགན་འཁུར་དགོས།

“ཁོ་ཚོར་དོན་དག་ཅི་བྱུང་བ་རེད།”ཕན་ཏོ་ཡིས་གློག་ཀླད་ཕག་ནས་མགོ་དགྱེ་ནས་ང་ལ་དྲིས།

“ཁོ་གཉིས་ཀྱིས་ཆུང་མ་བརྗེ་དགོས་ཟེར།”ངས་དེ་ལྟར་བཤད།

“གླེན་བཤད།”ཕན་ཏོ་ཡིས་ཅི་མི་སྙམ་པར་བཤད།

ང་རང་འདུག་སྟེགས་སུ་བསྡད་ཅིང་། སྐྱེས་པ་གཉིས་ཀ་ངའི་ཁ་གཏད་ཀྱི་རྐུབ་སྟེགས་གཉིས་སུ་སྡོད་དུ་བཅུག བུད་མེད་གཉིས་ཀ་རང་བཞིན་གྱིས་རང་རང་གི་སྐྱེས་པའི་གམ་དུ་ལངས་ནས་འདུག ངས་སྔོན་ལ་ཁོ་ཚོར་ཡུལ་ཚོ་གང་དང་སྡེ་བ་གང་གི་ཡིན་པ་དང་། མིང་ལ་ཅི་ཟེར་བ་རྣམས་དྲིས་ཤིང་། རེ་རེ་བཞིན་ཟིན་ཐོར་བཀོད། སླར་ཡང་འདིར་ཡོང་བའི་རྒྱུ་མཚན་ཡང་བྲིས།

“ཁྱོད་གཉིས་ཀས་ཅིའི་ཕྱིར་ཆུང་མ་བརྗེ་དགོས་པ་ཡིན་ནམ”ངས་མགོ་སྐྲ་གཟེང་བའི་སྐྱེས་པ་དེར་དྲིས།

“སྟག་གི་ཁྲ་ཁྲ་ཕྱི་ན་ཡོད། མི་ཡི་ཁྲ་ཁྲ་ནང་ན་ཡོད། གཉེན་བསྒྲིགས་ནས་ལོ་བཅུ་ལྷག་འགོར་རྗེས། ད་གཟོད་ཕ་རོལ་གྱི་ངོ་གདོང་ངོ་མ་དེ་མཐོང་སོང་། ངས་འདི་འདྲའི་བུད་མེད་ཅིག་དང་མུ་མཐུད་དུ་འཚོ་བ་རོལ་མི་འདོད། ངོ་མ་ཀོ་གྱོང་ཁབ་ཀྱིས་མི་ཟིན། ཡོས་ཚིག་ཆུ་ཡིས་མི་སྦངས་ཟེར་བ་རང་རེད། ངེད་གཉིས་མཉམ་དུ་སྡོད་ཐབས་མི་འདུག”

ངས་ཁོ་ཚོ་གཉེན་འཐོར་བྱེད་པའི་རྒྱུ་མཚན་རགས་རིམ་ཞིག་ཤེས་སོང་། དུས་ཡུན་རིང་བོར་མཉམ་དུ་འཚོ་བ་རོལ་བ་བརྒྱུད་ནས་བཟའ་ཚང་བར་དུ་འགྲིག་ཐབས་མེད་པའི་འགལ་ཟླ་བྱུང་བ་རེད།

“དེས་ན་ཁྱོད་གཉིས་ལ་བུ་ཕྲུག་དུ་ཡོད།” དེར་མཐུད་ནས་ངས་སླར་ཡང་དྲིས།

“གཉིས་ཡོད། གཉིས་ཀ་ཡུལ་ཚོ་རུ་སློབ་གྲྭར་འགྲོ་བཞིན་ཡོད།”མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་ལན་བཏབ།

ངས་སྐྱེས་པ་འདི་ལ་ཞིབ་ལྟ་ཞིག་བྱས། ངོ་གདོང་མི་ཡག་རྒྱུ་མི་འདུག གཟུགས་སྟོབས་ཀྱང་ཆེ་ཙམ་འདུག འོན་ཀྱང་ལོ་དུ་མར་ཕྱུགས་འཚོས་ཤིང་རྒྱུན་པར་དོན་བྱ་ཙག་ཙིག་གི་གནོན་ཤུགས་ཀྱིས་བཅུམས་པས། མིག་མདངས་ཉོབ་ཅིང་དུབ་ལ། སྤྲོ་སྣང་སྤུ་ཙམ་ཡང་མི་འདུག

“དེས་ན་ཁྱོད་ཀྱི་ཆུང་མ་ཁྱོད་ལ་གཉེན་འཐོར་བར་འཐད་དམ།”ངས་བཤད་མ་ཐག་མིག་གིས་ཁོའི་གམ་གྱི་བུད་མེད་དེར་བལྟས།

བུད་མེད་དེས་མིག་ཤེལ་གྱོན་པའི་སྐྱེས་པ་དེའི་གམ་གྱི་བུད་མེད་དེ་ལ་ལན་ཅིག་བལྟས། ངས་ཅུང་མཚར་ཉམས་ཀྱིས་བུད་མེད་གཞན་པ་དེ་ལ་བལྟས།

མིག་ཤེལ་གྱོན་པའི་སྐྱེས་པ་དེའི་གམ་གྱི་བུད་མེད་དེས་མགོ་དཀྲིས་མར་བཤིགས་པ་དང་། ང་ལ་བལྟས་ཏེ“ང་རང་འཐད་པ་ཡིན”ཟེར།

“ཁྱོད་དོན་ངོ་མར་སུའི་ཆུང་མ་ཡིན།”ང་ངར་ལངས་པས་དེ་མུར་རྐུབ་སྟེགས་ལས་ཡར་ལངས།

བུད་མེད་དེས་མཛུབ་མོས་མགོ་སྐྲ་གཟེངས་བའི་སྐྱེས་པ་དེ་སྟོན་ཙམ་བྱེད། མོའི་གདོང་ལ་ངོ་འཕུར་སྐྱ་ཕྱེ་མཐུག་པོ་ཞིག་བསྐུས་འདུག་ཀྱང་། འགྲམ་པ་གཉིས་དཀར་པོ་ཡིན་པ་ཙམ་ལས་རྣ་རྩ་ནས་སྐེ་ཚིགས་བར་དུ་ནག་རོག་རོག་ཏུ་འདུག

“དེས་ན་ཁྱོད་རང་ཁོ་དང་མཉམ་དུ་འཚོ་བ་རོལ་བར་འཐད་དམ།” ངས་མོའི་གམ་གྱི་མིག་ཤེལ་གྱོན་པའི་སྐྱེས་པ་དེ་སྟོན་བཞིན་དྲིས།

“ང་རང་ཁོ་དང་མཉམ་དུ་འཚོ་བ་རོལ་བར་འཐད་པ་ཡིན།”མགོ་སྐྲ་གཟེངས་བའི་སྐྱེས་པ་དེའི་ཆུང་མས་འདི་ལྟར་ལན་བཏབ།

ཕན་ཏོ་ཡང་གློག་ཀླད་གམ་ནས་ཚུར་ཡོང་བ་དང་། མོའང་དོན་དག་འདི་ལ་ཡ་མཚར་གྱིན་འདུག

“ཁྱོད་ཚོས་འདི་ལྟར་བྱས་ན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》དང་འགལ་བ་རེད། འདི་ལ་ཁྲིམས་ཆད་འཁུར་དགོས་པ་རེད།”ངས་བཤད།

“ཀ་བ་གདུང་མ་དྲང་ན་མགོ་སྦྲ་བརྟན། ཁ་དང་ཁོག་པ་དྲང་ན་སེམས་ཁ་བདེ། དེའི་རྐྱེན་གྱིས་ང་ཚོས་འདི་འདྲའི་ལམ་ཐག་རིང་པོ་བརྒྱུད་ནས། ཁྱོད་ཚོ་བཙལ་ཏེ་དོན་དག་འདི་ཐག་གཅོད་དུ་ཡོང་བ་ཡིན”མིག་ཤེལ་གྱོན་པའི་སྐྱེས་པ་དེས་ཡིན་མདོག་མདོག་གིས་བཤད།

“རྒྱུ་སྐར་ཁྲ་མོ་མ་རྫོགས་ན། ཐོ་རངས་སྐར་ཆེན་འཆར་དབང་མེད། ཁྲིམས་ཀྱི་འགྲོ་རིམ་ལྟར་ན། ཁྱོད་ཚོ་ངེས་པར་དུ་སྔོན་ལ་གཉེན་འཐོར་དགོས་པ་དང་། དེ་ནས་ད་གཟོད་བསྐྱར་དུ་གཉེན་བསྒྲིག་ཆོག འདི་ལྟར་བྱས་ན་ཁྲིམས་ཀྱི་འགྲོ་ཕྱོགས་དང་ཡང་མཐུན། བྱང་མ་རྒྱུག་འདོད་ཀྱི་དཔྱི་ལོ་ལྷོད་དགོས། བྱ་བ་སྒྲུབ་འདོད་ཀྱི་ཁོག་པ་ཡངས་དགོས། ཟེར་བའི་ཁ་དཔེ་བཞིན། དོན་དག་འདིའི་རིགས་ནི་གོམ་པ་རེ་རེ་བཞིན་ཡུན་གྱིས་ཐག་གཅོད་དགོས་པ་ཞིག་རེད།”ངས་མྱུར་དུ་གསལ་བཤད་བྱས།

མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་དེ་མ་ཐག་ཏུ་ལན་བསློགས་བྱུང་། “ཀ་བེད་བུས་ན་ངུས་པ་འདྲ། གླིང་བུ་བུས་ན་བགད་པ་འདྲ། ང་ཚོས་སྣུམ་རིན་བརླགས་ཤིང་། དུས་ཚོད་བརླགས་ནས་འདི་འདྲའི་ལམ་ཐག་རིང་པོར་ཡོང་དོན་ནི། ཁྱོད་ཚོས་འདི་ནས་ང་ཚོ་ལ་ཐག་བཅད་མཇུག་འབྲས་ཤིག་ཨེ་སྟེར་བསམས་པ་ཡིན་མོད། ཁྱོད་ཚོས་འདི་ལྟར་ཚུགས་ཀ་ཙམ་བཏོད་ནས། མ་གོ་མ་ཤེས་ཁུལ་གྱིས་ང་ཚོར་འདི་བྱོས་གན་བྱོས་ཟེར། དེས་ན་ཁྱོད་ཚོ་ཁྲིམས་ཁང་གིས་ང་ཚོ་ལ་ཅི་ཕན་ནམ།”

