འགྲོ་བའི་ནད་གདུང་སེལ་བའི་ལྷ་ཆབ། བཀྲ་ཤིས་དཔལ་ལྡན་གྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

གླེང་གཞི།

གངས་ལྗོངས་ས་མཐོའི་ཡུལ་ལུང་མང་པོར་ས་གཞི་འཁྱགས་པས་བསྡམས་པའི་དགུན་གཞུང་ལའང་ཚ་རླངས་འཕྱུར་བའི་ཆུ་མིག་མང་པོ་ཞིག་ཡོད་པ་དེ་ནི་ཡོངས་གྲགས་ལ་ཆུ་ཚན་དང་། ས་ཆ་ལ་ལར་ཚ་ཆུ་ཞེས་གྲགས་པ་དེ་ཡིན་ཞིང་། ཆུ་ཚན་ནི་ས་མཐོའི་འགྲོ་བ་ནད་པ་ཇི་སྙེད་ཀྱི་ཚེ་སྲོག་གི་ལང་ཚོ་དུས་མ་ཡིན་པར་ཡལ་བར་འགོག་པའི་ཚེ་སྲིང་གི་བདུད་རྩི་དང་། མཐུན་རྐྱེན་ཞན་པའི་ཁྱིམ་ཚང་དུ་མ་ཞིག་སྡུག་བསྔལ་གྱི་མུན་ཁུང་ནས་སྐྱོབ་པའི་སྒྲོན་མེ། དེང་རབས་གསོ་རིག་གིས་ཀྱང་ངོ་རྟགས་མི་ཆོད་པའི་དོགས་དཀའ་རྙོག་གསུམ་གྱི་ནད་ཀྱིས་མནར་བའི་ནད་པ་ཇི་སྙེད་ཅིག་རྫོགས་རྒྱུ་མེད་པའི་བརྟག་དཔྱད་དང་། དྲག་སྐྱེད་མེད་པའི་ནད་བཅོས་བྱས་རྗེས་མཐར་མི་རྒྱུ་གཉིས་བརླག་གི་སེར་དྲག་སྐྱོབ་པའི་གདུགས་མཆོག་ཡིན་པས། དེ་ནི་གོང་མ་ལྷའམ་འཇིག་རྟེན་བྱེད་པོས་སྨན་བཅོས་ཀྱི་མཐུན་རྐྱེན་དམན་པའི་ས་མཐོའི་སྐྱེ་བོ་ལ་སྤྱི་མཐུན་དུ་གནང་བའི་དམིགས་བསལ་གྱི་གནང་སྐྱེས་ཤིག་ཡིན་པ་གོར་མ་ཆག སྔར་ནས་བཟུང་ས་མཐོའི་ནད་མནར་སྐྱེ་བོ་དུ་མ་སྟོད་དཔྱིད་གཉིས་སུ་ཆུ་ཚན་རྒྱག་པར་འགྲོ་བའི་གོམས་གཤིས་ཡོད་པ་དང་། སྔོན་བྱོན་སྐྱེས་ཆེན་མང་པོ་ཞིག་ཀྱང་ཆུ་ཚན་རྒྱག་པར་ཕེབས་ནས་ཆུ་ཚན་ག་གེ་མོ་ལ་སྐྱེས་ཆེན་ཆེ་གེ་མོས་བྱིན་གྱིས་བརླབས་པའི་ལོ་རྒྱུས་ཕ་གཏམ་བུ་འཇགས་ཀྱི་ཚུལ་དུ་དམངས་ཁྲོད་ལ་ས་ཁྱབ་རྡོ་ཁྱབ་ངང་དར་ཡོད། 

བོད་དུ་ཆུ་ཚན་སྐད་གྲགས་ཅན་མང་པོ་ཞིག་ཡོད་པ་ལས། དབུས་འགྱུར་ལྷ་ལྡན་དང་ཐག་ཉེ་བའི་སར་སྟོད་ལུང་ཆུ་བཟང་གི་ཆུ་ཚན་དང་། འབྲི་གུང་གཏེར་སྒྲོམ་ཆུ་ཚན། ཟངས་རིའི་འོལ་དགའ་ཆུ་ཚན་བཅས་ཀྱི་ཁར།ད་དུང་འདམ་གཞུང་སྙིང་དྲུང་ཆུ་ཚན་དང་། ཡངས་པ་ཅན་གྱི་ཆུ་ཚན། རུ་ཐོག་ཆུ་ཚན་བཅས་ཀྱང་ཆུ་ཚན་གྱི་གྲངས་སུ་བརྩིས་ཆོག ཆུ་བཟང་གི་ཆུ་ཚན་དང་འོལ་དགའ་ཆུ་ཚན་ནི་གཙོ་བོ་རྗེ་ཙོང་ཁ་པ་ཆུ་ཚན་དེ་གཉིས་ལ་ཆབ་ཞུགས་གནང་མྱོང་བའི་དབང་གིས་སྐད་གྲགས་ཆེན་པོ་ཡོད་པ་དང་། གཏེར་སྒྲོམ་ཆུ་ཚན་ལའང་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ཞབས་འབམ་གྲུམ་གྱི་སྙུན་གཞི་དོད་པས་ཆབ་ཞུགས་ཐེངས་ཤས་གནང་མྱོང་མོད། སྐབས་དེར་འགྲོ་སྐྱོད་ཀྱི་ལམ་མི་བདེ་བས་རྗེས་སུ་ཁོང་སྐུ་ངོ་མ་ཆུ་ཚན་ལ་དངོས་སུ་ཕེབས་སྟབས་མི་བདེ་བའི་དབང་གིས། ལོ་ལྟར་སྟོན་དཔྱིད་གཉིས་ཀྱི་ཆབ་ཞུགས་སྐབས་གཏེར་སྒྲོམ་དང་ཆུ་བཟང་ཆུ་ཚན་ནས་ཆབ་ཆུ་དྲེལ་གྱིས་བླངས་ཏེ་ལྷ་ལྡན་གྱི་ཕོ་བྲང་ནང་སྙུན་བཅོས་གནང་མྱོང་། དེ་བཞིན་གཙང་ཁུལ་དུའང་རིན་སྤུངས་རོང་གི་སྨན་སྟོང་ཆུ་ཚན་དང་། བཞད་མཐོང་སྨོན་གྱི་ཆབ་ཁ་ཆུ་ཚན།ལྷ་རྩེའི་གཞིས་ཆེན་ཆུ་ཚན་དང་མང་མཁར་ཆུ་ཚན་སོགས་གྲགས་ཆེ་བ་ཁ་ཤས་ཡོད་མོད། ད་བར་བོད་ཡོངས་ཀྱི་དམངས་ཁྲོད་དུ་གྲགས་ཆེ་ཤོས་ནི་གྲོ་མོའི་ཁམ་བུ་ཆུ་ཚན་ཡིན། དེ་གར་ཁ་རྒྱུན་ལ་ཆུ་མིག་བརྒྱ་དང་བརྒྱད་ཡོད་པ་དང་། ཆུ་མིག་རེ་རེས་ནད་རེ་བཅོས་ཐུབ་པའི་མཐུ་དང་ནུས་པ་ལྡན་པའི་ལོ་རྒྱུས་ཡོད་པས། སྔ་ས་ནས་མི་རྣམས་འཚང་ཁ་ཤིག་ཤིག་གིས་དེ་གར་བཞུད་པར་བྱེད། ཁོ་བོའི་ལས་གྲོགས་ཤིག་ཡོད་པ་ཁོང་ཡང་པུས་མོ་ཐང་པོ་མེད་པས། སྔ་ས་ནས་མཉམ་དུ་ཁམ་བུ་ཆུ་ཚན་རྒྱག་པར་འགྲོ་རྒྱུའི་ཁ་ཆད་བྱས་མྱོང་མོད། འོན་ཀྱང་ལས་ཁུངས་ཀྱི་མི་ལ་དུས་ཚོད་རང་དབང་མེད་པ་དང་། སྐབས་དེ་དུས་སྒེར་འཁོར་གྱི་སྟབས་བདེ་མེད་པས་བསམ་འདུན་དེ་ད་དུང་ཡང་བསྒྲུབ་མ་ཐུབ་པར་ལུས། ལས་གྲོགས་ཁོང་སྔ་ས་ནས་ལས་འཁྱུར་ཞུས་པ་དང་། ཁམ་བུ་རུ་ཆུ་ཚན་རྒྱག་པར་ཐེངས་འགར་ཕེབས་ནས་པུས་མོ་ཐང་དུ་མངོན་གསལ་སོང་མོད། ན་ནིང་གློ་བུར་ཞིང་གཞན་དུ་ཕེབས་ཟིན་པས། 《ཁ་ཆེ་ཕ་ལུ》ལས། སང་གནངས་གནངས་ཟེར་གྱིན་འགྱངས་ཡོང་ངོ་།། དེ་འདྲའི་ངང་ལ་འབོད་མཁན་སླེབས་ཡོང་ངོ་།། ཞེས་གསུངས་པ་ཅི་མ་བདེན། གཞེས་ནིང་གསར་འགྱུར་འགོད་པར་འགྲོ་བའི་ལམ་ཞོར་དུ་སྐད་གྲགས་ཆེ་བའི་ཁམ་བུར་སླེབས་ནའང་། གཞུང་ཞབས་པར་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྲུང་བྱ་ཡོད་པས། དེ་གའི་ཡུལ་ལྗོངས་འདི་འདྲ་ཞིག་འདུག་ཨང་སྙམ་པ་ཙམ་ལས། ཆུ་ཚན་དུ་རྐང་པ་ཙམ་སྦོང་སྐལ་ཡང་མ་བྱུང་བར་བློ་ཕམ་དང་བཅས་ཐད་ཀར་ཤར་གསིང་མར་ཆས།