“ཁྱོད་ཚོས་ལན་གསལ་བོ་ཞིག་སྟེར་མི་ཐུབ་བམ། དཔང་ཡིག་ཅིག་བྱིན་པས་མི་ཆོག་གམ། ངོ་མ་མར་དམྱལ་བའི་འཕྲང་ལམ་ཡངས་ཤོད་ཤོད། ཡར་མཐོ་རིས་ལམ་ཁ་དོག་གྲིམ་གྲིམ་ཟེར་བ་རང་རེད།”མིག་ཤེལ་གྱོན་པའི་སྐྱེས་པ་དེས་ཀྱང་ལེ་བདའ་བྱེད་མགོ་བརྩམས།

“《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ལྟར་ན་ང་ཚོས་འདི་ལྟར་གཏན་ནས་བྱེད་མི་ཆོག འདི་ནི་ཁྲིམས་འགལ་གྱི་དོན་དག་རེད”ཕན་ཏོ་འཚུབ་ཆ་ལངས་བཞིན་བཤད།

“རྒྱལ་པོའི་རྒྱལ་ཁྲིམས་བློན་པོའི་དབྱུག་པའི་དོ་ཟླར་མ་ཡོང་བ་རེད། ཁྱོད་ཚོས་ཁ་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྱེར་ནས་དོན་དག་བཤད་ཀྱང་། ང་ཚོ་ལ་ཐག་གཅོད་མཇུག་འབྲས་ཤིག་སྟེར་མི་ཐུབ་པས། ཁྱོད་ཚོས་ཁ་ཡ་བྱེད་མི་འདོད་པ་མཚོན་པ་ལས་ཅང་མི་འདུག”མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་ཕན་ཏོ་ལ་ལྟ་བཞིན་འདི་ལྟར་ལེ་བདའ་བྱེད།

“བུ་རྒྱུ་མེད་ཚིག་ལ་ངོ་མེད། རྟ་ཤ་མེད་བཙོང་ན་གོང་མེད།”མགོ་སྐྲ་གཟེངས་བའི་སྐྱེས་པ་དེའི་གམ་གྱི་བུད་མེད་དེའང་ནང་དུ་ཞུགས་སོང་།

ང་ཚོས་འདི་ལྟར་ཁོ་ཚོར་གནས་ལུགས་བཤད། ཁྲིམས་ལུགས་བཤད། འོན་ཀྱང་ཁོ་ཚོས་ཚིག་གཅིག་ལའང་མི་ཉན་པ་དང་། མཇུག་འབྲས་ཤིག་དགོས་ཟེར་ནས་ཨུ་ཚུགས་བྱེད།

ཉིན་གུང་དུ་སླེབས་ལ་ཉེ་སྐབས། མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་ད་སོ་མ་ཁ་རྩོད་བྱེད་པར་མགོ་འཐོམས་ནས་དུ་བ་རྐང་གཅིག་འཐེན་རྒྱུའང་བརྗེད་འདུག་པ་དྲན། ཁོས་ཤིན་ཏུ་ཐང་ཆད་པའི་ཚུལ་གྱིས་རྐུབ་སྟེགས་ལ་རྒྱབ་བསྙེས་ཤིང་། རུམ་ནས་དུ་བ་བག་ཆ་ཞིག་བླངས་ཤིང་། མིག་ཤེལ་གྱོན་པའི་སྐྱེས་པ་དེ་དང་ངེད་གཉིས་ལ་སོ་སོར་དུ་བ་རྐང་རེ་བྱིན། ང་ཚོ་སྐྱེས་པ་གསུམ་གྱིས་དུ་བ་ལྷོག་ལྷོག་ཏུ་འཐེན་བཞིན། དོན་དག་འདི་ཅི་ལྟར་ཐག་གཅོད་པར་བསམ་བློ་བཏང་། བུད་མེད་གསུམ་གྱིས་ང་ཚོས་དུ་བ་སྔོ་ལྷོག་ལྷོག་ཏུ་འཐེན་པར་ལྟ་ཞིང་། ཁ་རོག་གེར་ལངས་ནས་འདུག གཞུང་ལས་ཁང་དུ་དུད་སྨུག་ལང་ལོང་བྱེད་པ་མ་གཏོགས། ཡོད་ཚད་ཁ་ཁུ་སིམ་མེར་བྱེད།

“ནག་པོ་དགྲ་ལ་སྟོན་རྒྱུ་གྲི་དགོས། མཐུན་པའི་མི་ལ་སྟོན་རྒྱུ་སེམས་དགོས། ང་ཚོས་རང་གི་སེམས་ཁྱོད་ཚོའི་ལག་ཏུ་གཏད་ཡོད། སེམས་ལ་ཤར་ཚད་ཀྱང་ཁྱོད་ཚོར་བཤད་ཡོད། མཇུག་འབྲས་ཤིག་སྟེར་རྒྱུ་མེད་ན། དུས་ཚོད་འཕྲོ་བརླག་ཏུ་བཏང་བ་རང་རེད། ང་ཚོས་རང་གི་གོམས་སྲོལ་ལྟར་འཚོ་བ་རོལ་ན། ཁྱོད་ཚོས་རྗེས་མར་ང་ཚོས་ཁྱོད་ཚོར་ཐག་གཅོད་རེ་ཞུ་མ་བྱས་པའི་ལེ་བདའ་བྱས་མི་ཆོག” མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་དུ་བ་འཐེན་ཚར་རྗེས་དེ་ལྟར་ཟེར། ཁོའི་གདོང་ལ་གཏོལ་མེད་ཀྱི་ཉམས་ཤིག་མངོན་ཞིང་། མ་མཆུ་དམ་པོར་སྡོམ་བཞིན་སིར་སྒྲ་ཞིག་ཕྱུང་།

ངས་ཁ་ཏ་སློབ་གསོ་རེ་བྱེད་པར་རྩོམ་དུས། མགོ་སྐྲ་གཟེངས་བའི་སྐྱེས་པ་དེ་ཡར་ལངས་ཤིང་། “ང་ཚོ་ཕྱིར་ལོག་རྒྱུ་ཡིན། དུས་ཚོད་འགའི་ལམ་དུ་འགྲོ་དགོས་པ་རེད”ཟེར་བས། ངས་ཁོ་རང་རྩ་བ་ནས་ཡིད་ཆད་པའི་སེམས་སྒྲ་ཐོས་ཐུབ།

མགོ་སྐྲ་གཟེངས་བའི་སྐྱེས་པ་དེ་དང་མིག་ཤེལ་གྱོན་པའི་སྐྱེས་པ་དེའི་ཆུང་མ་གཉིས་གཞུང་ལས་ཁང་ནས་སྒོར་བུད་སོང་། ངས་མིག་ཤེལ་གྱོན་པའི་སྐྱེས་པ་དེར་བལྟས་པ་ན། ཁོས་མིག་ཤེལ་གྱོན་རྗེས་རྐུབ་སྟེགས་ལས་ཡར་ལངས་བྱུང་། ངས་བྲེལ་སྟབས་ཀྱིས“ཁྱོད་ཚོ་ནམ་ཞིག་ལ་ཡོང་ནའང་། ང་ཚོས་ཅི་ནུས་ཀྱིས་གནད་དོན་ཐག་གཅོད་རོགས་བྱེད་ངེས་ཡིན”ཞེས་བཤད།

མིག་ཤེལ་གྱོན་པའི་སྐྱེས་པ་དེས་ཁ་ཤ་འཐེན་ཙམ་བྱས་ཤིང་། དགོད་ཀྱིན་པ་འདྲ་ལ་དེའང་མིན་པ་འདྲ་བར་མགོ་བསྒུར་ནས་སྒོར་བུད་སོང་། ཁོའི་རྗེས་སུ་འབྲང་ཡོད་པའི་མགོ་སྐྲ་གཟེངས་བའི་སྐྱེས་པ་དེའི་ཆུང་མའི་གདོང་ལ་མ་རངས་པའི་ཉམས་ཤིག་མངོན་འདུག

གོམ་སྒྲ་ཡུན་གྱིས་འཇགས་པ་ན། ངས་ཁོ་ཚོ་ད་དུང་འགྲོགས་ནས་ཕྱིར་ཁྱིམ་དུ་ལོག་མིན་ལ་མཚར་སྣང་སྐྱེས།  ང་མགྱོགས་པོར་ཁྲིམས་ཁང་གི་སྒོ་ཆེན་ཁའི་ཐེམ་སྐས་སྟེང་སླེབས་དུས། མགོ་སྐྲ་གཟེངས་བའི་སྐྱེས་པ་དེས་མིག་ཤེལ་གྱོན་པའི་སྐྱེས་པ་དེའི་ཆུང་མ་འཕྲུལ་རྟའི་འཕོངས་ལ་བཟུང་ནས་ཁྲིམས་ཁང་གི་སྒོ་ཆེན་ལས་བུད་སོང་བ་དང་། རྒྱབ་གཟུགས་དེ་སྐད་ཅིག་ཙམ་ལ་མི་སྣང་བར་གྱུར། མིག་ཤེལ་གྱོན་པའི་སྐྱེས་པ་དེ་དང་མགོ་སྐྲ་གཟེངས་བའི་སྐྱེས་པ་དེའི་ཆུང་མ་གཉིས་ཀྱི་འཕྲུལ་རྟས་ཀྱང་ར་སྐོར་ཐད་ཀྱིས་བཅད་ནས་སྒོ་ཆེན་ཕྱོགས་སུ་བུད་སོང་ལ། མཇུག་མཐར་དེའང་ངའི་མིག་ལམ་ནས་ཡལ་བར་གྱུར།

ངས་ཁོ་ཚོའི་གནས་ཚུལ་འདིའི་ཧ་མི་གོ་ཞིང་། ང་ཚོས་འགྲེལ་བཤད་དང་དྲིལ་སྒྲོག་བྱས་པས་ཁོ་ཚོར་ནུས་པ་གང་ཡང་མ་ཐོན་པ་ལ་དེ་བས་འདང་མ་ཕོགས།

དོན་དག་འདི་ཐག་གཅོད་ཆེད། ང་དང་ཕན་ཏོ་གཉིས་ཀ་ཆེད་དུ་ཁོ་ཚོའི་སྡེ་བའི་ནང་སོང་ནའང་། སྟབས་མ་འགྲིག་པ་ཞིག་ལ་ཁོ་ཚོ་སྡེ་བའི་ནང་བསྡད་མི་འདུག སྡེ་དཔོན་གྱིས་བཤད་ན་ཁོ་ཚོ་ཚང་མ་ཕྱུགས་འཚོ་སར་བུད་སོང་བས། དགུན་མགོ་ཁུགས་ན་ད་གཟོད་ཕྱིར་འདི་རུ་སླེབས་ཡོང་ཟེར།

དོན་དག་འདི་བྱུང་ནས་ལོ་གཅིག་ལྷག་འགོར་བའི་རིང་ལ། ཁོ་ཚོ་འདིར་ང་ཚོ་བཙལ་དུ་མ་ཡོང་བས། ཡུན་གྱིས་ངས་ཀྱང་དོན་དག་འདི་རྨང་ནས་བརྗེད་པར་གྱུར། སླར་ཡང་ལོ་གཅིག་འགོར་རྗེས། བཟའ་ཚོ་འདི་གཉིས་ཀྱིས་སླར་ཡང་འཕྲུལ་རྟ་ཞོན་ནས་ང་ཚོ་བཙལ་བར་སླེབས། དེའི་ཁྲོད་ཀྱི་མིག་ཤེལ་གྱོན་པའི་སྐྱེས་པ་དེས་ང་ཚོར་ཁོའི་མ་གཞིའི་ཆུང་མ་ཕྱིར་ཁོ་ལ་སྤྲོད་པར་གྲོས་ཐག་གཅོད་པའི་རེ་བ་བཏོན། འོན་ཀྱང་། མགོ་སྐྲ་གཟེངས་བའི་སྐྱེས་པ་དེ་དང་མིག་ཤེལ་གྱོན་པའི་སྐྱེས་པ་དེའི་ཆུང་མ་གཉིས་ནི་ཕན་ཚུན་ཞེ་འདང་ཆགས་པས། སླར་ཡང་རང་སར་འཐོར་འདོད་མེད་ཅིང་། མིག་ཤེལ་གྱོན་པའི་སྐྱེས་པ་དེའི་བསམ་ཚུལ་ལ་གཏན་ནས་འཐད་པ་མི་འདུག ཁོ་ཚོས་རྩོད་པ་ཡུན་རིང་བྱས་ཀྱང་། སུས་ཀྱང་སུ་ལ་ཁས་ལེན་མི་སྟེར།

ཕན་ཏོ་ཡིས་ཁོ་ཚོ་ཕར་སོང་བའི་རྒྱབ་གཟུགས་ལ་ཅེར་བཞིན། མཚར་སྣང་སྐྱེ་བཞིན“ང་ཚོས་འདི་འདྲའི་ལོ་མང་པོར་ཁྲིམས་ལུགས་དྲིལ་སྒྲོག་བྱས་ཏེ། ཆེད་དུ་ཕྱུགས་འཚོ་སར་ཡང་སོང་མྱོང་ཡང་། ད་དུང་ཡང་འདི་འདྲའི་དོན་དག་ཡ་མཚན་བྱུང་བ་ནི་ཅི་ཡིན་ནམ”ཟེར། ངས་དྲི་བ་འདིར་ལན་འདེབས་ཐབས་མི་འདུག

ཕྱིས་སུ་གོ་ཐོས་བྱུང་བ་ལྟར་ན། མིག་ཤེལ་གྱོན་པའི་སྐྱེས་པ་དེས་མགོ་སྐྲ་གཟེངས་བའི་སྐྱེས་པ་དེའི་ཆུང་མ་གཡུགས་སོང་ཟེར་ཡང་། བུད་མེད་དེའི་གནས་ཚུལ་ཅི་འདྲ་ཡིན་པ་ང་ལའང་གསལ་ཆ་ཅི་ཡང་མེད།

དོན་དག་འདི་ཉིད་ཡིག་ཚགས་སུ་བཀོད་ཅིང་དྲན་ཤེས་ཀྱི་ཀློང་དུ་འཐིམས་ནའང་། དེ་ནི་མེ་ལོང་ཞིག་དང་འདྲ་བར་བཅའ་ཁྲིམས་ཀྱི་དོན་ཚན་དག་ཏུ་མ་ཚུད་པའི་གྲུ་ཟུར་གང་དེ་གསལ་ལེར་མངོན་ནས་ཡོད། རྩྭ་ཐང་གི་མུ་མཐའ་དང་ཁུ་སིམ་པའི་མདུན་དུ། དེ་མ་ཉིད་དུ་དཔྱད་ཞིབ་བརྡར་གཅོད་གཏོང་བའི་ནུས་པ་དབེན་ཡང་། བཅའ་ཁྲིམས་ཀྱི་ས་བོན་རེ་རེ་ངེས་པར་དུ་འདེབས་དགོས་ཤིང་། དེ་ཡིས་འཁྱགས་རེངས་ཀྱི་ས་ཤུན་བརྟོལ་བར་ལོ་ངོ་སྟོང་ཕྲག་གི་དུས་ཚོད་དགོས་པ་ངས་ཀྱང་གསལ་བོར་རྟོགས། ང་ཚོ་ཡུལ་དངོས་སུ་བསྐྱོད་ཐེངས་རེ་རེ་དང་། དྲིལ་སྒྲོག་བྱེད་ཐེངས་རེ་རེ། འདུམ་སྒྲིག་བྱེད་ཐེངས་རེ་རེ་ནི། བལྟས་ཚོད་ཀྱིས་བེད་མེད་ལྟ་བུར་མཐོང་ཡང་། དེ་ཡང་རླུང་གིས་ཁུར་བའི་མེ་ཏོག་གི་ཟེའུ་རྡུལ་དང་འདྲ་བར། ནམ་ཞིག་གི་ཚེ་ན་མཉེས་གཤིན་གྱི་ཞིང་ས་རུ་ལྷུང་བའི་སྐལ་བ་ངེས་པར་ཡོད། དེ་ཉིད་ཁ་བ་ས་རུ་ཐིམ་པ་བཞིན་རིམ་གྱིས་ཡུན་གྱིས་གནས་འདིའི་ས་ཞིང་གསར་པའི་སྒྲིག་སྲོལ་དང་དབུགས་དབྱུངས་སུ་འགྱུར་ངེས་སོ། །

གངས་ལྗོངས་ཀྱི་བྱིས་གླུ།

ང་ཚོས་བློ་ཡིད་ལའང་མ་དྲན་པ་ཞིག་རེད་ཨང་། སློབ་གླིང་དེ་གའི་བུ་མོ་དེས་མཐར་ཕྱིན་ཁར་སློབ་གྲྭའི་ནང་དུ་བུ་ཞིག་བཙས། དོན་དག་འདིས་གནས་དེར་གྲག་འགུལ་ཆེན་པོ་ཞིག་བཟོས་སོང་།

དོན་དག་གི་བརྒྱུད་རིམ་ནི་འདི་ལྟར་རེད། སློབ་ཐུན་འཚོགས་ནས་ཡོད་དུས་གློ་བུར་དུ་སློབ་མ་དེའི་རྒྱུ་ཞབས་གཟེར་བ་དང་། དཔྲལ་སྟེང་ནས་རྔུལ་ཆུའི་ཐིགས་པ་ཐོར་བས། གྲལ་མཚེས་སློབ་གྲོགས་ཀྱིས་མོའི་གནས་ཚུལ་འདི་མཐོང་ནས་ལག་པ་བཀྱགས་ཏེ་དགེ་རྒན་ལ་ཡར་ཞུ་བྱས། དགེ་རྒན་གྱིས་སློབ་གྲོགས་བུ་མོ་གཞན་ཞིག་མངགས་ནས། མོར་སློབ་གྲྭའི་སྨན་བཅོས་ཁང་དུ་འགྲོ་རོགས་བྱེད་དུ་བཅུག ཁོ་གཉིས་སློབ་ཁང་ལས་སྒོར་བུད་པ་ན། ན་ཚ་བྱུང་བའི་བུ་མོ་དེས་མལ་ཁང་དུ་འགྲོ་བར་ཨུ་ཚུགས་བྱས་པས། འགྲོ་རོགས་སུ་ཡོང་བའི་སློབ་གྲོགས་བུ་མོ་དེས་ཀྱང་མོའི་ངག་ལྟར་བྱེད་པ་ལས་འོས་མ་བྱུང་།

མལ་ཁང་དུ་ལོག་རྗེས། མོས་འགྲོ་རོགས་སུ་ཡོང་བའི་སློབ་གྲོགས་བུ་མོ་དེ་ཕྱིར་སློབ་ཁྲིད་ལ་འགྲོ་རུ་བཅུག་མོད།  འགྲོ་རོགས་སུ་ཡོང་བའི་སློབ་གྲོགས་བུ་མོ་དེས་མོས་གསུས་པ་ལག་པས་བསྐྱོར་ནས་ཨམ་གཙིགས་སོ་ཡིས་སྡོམ་པའི་ཚུལ་དེ་མཐོང་བས། མོར་དོན་དག་རེ་བྱུང་ན་ཅི་བྱ་སྙམ་སྟེ། ཕྱིར་སློབ་ཁང་དུ་འགྲོ་ག་ལ་ཕོད། མོའི་རྒྱུ་ཞབས་ལ་ཟུག་གཟེར་ལངས་བ་ཇེ་ཐུ་ནས་ཇེ་ཐུ་རུ་སོང་བ་དང་། ཐ་ན་རང་གི་མལ་ཁྲིའི་སྟེང་དུ་འགྲེ་ལོག་རྒྱག  ཅང་མ་འགོར་བར། ཕྲུ་གུ་ཞིག་གི་ངུ་སྐད་གྲག་ཡོང་།

མོས་རྐང་སྣམ་མར་ཕུད་ཅིང་། མོའི་གམ་དུ་ཧད་དེ་ལུས་པའི་སློབ་གྲོགས་བུ་མོ་དེར་ཁེ་གྲི་ཞིག་བཙལ་ནས་ཡོང་དུ་བཅུག མོས་ཁེ་གྲི་དེས་ལྟེ་ཐག་བཅད་པ་དང་། དེ་ནས་སླར་ཡང་རང་གི་ལྭ་བ་ཁྱེར་ཡོང་ནས་ཕྲུ་གུ་དེ་ཁུད་དུ་གཅུད། འདི་དག་ཚང་མ་བསྒྲུབས་ཚར་རྗེས། ད་གཟོད་མོ་རང་མལ་སའི་ནང་དུ་ལོག་པ་དང་། ཕྲུ་གུ་ཆུང་ཆུང་དེ་རང་གི་གྲུ་ཁུག་ཏུ་བཟུང་ནས། ཁ་རོག་གེར་མིག་ཆུའི་རྡོག་པོ་ཤམ་ཤམ་དུ་བཏོན།