ཁམ་བུ་ཆུ་ཚན་གྱི་ལམ་བདེ་པོ་ཡོད་པ་དང་། དེ་གར་གྲོང་ཚོ་ཆགས་ཡོད་པར་མ་ཟད། ལོ་བཅུ་གྲངས་གོང་ནས་འཛུགས་སྐྲུན་དང་གསར་སྤེལ་མང་པོ་བྱས་ཏེ། གང་ཅིའི་མཐུན་རྐྱེན་འཛོམས་པོ་ཡོད་པས། ད་ཆ་ཆུ་ཚན་རྒྱག་པའི་ནམ་དུས་དོག་ཤོས་སྐབས་འགྲུལ་པ་མང་དྲགས་ནས་སྡོད་ས་མི་འབྱོར་བའི་སེམས་ཁྲལ་བྱེད་དགོས་ཀྱིན་ཡོད།

ཉེ་བའི་ལོ་ཤས་ནང་ལྷོ་བྲག་གི་ལྷ་བབས་ཆུ་ཚན་གྱི་སྙན་གྲགས་ཇེ་ཆེར་སོང་ནས་ཁམ་བུ་དང་ཨ་མཉམ་ད་མཉམ་དུ་གྱུར་ཅིང་། ཆུ་ཚན་དེ་ནི་ལྷོ་བྲག་རྫོང་སྲས་ནས་ཤང་གི་ཁོངས་སུ་ཡོད། སྲས་ཤང་དུ་ཆུ་ཚན་མིང་ཅན་གསུམ་ཙམ་ཡོད་པ་ལས་གཅིག་ནི་སྲས་མཁར་དགུ་ཐོག་ནས་སྐད་གཏོང་གི་མདར་ཡོད་པའི་ཞལ་ངོ་ཆུ་ཚན་ཡིན་ཞིང་། ཆུ་མིག་གཅིག་རང་ལས་མེད་ནའང་དམངས་དཀྱུས་སྦང་སའི་རྫིང་ཆེན་པོ་ཞིག་ཡོད་པ་དང་། དེའི་འགྲམ་དུ་མགྲོན་ཁང་ཆེན་པོ་ཞིག་བརྒྱབ་སྟེ། མགྲོན་ཁང་ནང་ཆུ་ཚན་འཁྲིད་ཡོད་པས་སྐུ་མགྲོན་ཚོས་མགྲོན་ཁང་ནང་དུ་ཆུ་ཚན་རྒྱག་ཆོག གཞན་ཞིག་ནི་ལམ་འགྲམ་ཆུ་ཚན་ཞེས་ད་ཆ་དངོས་སུ་བེད་སྤྱོད་མེད། གྲགས་ཆེ་ཤོས་ནི་ལྷ་བབས་ཆུ་ཚན་ཡིན། མ་གཞི་ལོ་གཉིས་གོང་ལྷོ་བྲག་ཏུ་གསར་འགྱུར་འགོད་པར་སྐྱོད་སྐབས་ཆུ་ཚན་དེའི་སྐོར་ཐོས་ནའང་ཕལ་ཆེར་དུས་ལ་བབ་མེད་པར་ངེས་ཏེ། ལམ་ཐག་རིང་ལ་འགྲོ་སྟབས་མི་བདེ་བས་སྔར་བཞིན་འགྲོ་སྐལ་མ་ཐོབ། འོན་ཀྱང་དེ་དུས་ཆུ་ཚན་དེའི་སྐོར་གྱི་ངོ་མཚར་མང་པོ་ཞིག་རྣ་བར་ཐོས་པས། ནམ་ཞིག་གོ་སྐབས་བྱུང་ན་འགྲོ་ཨང་སྙམ་པའི་བློ་ཞིག་སེམས་ཀྱི་ཡོལ་གོར་སྦས།