འགྲོ་རོགས་སུ་ཡོང་བའི་སློབ་གྲོགས་བུ་མོ་ནི་ད་གཟོད་འཇིགས་དངངས་ཁྲོད་ནས་དྲན་སོས་རྗེས། ཐོག་མར་ཡིད་ལ་དྲན་པ་ནི་འཛིན་བདག་དགེ་རྒན་རེད། མོས་མལ་ཁྲིའི་སྟེང་གི་སློབ་གྲོགས་མ་བསྐྱུར་ནས་ཐད་ཀར་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་བརྒྱུགས་པ་དང་། འཛིན་བདག་དགེ་རྒན་བཙལ་ནས། ཚིག་ལ་མགོ་རྔ་མེད་པར་དོན་དག་གི་བརྒྱུད་རིམ་ཐེངས་གཅིག་བཤད།

འཛིན་བདག་དགེ་རྒན་དང་སློབ་གྲོགས་བུ་མོ་དེ་གཉིས་སླར་ཡང་མྱུར་བ་མྱུར་སྟབས་ཀྱིས་སྐྱེས་མའི་མལ་ཁང་གི་སྒོ་ཁར་སླེབས་པ་ན། ཕྲུ་གུ་ཆུང་ཆུང་གི་ངུ་སྐད་ཕྲ་མོ་ཞིག་རྣ་བར་མཆེད་ཡོང་། འཛིན་བདག་དགེ་རྒན་རྟབ་རྟབ་པོར་ནང་དུ་འཛུལ་བ་ན། སློབ་མ་དེས་ཕྲུ་གུ་ཆུང་ཆུང་ཞིག་པང་དུ་བཟུང་ནས་མལ་ཁྲིའི་མཐའ་རུ་ཙོག་འདུག་པ་མཐོང་།

“དགེ་རྒན་ཀྲང་ལགས་ཁྱོད་ལ་བལྟ་རུ་སླེབས་བྱུང་།” འགྲོ་རོགས་སློབ་གྲོགས་བུ་མོ་དེས་དབུགས་འཚང་བཞིན་སྐད་མགོ་ཇེ་དམའ་རུ་གཏོང་ཅི་ཐུབ་ཀྱིས་བཤད།

ཕྲུ་གུ་བཙས་པའི་སློབ་མ་དེས་མགོ་བོ་དགྱེ་ནས་བལྟས་པ་ན། དགེ་རྒན་ཀྲང་ལགས་ཀྱི་མིག་ཟུང་དང་གདོང་ཁ་ཐུག   མོ་རང་དོགས་མ་བདེ་བར་མིག་ཟུང་ཕར་ལ་གཡོལ་ཞིང་། མགོ་བསྒུར་ནས་སྐད་ཆ་ཅི་ཡང་མི་བཤད། སློབ་མའི་མལ་ཁང་གི་ལྷིང་ཞིང་འཇགས་པའི་རྣམ་པ་དེས་མི་ལ་དབུགས་ཀྱང་གཏོང་ལེན་དཀའ་བའི་སྣང་བ་སྟེར་བར་བྱེད།

ཕྱིས་སུ་དགེ་རྒན་ཀྲང་ལགས་ཀྱིས་ང་ཚོར་བཤད་ན། སྤྱིར་ན་སློབ་ཆེན་སློབ་མས་གཉེན་བསྒྲིགས་ནས་བྱིས་པ་བཙས་ཆོག་ནའང་། དོན་དག་འདི་འདྲ་ནི་ཁོ་ལ་མཚོན་ནའང་འཕྲད་ཐེངས་དང་པོ་ཡིན་པས། དོན་འདི་དངོས་སུ་བྱུང་བར་དངོས་གནས་ཡིད་ཆེས་དཀའ་ཞིང་། དེ་དུས་མགོ་ཉོག་པར་བྱས་སོང་ཟེར། ཁོས་ད་དུང་བཤད་རྒྱུར། ཉམ་ཐག་པའི་བུ་མོ་དེས་ཕྲུ་གུ་ཆུང་ཆུང་ཞིག་རུམ་ཞིང་། ཁ་རོག་གེར་མལ་ཁྲིའི་མཐའ་རུ་ཙོག་ནས་སྡོད་པ་མཐོང་སྐབས། ཁོས་རང་གི་ཆུང་མས་སྨན་ཁང་དུ་བྱིས་པ་བཙའ་དུས་ན་ནས་ཟུག་རྔུ་འདོན་པའི་ཚུལ་དེ་དྲན་བྱུང་ཟེར་བ་དང་། བུ་མོ་འདིའི་གནས་ཚུལ་མཐོང་བས། ཁོས་རང་གི་ཆུང་མས་སྐབས་དེར་འཁྲབ་སྟོན་བྱས་པ་ཨེ་ཡིན་སྙམ་པའི་དོགས་པའང་སྐྱེས་སོང་ཟེར།

ཕྲུ་གུ་ཆུང་ཆུང་གི་ངུ་སྐད་ཀློང་ནས། དགེ་རྒན་ཀྲང་ལགས་ཡུན་གྱིས་ལྷོད་ལ་བབས་པ་དང་། ཐོག་མར་ཡིད་ལ་དྲན་པ་ནི་ཕྲུ་གུ་ཆུང་ཆུང་ལ་ནུ་མ་ལྡུད་དགོས་པ་དེ་རེད། ཁོས་སློབ་མ་དེར་ནུ་མ་ལྡུད་ཨེ་ཤེས་བལྟ་རུ་བཅུག་ཅིང་། སློབ་མ་གཞན་པ་དེ་སློབ་གྲྭའི་སྨན་བཅོས་ཁང་དུ་མངགས་ནས་དགེ་རྒན་སྒྲོལ་མ་སྐྱིད་འབོད་དུ་འགྲོ་རུ་བཅུག

ཅང་མ་འགོར་བར། དགེ་རྒན་སྒྲོལ་མ་སྐྱིད་བརྒྱུགས་ནས་སླེབས་བྱུང་། མོས་ཀྱང་རྣམ་པ་འདི་མཐོང་བས་ཅུང་ཧད་སེར་བཏང་མོད། སྟབས་ལེགས་པ་ཞིག་ལ་མོར་དེའི་ཐད་ཀྱི་ཉམས་མྱོང་ཡོད་པས། རས་ཡུག་ཅིག་བཙལ་ནས་ཕྲུ་གུ་སྐྱེས་མ་ཐག་པའི་སློབ་མ་དེའི་མགོ་གཅུད་པ་དང་། དེ་ནས་མོར་འགྲོ་ཐུབ་མིན་དྲིས། འགྲོ་ཐུབ་པ་ཤེས་རྗེས། དགེ་རྒན་ཀྲང་ལགས་ལ“མྱུར་བ་མྱུར་ཏུ་མོ་རང་སློབ་གྲྭའི་སྨན་བཅོས་ཁང་དུ་སྤོར་ཐབས་བྱེད། དེ་མིན་ཅུང་ཙམ་ནས་སློབ་མ་ཚོ་སློབ་ཐུན་གྲོལ་ཡོང་ཚེ། འདིར་ཉོག་དཀྲུག་རྒྱུ་རེད”ཟེར།

དགེ་རྒན་ཀྲང་ལགས་ཀྱང་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པས། བསམ་ཚུལ་དེ་ཐོས་པ་ན་མགྱོགས་པོར་མོའི་ངག་བཞིན་བྱས་པ་དང་། ཁོ་དང་སློབ་མ་གཞན་པ་དེས་ཕྲུ་གུ་སྐྱེས་པའི་སློབ་མ་དེ་བསྐྱོར་ནས་སྔོན་ལ་སོང་། དགེ་རྒན་སྒྲོལ་མ་སྐྱིད་ཀྱིས་ཕྲུ་གུ་ཆུང་ཆུང་དེ་པང་ནས་རྗེས་བསྙེགས་ཏེ་སོང་།

སློབ་གྲྭའི་མགོ་ཁྲིད་ཀྱིས་དོན་དག་འདི་ཤེས་པ་ན། དགེ་རྒན་ཀྲང་ལགས་ལ་སློབ་མའི་ཁྱིམ་བདག་ལ་ཁ་པར་བཏང་ནས། མགྱོགས་པོར་མོ་རང་ལེན་པར་ཡོང་དུ་འཇུག་དགོས་པའི་རེ་བ་བཏོན། དགེ་རྒན་ཀྲང་ལགས་ཀྱིས་ཕར་ལ་ཁ་པར་བཏང་བ་ན། ཕ་རོལ་པོ་ནི་བུད་མེད་ཡར་གསེག་ཅིག་རེད།

དགེ་རྒན་ཀྲང་ལགས་ཀྱིས་མྱུར་དུ་དགེ་རྒན་སྒྲོལ་མ་སྐྱིད་བོས་ནས་ཕ་རོལ་པོར་གནས་ཚུལ་གསལ་བཤད་བྱེད་དུ་བཅུག མོས་ཁ་པར་བླངས་ནས་ལྷོད་བག་དང་བཅས་ཏེ་ཕ་རོལ་པོར“དེ་རིང་སྔ་དྲོར་ཁྱོད་ཚང་གི་བུ་མོས་སློབ་གྲྭའི་ནང་དུ་ཕྲུ་གུ་ཞིག་བཙས་སོང་། ཁྱོད་མགྱོགས་པོར་ཡོང་ནས་དོན་དག་འདི་ཐག་གཅོད་པར་གྲོས་ཁ་བྱེད་དུ་ཡོང་རོགས”ཞེས་བཤད།

ཁ་པར་ཕ་རོལ་གྱི་བུད་མེད་དེ་སྤོ་མ་ལངས་ཤིང་བྲེལ་དངངས་ཀྱི་སྦྱོར་བའང་ཅི་ཡང་མི་འདུག་པར། ཁ་རོག་གེར་ཅུང་ཙམ་བསྡད་རྗེས། “བུ་ཞིག་རེད་དམ། བུ་མོ་ཞིག་རེད”ཅེས་དྲིས་བྱུང་།

“བུ་ཞིག་རེད”དགེ་རྒན་སྒྲོལ་མ་སྐྱིད་ཀྱིས་དེ་ལྟར་ལན་བཏབ།

“ང་ད་ལྟ་ཉིད་དུ་སློབ་གྲྭའི་ནང་སླེབས་ཡོང་།” སྐད་ཆ་དེ་བཤད་མ་ཐག་ཕ་རོལ་པོས་ཁ་པར་གྱི་སྒོ་གཏན་སོང་།

དགེ་རྒན་སྒྲོལ་མ་སྐྱིད་ཀྱིས་ཁ་པར་ལས་ཕ་རོལ་གྱི་བུད་མེད་དེ་དགའ་བཞིན་ཡོད་དམ་ཁྲོ་བཞིན་ཡོད་པ་མ་ཤེས་པས། དེས་མོའི་སེམས་ཁ་རྨང་ནས་མི་བདེ་བར་བཏང་།

དྲོས་ཇ་འཐུང་སྐབས་གནས་ཚུལ་འདི་སློབ་གྲྭའི་ནང་དུ་གང་སར་ཁྱབ་འདུག་པས། སློབ་མ་མང་པོ་ཞིག་སློབ་གྲྭའི་སྨན་བཅོས་ཁང་གི་སྒོ་ཁར་འཚངས་ནས། མཚར་སྣང་དང་བཅས་སློབ་མ་དེ་དང་མོའི་ཕྲུ་གུ་ཆུང་ཆུང་དེར་བལྟ་འདོད་སྐྱེས་ཀྱང་། མཐར་སློབ་སྟོན་ཁང་གི་ཀྲུའུ་རེན་གྱིས་ཕར་བདས་སོང་།

བུ་མོ་དེའི་ཨ་མ་ལགས་ཕྱི་དྲོའི་སློབ་ཐུན་མ་གྲོལ་གོང་ཙམ་ལ་ད་གཟོད་སློབ་གྲྭའི་ནང་དུ་འབྱོར་བྱུང་། མོ་རང་ལོ་ན་ལྔ་བཅུ་ལྷག་ཡིན་ནའང་། མགོ་སྐྲ་མང་ཤས་དཀར་པོར་གྱུར་འདུག་ལ། སྒལ་བའང་ཅུང་ཟད་སྒུར་འདུག་པ་དང་། ལག་པ་གཉིས་ནི་ཆེ་ལ་རྩུབ་པ་ཞིག་འདུག དགེ་རྒན་ཀྲང་ལགས་ཀྱིས་མོ་རང་སློབ་གྲྭའི་སྨན་བཅོས་ཁང་དུ་ཁྲིད། ལམ་བར་དུ་ཁོས་དེ་གར་སླེབས་རྗེས་ཨ་མ་འདིས་ཞེ་སྡང་གིས་རང་གི་བུ་མོར་གཅར་རྡུང་བྱས་ཨེ་ཡོང་ལ་སེམས་ཁུར་བྱས་ཤིང་། སྐབས་དེར་ཐོན་ན་ཇི་ལྟར་བཀག་འགོག་བྱེད་པའི་ཐད་ཁོག་རྩིས་འདེད་བཞིན་སོང་།

བློ་ཡིད་ལས་འགོངས་པ་ཞིག་ལ། ཨ་མ་ལགས་ནང་དུ་འཛུལ་མ་ཐག་ཏུ། ཐོག་མར་ཕྲུ་གུ་ཆུང་ཆུང་དེ་ལ་བལྟ་རུ་བརྒྱུགས་སོང་། མོས་མགོ་བསྒུར་ནས་ལྟ་ཡག་ཅིག་བྱས་རྗེས། ད་གཟོད“བཀྲ་ཤིས་ཀྱི་ཡིན་པ་ཁོ་ཐག་རེད”ཟེར་ནས་ཁེར་བཤད་ལྟ་བུ་ཞིག་བྱས། མོའི་གདོང་ལ་སྐྱོ་ཉམས་མེད་ཅིང་སེམས་སྡུག་ཀྱང་མི་འདུག་པར། ཞི་ཞིང་འཇགས་པ་ནི་ཡ་མཚར་ལ་ཧང་སངས་པ་དགོས་པ་ཞིག་རེད།

ཨ་མ་འདིས་བུ་མོར་ལེ་བདའ་ཡི་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པ་དང་། མོའི་གམ་དུ་སོང་སྟེ་མར་བསྒུར་ནས་བུ་མོའི་མགོ་བོ་ལག་པས་བསྐྱོར་ཞིང་རང་གི་ཐོད་པ་གཏུག་ནས་ཡུད་ཙམ་བསྡད་རྗེས་ད་གཟོད་ལག་པ་གློད། སྐབས་དེར། ཨ་མ་ལགས་ཀྱི་གདོང་ཡོངས་མིག་ཆུས་བརླན་འདུག

“དགེ་རྒན། ཁྱོད་ཚོར་བཀའ་དྲིན་ཆེ། ངས་བུ་མོ་དང་ཚ་བོ་གཉིས་ཀ་ཕྱིར་སྡེ་བའི་ནང་འཁྲིད་རྒྱུ་ཡིན། མོ་རང་མུ་མཐུད་དུ་སློབ་གྲྭར་འགྲིམས་ཐུབ་རྒྱུ་མ་རེད”ཨ་མ་དེས་བཤད།

“བཀྲ་ཤིས་ཟེར་བ་སུ་རེད། དུད་འགྲོ་དེ་གཏན་ནས་རང་དགར་བསྐྱུར་མི་རུང་།” དགེ་རྒན་སྒྲོལ་མ་སྐྱིད་ཀྱིས་ཁོང་ཁྲོ་ལངས་བཞིན་བཤད།

“ང་ཚོས་ངེས་པར་དུ་མི་དེ་ཁྲིམས་ལ་སྦྱོར་དགོས། དོན་དག་འདི་འདྲ་བསྐྱར་དུ་འབྱུང་མི་རུང་།” དགེ་རྒན་ཀྲང་ལགས་ཀྱང་ཁོང་ཁྲོ་ཆེན་པོ་ལངས་འདུག

“ཁོ་ངའི་བུ་མོ་ཆེ་བའི་ཁྱོ་ག་རེད་ཡ། གལ་ཏེ་ཁོ་རང་བཟུང་ཚེ། ངའི་བུ་མོ་དང་བྱིས་པ་དེ་ཚོས་འཚོ་བ་ཅི་ལྟར་རོལ་དམ”ཨ་མ་ལགས་ཀྱིས་ངུ་སྐད་ཀྱིས་བཤད།

དགེ་རྒན་ཚོས་སྐད་ཆ་ཅི་ཡང་མི་བཤད། སློབ་གྲྭའི་སྨན་བཅོས་ཁང་ཤིན་ཏུ་ལྷིང་ཞིང་འཇགས་པས་དོགས་མི་བདེ་བར་འདུག་ལ། སྣ་ལམ་ཡོངས་སུ་དུག་སེལ་སྨན་ཆུའི་དྲི་མས་ཁྱབ་ཡོང་།

བུ་མོ་དེས་ཏག་ཏག་སྐབས་འདི་ལ་ད་གཟོད་ཐོག་དང་པོར་སྐད་ཕྱུང་ནས་ངུས་བྱུང་། མོ་རང་སྟབས་བདེའི་མལ་ཁྲི་དེའི་ཁ་ལ་འཐམས་ཤིང་། རང་གི་མགོ་ལ་ཁུ་ཚུར་གྱིས་སྣུན་བཞིན། ངུ་སྐད་ཁང་པའི་ནང་དུ་བསྐྱིལ་བྱུང་།

སློབ་གྲྭས་སློབ་མ་དེར་དོན་དག་རེ་འབྱུང་བར་སྐྲག་ནས། རླངས་འཁོར་མངགས་ཏེ་མོ་རང་མ་སྨད་ཚོ་སྡེ་བའི་ནང་དུ་བསྐྱལ།

ཕྱིས་སུ་ང་ཚོའི་ཁྲིམས་ཁང་གིས་གྱོད་དོན་འདི་ཐག་གཅོད་པར་བསམས་ནས། ཆེད་དུ་བུད་མེད་དེ་ཡོད་སའི་སྡེ་བའི་ནང་དུ་སོང་བ་དང་། མོའི་ཨ་མ་ལགས་ལ་བཀྲ་ཤིས་ཟེར་བའི་སྐྱེས་པ་དེ་གོང་གཏུག་བྱེད་པའི་རེ་བ་བཏོན།

ཨ་མ་འབྲོག་མོ་འདིའི་གདོང་ལ་ཉམས་སྣང་ཅི་ཡང་མེད་པར་ང་ཚོས་བཤད་པའི་གནས་ལུགས་ལ་ཉན་བཞིན། རུལ་མ་ཁྱོར་བ་གང་ལྕགས་ཐབ་ནང་དེད་པ་དང་། “ངེད་ཚང་གིས་འདི་འདྲའི་མིག་རྫོད་ཆེན་པོ་བྱས་སོང་། ཡིན་ནའང་ཚང་མ་ལས་དབང་རེད། ཁྱེད་ཅག་ང་ཚོར་ཁ་ཏ་སློབ་གསོ་བྱེད་དུ་མི་ཡོང་རོགས། ང་ཚོས་ཞི་འཇགས་ཀྱི་འཚོ་བ་ཞིག་རོལ་འདོད་པ་ལས་བསམ་བྱ་ཅི་ཡང་མེད། ཡང་གཅིག་བཤད་ན། སློབ་ཆེན་སློབ་མས་གཉེན་བསྒྲིགས་ཆོག་པ་མ་ཡིན་ནམ”ཟེར།

ང་ཚོས“སྐྱེས་པ་འདིས་ཁྱོད་ཀྱི་བུ་མོའི་མི་ཚེ་བརླག་སོང་བས། ཁོ་ལ་ཁྲིམས་ཀྱི་ཆད་པ་ཕོག་ཆོག་ཆོག་རེད”ཅེས་བཤད་པ་ཡིན། ཨ་མ་ལགས་ཀྱིས་ང་ཚོར་ཁ་ཡ་མི་བྱེད་ཅིང་། གྲུ་ཕུག་ཅིག་ཏུ་ཕྲུ་གུ་ཆུང་ཆུང་རུམ་སྟེ་ཡོད་པའི་བུ་མོར་ལན་ཅིག་བལྟ་བར་བྱེད།

མོ་ནི་ཤིན་ཏུ་སྐམ་ཞིང་རིད་པ་དང་། ཀུབ་འབྲུའི་དབྱིབས་ཀྱི་གདོང་བྱད་ཡག་པོ་ཞིག་འདུག་ལ། གདོང་ཅུང་ཟད་སྨུག་པོར་འདུག་མོད། གདོང་གི་གཞོན་ཉམས་ད་དུང་ཡང་རྨང་ནས་ཡལ་མི་འདུག དགེ་རྒན་སྒྲོལ་མ་སྐྱིད་ཀྱིས་བཤད་ན། མོས་སློབ་གྲྭའི་ནང་གི་དགེ་རྒན་དང་སློབ་གྲོགས་དག་གིས་མོ་ལ་མངའ་སྦྲུམ་ཡོད་པ་མི་ཚོར་བའི་ཆེད་དུ། རང་གི་ཕོ་བ་སྐ་རགས་ཀྱིས་དམ་པོར་བཅིངས་པ་རེད་ཟེར།

ཁང་པའི་ནང་དུ་ལུད་དྲིས་ཁྱབ་འདུག ང་ཚོས་སྤྱིར་ན་ཁྲིམས་ལུགས་རོགས་སྐྱོབ་བྱེད་བསམ་ཡང་། གནས་འདིར་འགོག་རྐྱེན་ཐེབས་སོང་།