སྟེས་དབང་གི་མཇལ་འཕྲད།

ན་ནིང་ལོ་སྟོད་ནས་བཟུང་བོད་སྨན་ལྟར་ན་མཁལ་འགྲམས་རྐང་འབམ་དང་། ནུབ་ལུགས་གསོ་རིག་ལྟར་ན་སྐེད་ཚིགས་བྱེར་འགྲམས་རྐྱེན་གྱིས་དབང་རྩ་མནན་ཏེ། ལུས་སྨད་ཡན་ལག་གི་དབང་རྩ་སྦྲིད་པའི་ནད་རྟགས་ཐོན་པས་སྐམ་ཁབ་ཡུན་རིང་བརྒྱབ་པ་དང་། སྨན་འདྲ་མིན་བསྟེན། ལུམས་དང་བྱུགས་པ་སོགས་བྱས་ཀྱང་དྲག་སྐྱེད་མ་བྱུང་བས། མཐར་རྒན་མོ་ཁྱིས་འདེད་པའི་གྲལ་མགོའི་དཔེ་ལྟར། འུ་ཐུག་ནས་སྤྱི་ཟླ་དགུ་པའི་ཚེས་ཤར་ལ་སྟེས་དབང་གིས་ཆུ་ཚན་གྲགས་ཅན་དེར་འགྲོ་དགོས་བྱུང་།

སྤྱི་ཟླ་དགུ་པ་ནི་བོད་ཀྱི་ཡུལ་ན་སྟོན་འབྲས་སྨིན་ནས་ས་ཞིང་ཚང་མ་གསེར་མདོག་ཅན་དུ་གྱུར་ནའང་། བྱང་ཐང་ཕུད་པའི་རི་ཀླུང་སྔར་བཞིན་སྔོ་ལྗང་ལྗང་གི་སྐྱིད་སྣང་ཤིན་ཏུ་དོད་པའི་སྐབས་ཡིན་ཞིང་། ས་བབ་མཐོ་ཚད་སྨི་ལྔ་སྟོང་ཙམ་ཟིན་པའི་ཕུ་མ་གཡུ་མཚོའི་གཡས་གཡོན་དང་། སྨོན་མདའ་ལའི་ལ་སྐེད་ཀྱི་སྤང་མདོག་ཀྱང་མངོན་གསལ་འགྱུར་མི་འདུག སྐྱིད་ཆུའི་ལུང་གཞུང་དུ་བཙས་མ་བརྔས་ཟིན་ནའང་ལམ་བར་གྱི་ཡར་འབྲོག་གཞུང་དང་། ལྷོ་བྲག་གཞུང་དུ་ས་ཞིང་ཡོངས་རྫོགས་སྨིན་ནས་བཙས་མ་སང་རྔ་གནངས་རྔའི་སྐབས་སུ་བབ་འདུག་པས། ལོ་ལེགས་ཀྱི་རྣམ་པ་དང་སྟོན་ཉམས་ཤིན་ཏུ་དོད།