ང་ཚོས་སྡུག་བསྔལ་བའི་སྒོ་ནས་ཁོ་ཚོ་མ་སྨད་ཚོ་དང་བདེ་མོ་བཞག འབྲོག་པའི་རུ་བར་བརྒྱུད་ནས་འགྲོ་དུས། ཁྱི་སྐད་ལྷང་ལྷང་ཟུག་པ་ཐོས་ཚེ། ང་ཚོ་སུ་ཞིག་གིས་ཕམ་པར་བཟོས་འདྲའི་སྣང་བ་ཞིག་བཅོས་མིན་དུ་བྱུང་། ང་ཚོར་འགྲོ་རོགས་བྱེད་པའི་སྡེ་བའི་ལས་བྱེད་པ་དེས་ང་ཚོའི་སེམས་ཁམས་ཚོར་ནས། “གལ་ཏེ་ཁྱོད་ཚོས་མོར་རང་གི་བུ་མོ་ཆེ་བའི་ཁྱོ་ག་གོང་གཏུག་བྱེད་དུ་བཅུག་ནས། ཁོ་རང་བཙོན་དུ་བཅུག་ཚེ། གཉེན་ཚང་གིས་མོ་ལ་ཅི་ལྟ་བུའི་རྣམ་འགྱུར་འཛིན་ནམ། མོའི་བུ་མོ་ཆེ་བ་ཡང་དེ་ཚང་ནས་མུ་མཐུད་དུ་སྡོད་ཐུབ་རྒྱུ་ཨེ་རེད”ཟེར།

ང་ཚོས་གནད་དོན་འདི་དག་ལ་འདང་བརྒྱབ་མ་མྱོང་ལ། ཁྲིམས་ཀྱི་ཚད་ཤིང་ལ་བརྟེན་ནས། ཉེས་ཅན་ཁྲིམས་ལ་སྦྱོར་བ་དང་། གནོད་འཚེ་ཕོག་མཁན་ལ་དྲང་བདེན་རེ་སྐྱོང་འདོད་པ་ཙམ་ཡིན།

ཟླ་ཕྱེད་ལྷག་གི་རྗེས་སུ། ང་ཚོ་སླར་ཡང་སྡེ་བར་འདིར་སོང་སྟེ། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིར་བུ་མོ་དེའི་གནས་ཚུལ་དྲིས་པ་ཡིན།

ཁོས་ང་ཚོ་ལ“ང་ཚོའི་སྡེ་བའི་ལས་བྱེད་པ་སོང་ནས། སྐྱེས་པ་དེར་བྱིས་པའི་སྙོར་རིན་སྐོར་ཁ་བརྡ་བྱས་པས། ཁོས་མོ་ལ་ཤ་བཟན་བདུན་སྐྱིན་ཚབ་ཏུ་སྤྲོད་པར་ཁས་བླངས་སོང་། མཇུག་འབྲས་འདི་ཅུང་ཟད་མི་ཆོག་པ་མི་འདུག་སྙམ”ཞེས་བཤད།

ངའི་སེམས་སུ་ཅི་ཡིན་མི་ཤེས་པའི་ན་ཟུག་ཅིག་སྐྱེས་ཁར། མིག་ཀོང་ཡང་མཆི་མས་བརླན།

ང་ཚོ་སྡེ་བ་འདི་དང་ཁ་གྱེས་ཤིང་། སྔོན་ཆད་ཡག་སྣང་བྱུང་བའི་རྩྭ་ཐང་གི་མཛེས་ལྗོངས་དག་གིས་ཀྱང་སྐབས་འདིར་ངའི་སེམས་ཁ་ལ་གཡོ་སྐྱོམ་ཉག་ཙམ་ཡང་གཏོང་མ་ཐུབ་ཅིང་། བུ་མོ་དེའི་ཚུགས་ཀ་ངའི་དྲན་པའི་ཀློང་ནས་ཡལ་ཐབས་མ་བྱུང་།

སེར་སྣ་ཡི་ལྟོགས་སྡུག

ང་ཚོའི་འཁོར་སྐྱོད་ཁྲིམས་ཁང་དེ་ཡུལ་ཚོ་རུ་སླེབས་པ་དང་། འདི་རུ་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ། འབྲོག་པ་དག་ལ་ཁྲིམས་ལུགས་ཞབས་ཞུ་མཁོ་འདོན་བྱས་པ་ཡིན།

ཚ་འུར་ལང་ལོང་གི་རྣམ་པ་དེ་ཆུ་ཚོད་གཅིག་ལྷག་ལ་རྒྱུན་བསྲིངས་ཤིང་། དྲིལ་སྒྲོག་ལག་དེབ་དང་དངོས་རྫས་དག་སྦྱིན་ཚར་མ་ཐག འབྲོག་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཡུལ་ཚོ་སྲིད་གཞུང་གི་ར་སྐོར་དང་གྱེས་སོང་། རྒྱང་སྒྲོག་ནང་གི་གླུ་སྐད་ད་དུང་ཡང་ལྷང་ལྷང་དུ་གྲག་གིན་པ་ནི། ཁོ་ཚོར་སྐྱེལ་མ་བྱེད་པ་དང་གཉིས་སུ་མེད།

མི་ཚང་མ་སོང་ནས་ཚར་ལ་ཉེ་དུས། ང་ཚོས་སྡུད་གསོག་བརྒྱབ་ནས་གནས་འདི་དང་འབྲལ་བར་གྲ་སྒྲིག་བྱས།

སྐབས་འདིར་སྐྱེས་པ་ཞིག་ར་སྐོར་ནང་དུ་སླེབས་ཤིང་། “ཁྲིམས་ལུགས་རོགས་སྐྱོབ”སྒྲོག་ཙེའི་མདུན་དུ་ཡོང་སྟེ། ང་ཚོར་གཉེན་འཐོར་གཏུག་བཤེར་བྱས་ཆོག་མིན་དྲིས་བྱུང་པས། ང་ཚོས་གཞི་ནས་ཡུལ་དངོས་སུ་གྱོད་དོན་ཞིག་སྒྲུབ་རྒྱུ་རག་པར་དགའ་ནས། དེ་མ་ཉིད་དུ་ཆོག་པའི་བརྡ་ལན་བྱིན།

སྐྱེས་པ་དེ་ལོ་ན་ཉེར་ལྔ་ཉེར་དྲུག་གི་ཚོད་ཅིག་ཡིན་ལ། སྐྲ་ལོ་འཇིལ་ལིར་ཆགས་འདུག་པ་དང་། གཟུགས་དེ་ཙམ་རིང་རྒྱུ་མི་འདུག འོན་ཀྱང་བལྟས་ཚོད་ཀྱིས་ལུས་པོ་སྟོབས་དང་ལྡན་པ་ཞིག་འདུག  ཁོ་ལ་བྱིས་པ་ལྟ་བུའི་ངོ་གདོང་སྙིང་རྗེ་མོ་ཞིག་འདུག  ཁོས་ལྭ་བའི་ནང་ཁུག་ལས་ཤོག་ལྷེ་ཞིག་བཏོན་ཏེ། ངའི་ལག་ཏུ་སྤྲད་པ་དང་། “འདི་ངའི་གཉེན་འཐོར་རེ་ཞུ་ཡི་གེ་ཡིན”ཟེར།

ངས་ཤོག་བུའི་ལྟེབ་ཁ་བཤིགས་པ་ན། སྟེང་དུ་བོད་ཡིག་གིས་གཉེན་འཐོར་དགོས་པའི་རྒྱུ་མཚན་དང་དེ་སྔོན་གཉེན་སྒྲིག་སྐབས་ཀྱི་བརྒྱུད་རིམ་རྣམས་བྲིས་འདུག་སྟེ། ང་རང་ཡིད་ཆེས་དཀའ་བ་ཞིག་ལ། གཉེན་འདི་འཐོར་དོན་ནི་བཟའ་ཟླའི་དབར་གྱི་བརྩེ་དུང་ལ་འགལ་བ་བྱུང་བ་མ་ཡིན་པར། སྐྱེས་པ་དེ་ཆུང་མའི་ཁྱིམ་ལ་ཚུར་མག་པར་ཡོང་རྗེས། རྒྱུན་པར་ལྟོ་བ་མི་བརྒྱགས་པ་དེ་རེད། འདིས་ང་རང་ཁོའི་གཉེན་འཐོར་བའི་ཀུན་སློང་ལ་དོགས་པ་ཟ་རུ་བཅུག

ངས་ཁོ་ལ་གནས་ཚུལ་དྲིས་པ་ན། ཁོས་སྔོན་ཆད་གླ་རྒྱག་དུས་ད་ལྟའི་ཆུང་མ་འདི་ངོ་ཤེས་པ་རེད། ཁོ་གཉིས་འགྲོགས་འདྲིས་བྱུང་རྗེས། ཕན་ཚུན་ལ་བརྩེ་འདང་ཇེ་ཟབ་ཏུ་སོང་ཞིང་། མཐར་གཉེན་དོན་བཤད་པའི་ཚད་དུ་སླེབས། མོ་ཕྱོགས་ཀྱིས་ཁོ་རང་ཚུར་མག་པར་ཡོང་དགོས་ཟེར་བ་དང་། ཁོས་ཀྱང་ཁྱིམ་དུ་བུ་སྤུན་འགའ་ཡོད་པས། ས་འདིར་གཞིས་ཆགས་ནའང་མི་ཆོག་པ་མེད་པར་འདོད། ཁོ་རང་འདི་ལྟར་ཚུལ་མག་པར་ཡོང་རྒྱུ་བྱས་ཏེ་གཉེན་སྒྲིག་དཔང་ཡིག་བླངས། ཁོས་ཉིན་རྒྱུན་ཁྱིམ་ཚང་འདིའི་ཕྱུགས་ཟོག་འཚོ་དགོས་མོད། ཁོ་ཚང་གི་སྒྱུག་པོས་ཁོའི་རྒྱགས་བྲོ་ལ་ཚོད་འཛིན་ནན་མོ་བྱས་ནས། ཁོར་ཉི་མ་རེར་ཟས་ཐུན་གཅིག་ལས་ཟ་རྒྱུ་མེད། དོན་དག་འདིའི་ཆེད་དུ་ཁོས་ཐེངས་དུ་མར་སྒྱུག་པོ་བཙལ་ནས་ཁ་བརྡ་བྱས་ནའང་། སྒྱུག་པོས་ཐེངས་རེ་རེ་བཞིན་དུ་དང་ལེན་མ་བྱས། ཁོས་རང་གི་ཆུང་མའི་ཁ་ངོར་བསམས་ཏེ། ལོ་གསུམ་རིང་ལ་བཟོད་བསྲན་བྱས་མོད། ད་ནི་ཅིས་ཀྱང་བཟོད་ཐབས་བྲལ་བས། གཉེན་འཐོར་རེ་ཞུ་སྤྲད་པ་རེད།  

“ཁྱོད་ཀྱི་ཆུང་མས་ཁྱོད་མོ་དང་གཉེན་འཐོར་རྒྱུ་ཡིན་པ་ཤེས་ཨེ་ཡོད”ཕན་ཏོ་ཡིས་དྲིས།

“ངས་མོ་ལ་བཤད་མེད། འོན་ཀྱང་མོས་སེམས་ནས་ཤེས་ཡོད་ངེས་ཡིན”སྐྱེས་པ་དེས་སྡུག་ཐུག་བཞིན་བཤད།

“ཁྱོད་གཉིས་ལ་ཐབས་ཤེས་གཞན་པ་རེ་མེད་དམ”ངས་དྲིས།

“མོའི་ཕ་རྒན་ཤི་སོང་ན་མ་གཏོགས”ཟེར་ནས་ཁོ་རང་བཙན་གྱིས་དགོད་ཙམ་བྱེད། “མོའི་ཕ་རྒན་འཆི་མི་སྲིད། ད་དུང་ལོ་ན་ཆེ་རྒྱུ་མེད། མུ་མཐུད་དུ་འཚོ་བ་རོལ་ཐབས་བྱས་ཚེ། ཤི་འགྲོ་བ་ནི་ང་ཡིན་སྲིད”ཟེར།

ང་ཚོས་གཉེན་འཐོར་གཏུག་བཤེར་འདི་དང་ལེན་བྱས་ཤིང་། ཉིན་ལྔའི་ནང་དུ་ལན་སྟེར་བའི་ཁས་ལེན་བྱས།

སྐྱེས་པ་དེས་ང་ཚོར་བདེ་མོ་བཞག་རྗེས། ཐད་ཀར་ཡུལ་ཚོ་སྲིད་གཞུང་གི་སྒོ་ཆེན་གཟས་ནས་བུད་སོང་།

ཕྱིར་རྫོང་མཁར་དུ་ལོག་པའི་ལམ་ཁར། ང་ཚོས་ཚ་འུར་སྒོས་དོན་དག་འདི་ལ་བགྲོ་གླེང་བྱས་པ་དང་། ཚང་མས་གཅིག་མཐུན་དུ་ཁོ་རང་མག་པར་ཡོང་སའི་ཁྱིམ་ཚང་འདི་ཁྱིམ་ཚང་དབུལ་བོ་ཞིག་ཡིན་སྲིད་པ་དང་། དེ་འདྲ་མིན་ན་ཁོ་ལ་ཉིན་རེར་ཟས་ཐུན་གཅིག་རེ་ལས་བཟའ་རུ་མི་འཇུག་པ་དཔེ་མི་སྲིད་པར་འདོད། དུས་མཚུངས་སུ། དེ་སྔོན་ཁོས་ཆུང་མའི་ཕྱོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་ལ་མ་བལྟས་པར། བརྩེ་འདང་གི་ཆེད་དུ་རང་ཉིད་བློས་བཏང་བ་ལ་ཡིད་འགུལ་ཐེབས་པས། ཚང་མས་གཅིག་མཐུན་དུ་ཁྱིམ་ཚང་འདི་ལ་གཏུག་ཡོན་མི་ལེན་པར་འཐད་དེ། རིན་པ་འདི་རླངས་འཁོར་ནང་གི་མི་དག་གིས་སྟེར་རྒྱུ་བྱས།

དེའི་ཕྱི་ཉིན། ང་ཚོ་ཁོ་ཡོད་སའི་སྡེ་བར་འདུམ་སྒྲིག་བྱེད་དུ་སོང་བ་དང་། ང་ཚོས་འོལ་ཚོད་ལྟར་ཆུང་ཞིང་ཐབས་སྡུག་པའི་ཁང་ཁྱིམ་ཞིག་ལ་སོང་བ་ཡིན། འོན་ཀྱང་གནས་ཚུལ་དྲིས་པ་ན། ཁྱོད་ཚོས་བཙལ་ས་ནོར་འདུག་ཟེར་བ་དང་། བྱིས་པ་ཞིག་མངགས་ནས་ང་ཚོ་སྡེ་བའི་ནང་གི་ཆེས་ཆེ་བའི་ཁྱིམ་ཚང་དེར་ཁྲིད།

ར་སྐོར་ཅན་གྱི་ཁང་པ་ཉིས་ཐོག་འདི་ནི། རྣོ་ལྕགས་དང་ཨར་འདམ་གྱིས་གྲུབ་པ་དང་། ས་ཁྱོན་ལ་རྨིད་གྲུ་བཞི་མ་དྲུག་བརྒྱ་ལྷག་འདུག་པས། ང་རང་སླར་ཡང་སྐྱེས་པ་དེའི་སྐད་ཆར་དོགས་པ་སྐྱེས་ཏེ། ཁོས་བཤད་པ་རྫུན་གཏམ་ཡིན་ཐག་ཆོད་དུ་བསམས།

བྱིས་པ་དེས་ལྕགས་སྒོ་ཤུགས་ཀྱིས་བརྡུངས་པ་ན། ཁྲོག་ཁྲོག་ཁྲོག་གི་སྒྲ་ཆེ་རུ་གྲག་ཡོང་བ་དང་། ར་སྐོར་ནང་གི་ཁྱིའི་འབ་སྐད་ཀྱང་ཕྱི་རུ་མཆེད་བྱུང་།

ཅུང་ཟད་འགོར་བ་ན། བུད་མེད་གཞོན་ནུ་མ་ཞིག་གིས་སྒོ་ཕྱེ་བ་དང་། རྟབ་རྟབ་པོས་ང་ཚོར་ལྟ་ཞིང་། “ཁྱོད་ཚོར་དོན་དག་ཅི་ཞིག་ཡོད”ཅེས་དྲིས།

ང་ཚོས་གྱོན་པའི་ལས་གོས་འདི་ཡིས་མོ་རང་ཅུང་ཟད་ཧད་སེར་བཏང་བས། མོའི་ངོ་མདོག་ཀྱང་ཤོར་འདུག  ར་སྐོར་ནང་གི་ཁྱིའི་ཟུག་སྐད་ཀྱང་སྔར་བས་ཇེ་བཙན་དུ་སོང་།

“ང་ཚོ་ནི་རྫོང་ཁྲིམས་ཁང་གི་ཡིན། འདིར་ཡོང་ནས་གནས་ཚུལ་རྒྱུས་ལོན་ཞིག་བྱས་ཏེ། ཞོར་དུ་འདུམ་སྒྲིག་བྱེད་བསམས་པ་ཡིན། ང་ཚོ་ནང་དུ་སོང་ན་ཆོག་གམ”ངས་དེ་ལྟར་བཤད།

“ནང་དུ་ཤོག”བུད་མེད་དེས་ངོ་གནག་བཞིན་བཤད།

ང་ཚོ་ཁོད་ཡངས་པའི་ར་སྐོར་བརྒྱུད་ནས། ཁྱིའི་ཟུག་སྐད་དང་འགྲོགས་ཏེ་ཉིས་ཐོག་གི་འགྲུལ་ཁང་དུ་སོང་།

སྒེའུ་ཁུང་འགྲམ་དུ་ཤིང་གི་མལ་ཁྲི་ཞིག་བཞག་ཡོད་ཅིང་། སྟེང་དུ་མདོག་མཛེས་པའི་བལ་སྟན་ཞིག་བཏིང་འདུག་ལ། ཉི་འོད་ཀྱི་ཟེར་མ་སྟེང་དུ་འཕྲོས་པས། རི་མོ་དེ་ཚོར་སྔར་བས་མཛེས་ཉམས་དོད་པར་བྱེད། མལ་ཁྲིའི་མདུན་ཐད་དུ་ཅོག་ཙེ་རིང་བོ་བཞི་བཞག་ཡོད་ལ། སྒེའུ་ཁུང་ཡོད་སའི་གྱང་རྩ་རུ་བོད་ལུགས་ཀྱི་ཆ་སྒམ་གཉིས་བཞག་འདུག  ཐང་དུ་དཀར་པང་བཏིང་ཡོད་པ་དང་། གྱང་ངོས་སུའང་གྱང་ཤོག་སྦྱར་འདུག

ང་ཚོ་མར་བསྡད་མ་ཐག ལོ་ན་ལྔ་བཅུ་ལྷག་ཡིན་པའི་སྐྱེས་པ་ཞིག་ནང་དུ་སླེབས་བྱུང་། ཁོའི་ལག་མགོར་ཙན་དན་གྱི་ཕྲེང་བ་ཞིག་དཀྲིས་ཡོད་ལ། གཡས་ལག་གི་སྲིན་མཛུབ་སྟེང་དུ་རིན་པོ་ཆེའི་ཕྲ་རྒྱན་བཏབ་པའི་གསེར་གྱི་མཛུབ་དཀྲིས་ཤིག་གོན་འདུག་པར་བལྟས་ན། ཁྱིམ་ཚང་འདི་ནི་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་པ་ངང་གིས་ཤེས་ཐུབ།

“ཡ། ཁྱོད་ཚོ་ངེད་ཚང་ལ་ཡོང་ནས་དོན་དག་ཅི་ཞིག་ཡོད”སྐྱེས་པ་དེས་དྲིས།

ངས་འདིར་ཡོང་དོན་གྱི་རྒྱུ་མཚན་ཁོ་ལ་བཤད་སྐབས། གཞོན་ནུ་མ་དེས་ཏག་ཏག་ང་ཚོར་ཇ་བླུགས་བྱུང་། ཇ་བླུགས་ཚར་བ་ན་སྐྱེས་པ་དེས་མོ་ཡང་དེར་སྡོད་དུ་བཅུག་ཅིང་། ང་ཚོས་སྐད་ཆ་བཤད་ནས་ཚར་བར་ཉན་དུ་བཅུག

“མ་གཞིར་དེ་འདྲ་ཞིག་རེད་ཨང་།”སྐྱེས་པ་དེའི་གདོང་ལ་འཛུམ་ཆུང་ཞིག་ལངས་ཤིང་། ལག་མགོའི་ཙན་དན་གྱི་ཕྲེང་བ་བླངས་ནས་འདྲེན་བཞིན་དུ། “དངོས་གནས་དེ་འདྲ་རེད། ངས་ཉིན་རྒྱུན་ཁོ་ལ་ཟས་ཐུན་གཅིག་ལས་ཟ་རུ་འཇུག་གིན་མེད། ཐ་ན་ང་ཚོ་རང་གིས་ཀྱང་ཐུན་གཅིག་རེ་ལས་ཟ་བཞིན་མེད་ཡ། ད་ཁོས་སྡུག་འདི་བཟོད་ཐབས་མེད་ན། ཁོར་གཉེན་འཐོར་དུ་ཆུགས”ཟེར།