གངས་ཅན་དབུས་འགྱུར་ལྷ་ལྡན་གྲོང་ནས་སྤྱི་ལེ་སུམ་བརྒྱ་བདུན་ཅུ་ལྷག་ཙམ་གྱིས་ཆོད་པའི་ལྷ་བབས་ཆུ་ཚན་ནི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་དང་ལྷོ་བྲག་མར་པ་ལོ་ཙཱའི་དབང་གིས་གྲགས་པ་ཀུན་ཏུ་ཁྱབ་པའི་སྲས་མཁར་དགུ་ཐོག་ནས་སྲས་ཆུ་དེད་དེ་ཕུ་རུ་སྤྱི་ལེ་ཉི་ཤུ་སོང་མཚམས་འབྱོར་གྱིན་ཡོད།

ལྷོ་བྲག་ལ་ཡུལ་སྐད་ལ་ལར་ལྷོ་དབྲག་ཟེར་ཞིང་། ལོ་རྒྱུས་ཡིག་ཆ་དང་སྔོན་བྱོན་གྲགས་ཅན་མི་སྣའི་རྣམ་ཐར་ནང་ལྷོ་བྲག་ཅེས་བྲིས་ཡོད་པ་མ་གཏོགས། ལྷོ་དབྲག་ནི་དོན་ལ་གནས་པ་ལྟ་བུར་མཐོང་སྟེ། བརྗིད་ལ་མཛེས་པའི་སྐུ་ལྷ་གངས་རིའི་འདབས་སུ་ཆགས་པའི་རི་ཞིང་ཤང་ཁོངས་སུ་ས་བདེ་མོ་སྣམ་བུ་གདན་དུ་བཏིང་བ་ཙམ་ཡོད་པ་ལས། དེ་འཕྲོས་ཡུལ་ལུང་ཚང་མ་རི་མཐོ་ལ་འཕྲང་དོག་པ་དང་། ལྷོ་བྲག་གི་ཡུལ་ལུང་ཚང་མར་ཡུར་བུ་ལྟ་བུའི་རི་བོའི་དབྲག་ནས་བཞུད་དགོས་པས། ཤེས་ཡོན་པའི་སྡེས་མཁས་ཉམས་ཀྱིས་ལྷོ་བྲག་ཅེས་ཡིག་ཐོག་ཏུ་བཀོད་པ་ལས། དོན་དུ་ལྷོ་ངོས་ཀྱི་རི་བོ་ཧི་མ་ལ་ཡའི་རི་དབྲག་ཏུ་ཆགས་པའི་ཡུལ་དུ་གོ་བ་ནི་རྩོད་མེད་དུ་མཐོང་། འོན་ཀྱང་དུས་དེང་སང་མི་མང་པོ་ཞིག་གིས་ལྷོ་བྲག་ལ་ལོ་ཀྲ་ཟེར་བ་དང་། ལྷུན་རྩེ་ལ་ལུང་ཙི། སྣ་དཀར་རྩེ་ལ་གླང་ག་ཙེ་ཟེར་ན་ཡིན་ཤག་ཤག་དང་ཧ་ལམ་སྒྲ་དག་པར་ངོས་འཛིན་པས། དུས་ནི་མི་འགྱུར་མི་རྣམས་འགྱུར་བས་ལན་ཞེས་པ་ལྟར། དེ་ཡང་མ་འོངས་པའི་འཕེལ་ཕྱོགས་སུ་ངེས་པས་ཨུ་ཚུགས་ཀྱིས་བཅོས་པ་ཡང་མཛུབ་མོས་གནམ་ཕིགས་འདོད་པ་ཙམ་དུ་ཟད།