ང་དང་ཕན་ཏོ་ཡིས་ཁོའི་སྐད་ཆ་དེ་ཐོས་མ་ཐག་ཅུང་ཟད་ཡ་མཚན་པ་བྱུང་། ཡིད་ལའང་མ་དྲན་པ་ཞིག་ལ་ཁོས་འདི་ལྟར་དྲང་མོར་བཤད་འགྲོ་བ་དེ་རེད། དེ་བས་ཀྱང་ཡ་མཚན་པ་ཞིག་ལ་འདི་འདྲའི་ཁྱིམ་ཚང་ཕྱུག་པོ་ཞིག་གིས་དེ་འདྲའི་སེར་སྣ་ཆེ་བའི་འཚོ་བ་ཞིག་ཅི་ལ་རོལ་བ་ཡིན་ནམ་བསམས།

“རྒྱུ་ཡོད་ན་ཨ་ཁུའི་ཚ་བོ། རྒྱུ་མེད་ན་ཨ་ཁུའི་གཡོག་པོ། འདི་ནི་སྔོན་རབས་ཀྱིས་བཞག་པའི་ཉམས་མྱོང་ཅན་གྱི་གཏམ་རེད། རྒྱུ་ནོམ་པ་ལྷ་ཡིན། རྒྱུ་སེར་སྣ་འདྲེ་ཡིན་ཟེར་རུང་། ངས་འདི་ལྟར་གྲོན་ཆུང་མ་བྱས་ན། ད་ལྟའི་ལོངས་སྤྱོད་འདི་དག་ཡོད་ཚད་ཇི་ལྟར་བྱུང་།” སྐྱེས་པ་དེས་ང་རྒྱལ་དང་བཅས་པའི་གདངས་ཀྱིས་བཤད།

“དེས་ན་ཁྱོད་རང་བུ་མོ་གཉེན་འཐོར་བར་འཐད་པ་ཡིན་ནམ”ངས་དྲིས།

“ཁོ་རང་བསོད་ནམས་མེད་པའི་མི་ཞིག་རེད། ཁོའི་བསམ་ཐོག་ཏུ་འཇོག་པ་ལས་འོས་མེད།”སྐྱེས་པ་དེས་ཚམ་ཚོམ་མེད་པར་བཤད།

“གཙོ་བོར་ཁྱོད་ཀྱི་བུ་མོ་འཐད་མིན་ལ་བལྟ་དགོས་པ་རེད”ཕན་ཏོ་ཡིས་བཤད།

“དེས་ན་ཁྱོད་ཀྱིས་མོར་དྲིས་དང་།” སྐྱེས་པ་དེས་བུ་མོ་གཞོན་ནུ་མ་དེར་མཆུ་སྟོན་ཞིག་བྱས་ཤིང་། ཡང་མུ་མཐུད་དུ“མོ་ཡང་ང་དང་བསམ་ཚུལ་ཕལ་ཆེར་གཅིག་འདྲ་རེད”ཟེར།

གཞོན་ནུ་མ་དེས་ཁ་མུར་མུར་ཅིག་བྱས་ནས། ཅི་ཡང་མི་བཤད། དེ་ནས་མིག་ཆུའི་རྡོག་པོ་ཞིག་མིག་ཀོང་ནས་མར་མར་འགྲིལ་ཞིང་། བྲང་གཞུང་དུ་ལྷུང་།

ང་ཚོས་ཡང་བསྐྱར་མོ་ལ་འཐད་མིན་འདྲི་སྐབས། མོས་བློ་ཐག་ཆོད་པོས་འཐོར་རྒྱུ་ཡིན་ཟེར།

ང་ཚོས་མོའི་སྐད་ཆ་དེ་སེམས་ཀྱི་འཆར་ཚུལ་དང་ལྡོག་པའི་སེམས་ཁྲལ་བྱུང་། སྤོ་ཐོག་གི་སྐད་ཆ་ཡིན་ཚེ། མོ་ལ་བསམ་བློ་གཏོང་བའི་དུས་ཚོད་སྦྱིན་དགོས།

“འདང་རྒྱག་རྒྱུ་མེད། ངེད་གཉིས་ལ་བྱིས་པའང་མེད། འཐོར་སོང་ན་ངེད་གཉིས་སུ་ཡིན་ཡང་མནར་སྡུག་ལས་ཐར་བ་རེད”ཁོའི་བུ་མོས་དེ་ལྟར་བཤད།

ང་ཚོས་ད་ནི་ཅི་བཤད་ཀྱང་གོ་མི་ཆོད་པ་མཐོང་བས། སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་གྲོས་མཐུན་ཡི་གེ་བླངས་ནས་མོ་ལ་མིང་རྟགས་འགོད་དུ་བཅུག་ཅིང་མཛུབ་ཐེལ་རྒྱག་ཏུ་བཅུག མོས་མིང་ཡིག་འཁྱར་མ་འཁྱོར་ཅིག་བྲིས་པ་དང་། དེ་ནས་སྟེང་དུ་མཛུབ་ཐེལ་མནན་སོང་།

ང་ཚོ་ཕྱིར་ལོག་པའི་ལམ་བར་དུ་སྐྱེས་པ་དེར་ཁ་པར་བཏང་བ་ཡིན། མོ་ཕྱོགས་གཉེན་འཐོར་བར་འཐད་པ་བྱུང་བ་དང་། ཁོ་རང་རྫོང་ཁྲིམས་ཁང་དུ་ཡོང་སྟེ་མིང་བྲིས་ནས་མཛུབ་ཐེལ་མནན་ན། ང་ཚོས་གཉེན་འཐོར་དཔང་ཡིག་སྤྲད་ཆོག་པའི་གནས་ཚུལ་རྣམས་བཤད།

“གཏུག་ཡོན་ད་དུང་ཡང་ང་ཚོས་སྟེར་དགོས་སམ”ཕན་ཏོ་ཡིས་འདུག་སྟེགས་གཞུག་མའི་སྟེང་ནས་ང་ལ་དྲིས།

“སྟེར་དགོས་རྒྱུ་མ་རེད། མོ་ཕྱོགས་ལ་སྟེར་དུ་ཆུགས”ང་སྤོ་ལངས་བཞིན་བཤད།

“འཚོ་བ་འདི་འདྲ་ནི་ཡི་དྭགས་ཀྱི་འཚོ་བ་རང་རེད། རྒྱུ་ནོམ་པ་ཅི་ཙམ་ཡོད་ནའང་། སུ་ཞིག་གིས་ཀྱང་སྨོན་པ་འཆོར་མི་སྲིད།” ཁ་ལོ་པས་ཁོང་ཁྲོ་ལངས་བཞིན་བཤད།

སྐྱེས་པ་དེ་རྫོང་ཁྲིམས་ཁང་དུ་འགྲོ་ལུགས་སྒྲུབ་ཏུ་སླེབས་བྱུང་། ང་དང་ཕན་ཏོ་ཡིས་ཁོ་ལ་ཕྱི་ནས་ཟས་ཐུན་གཅིག་གིས་མགྲོན་ཁ་བྱས་ཤིང་། ཁོ་ལ་སྒོར་མོ་ཉུང་ཙམ་སྟེར་གྲབས་བྱས་ཀྱང་། ཁོས་དང་ལེན་མི་བྱེད་པ་དང་། ད་ལྟ་ལས་ཀ་བྱེད་ས་ཞིག་ཏུ་གླ་རྒྱག་གིན་ཡོད་པས། ལས་ཀ་ཚར་ནས་གླ་རྔན་བླངས་རྗེས་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ཟེར།

ང་ཚོས་སྲང་ལམ་དེ་ནས་བདེ་མོ་བཞག་པ་ན། ཁོ་རང་སྲང་ལམ་དེ་ནས་མི་མཐོང་བར་གྱུར་ཞིང་། ཕྱིས་སུ་ཐེངས་གཅིག་ཀྱང་མཐོང་མ་བྱུང་།

ཁ་བ་བུ་ཡུག་འཚུབ་པའི་མཚན་མོ་དེར། སྐལ་བཟང་བསྟན་པས་ད་དུང་གཏམ་རྒྱུད་མང་པོ་ཞིག་བཤད་པས། དེས་ངས་རྩྭ་ཐང་གི་འབྲོག་པའི་འཚོ་བའི་ཐད་བཅངས་པའི་འཆར་སྣང་དག་སིལ་བར་བཅོམ་ཞིང་། ང་ལ་འདང་རྒྱག་ཟབ་མོ་ཞིག་བྱིན་བྱུང་།

རྫོང་མཁར་དང་བྲལ་བའི་ཉིན་དེར། གནམ་ངོ་ཡོངས་སུ་ཐང་འདུག་ཅིང་། རླངས་འཁོར་ནི་སྔོ་བསངས་ཀྱི་ནམ་མཁའ་དང་རབ་དཀར་ཁ་བའི་དབུས་སུ་ཤར་ཤར་རྒྱུག་ནའང་། རྩྭ་ཐང་ཆེན་པོ་འདིར་བྱུང་བའི་གཏམ་རྒྱུད་ཀྱིས་ང་ཡི་སེམས་ཁ་མནན་ནས་ཡོད་པས། སེམས་སུ་སྤྲོ་སྣང་ཅུང་ཟད་ཀྱང་མི་འདུག

ངོ་སྤྲོད་མདོར་བསྡུས།

ཨོའུ་རྒྱ་བཀྲ་ཤིས་ཚེ་རིང་།

དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་སྟོད་ཙམ་ལ་འབའ་རྫོང་ཨོའུ་རྒྱ་ཞེས་པའི་ཚོ་བར་སྐྱེས། སྔ་ཕྱིར་སློབ་གྲྭ་ཆུང་འབྲིང་རིམ་བཞིན་འགྲིམས་ཤིང་། 2017ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་དངོས་གཞི་སློབ་མཐར་ཕྱིན། 2020ལོར་ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་དུ་བོད་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། 2021ལོ་ནས་མཚོ་སྔོན་བོད་ཡིག་ཚགས་པར་ཁང་དུ་རྒྱ་བོད་ལོ་ཙཱ་དང་རྩོམ་སྒྲིག་གི་ལས་ཀར་ཞུགས་ཤིང་། ད་ལྟ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་རྩོམ་སྒྲིག་པའི་འགན་འཁུར་མུས་སུ་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།