ལྷོ་བྲག་གི་མཐིལ་དུ་གནས་པའི་ལྷ་བབས་ཆུ་ཚན་ལ་ཡང་ཤེས་ཡོན་པའི་སྡེ་དང་དམངས་ཁྲོད་དུ་མིང་འདོགས་སྟངས་མི་འདྲ་བ་གསུམ་ཙམ་མཆིས་ཏེ། ལྷོ་ཁའི་སྨན་རྩིས་ཁང་གི་ལྷ་རྗེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བརྩམས་གནང་བའི་ལྷོ་ཁ་ཁུལ་གྱི་ཆུ་ཚན་ངོ་སྤྲོད་ནང་། ཆུ་ཚན་དེའི་གནས་ཡིག་ལ་གཞི་བཅོལ་ནས་ལྷག་བུ་ཆུ་ཚན་ཞེས་བྲིས་ཡོད་པ་དང་། དམངས་ཁྲོད་དུ་སྒྲ་ཟུར་ཆག་པའི་སྒོ་ནས་ལྷ་བུ་ཆུ་ཚན་ཞེས་འབོད། ཆུ་ཚན་གྱི་གནས་ཡིག་ནང་དུའང་། ང་ལས་ལྷག་པའི་ལྷག་བུ་ཆུ་ཚན་འདི། འགྲོ་བ་ནད་པ་རྣམས་ཀྱི་དཔལ་དུ་ཤར། ཞེས་སློབ་དཔོན་རིན་པོ་ཆེའི་ལུང་བསྟན་ཡིན་ལུགས་བསྟན་ཡོད་པས་ལྷག་བུ་ཞེས་པ་དོན་ལ་གནས་ཆེ་བར་སྙམ། འོན་ཀྱང་ཆུ་ཚན་དེ་སླར་གསོ་བྱེད་པར་མཛད་རྗེས་ལྷག་ཏུ་ཆེ་བ་དང་། ཆུ་ཚན་དེར་རྒྱུས་མངའ་ཆེ་བའི་ཚེ་རིང་ནོར་བུ་ལགས་ཀྱི་འདོད་ཚུལ་ལྟར་ན། དེ་ནི་གོང་མ་ལྷ་ལས་བབས་པའི་ཆུ་ཚན་ཡིན་པས་ལྷ་བབས་ཆུ་ཚན་ཞེས་བོས་ན་ཡང་དག་པར་ངོས་འཛིན་བྱེད། 

ཡང་དཔེར་ན་སྐད་གྲགས་ཆེ་བའི་ཁམ་བུ་ཆུ་ཚན་ལ་ཡང་ལུང་བསྟན་ལྟར་ན། སྦས་ཡུལ་སྨན་བུ་ལུང་ཞེས་བྱ་བ་ན། རི་ཡི་རྒྱལ་པོ་སྐུ་གསུམ་ལྷུན་གྲུབ་ལ། རི་བོ་དེ་ཡི་གཡས་ཕྱོགས་རྫ་ལྗོངས་ན། ནད་རིགས་བཞི་བརྒྱ་རྩ་བཞི་སེལ་བ་ཡི། ཚ་ཆུ་གྲང་ཆུའི་རིགས་ནི་དཔག་མེད་ཡོད། ཅེས་འཁོད་ནའང་ཡོངས་གྲགས་སུ་ཁམ་བུ་ཆུ་ཚན་ཞེས་འབོད་པ་དང་མཚུངས། ད་ཆ་ཆུ་ཚན་དེའི་བྱང་བུ་ཡོངས་རྫོགས་ལ་ལྷ་བབས་ཆུ་ཚན་ཞེས་བྲིས་ཡོད་པས། མིང་འདོགས་བདག་པོའི་རྗེས་སུ་འགྲོ་དགོས་པའི་རྩ་དོན་ལྟར་འདིར་ཡང་ལྷ་བབས་ཆུ་ཚན་ཞེས་འདོགས་པར་བྱའོ༎།

ཉེ་བའི་ལོ་ཤས་ནང་ཁོ་བོ་ལྷོ་ཁ་དང་། གཞིས་རྩེ། མངའ་རིས། ཉིང་ཁྲི་སོགས་རྒྱ་བལ་འབྲུག་གསུམ་དང་ས་འབྲེལ་གྱི་མཐའ་མཚམས་ཁུལ་དུ་གསར་འགྱུར་འགོད་པར་སོང་མྱོང་ཞིང་། སྲིད་གཞུང་གིས་མཐའ་མཚམས་ཀྱི་མི་སེར་སྡོད་ཁང་དང་རྨ་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་ཚད་མེད་བརྒྱབ་སྟེ་གཞུང་ལམ་ཡོངས་རྫོགས་སྣུམ་ནག་གཞུང་ལམ་དུ་བཟོས་པ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་།  མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་མཐའ་སྣེའི་མི་སེར་གྱི་སྡོད་ཁང་ཡོངས་རྫོགས་ལྕགས་རྩིབས་ཨར་འདམ་ལས་བསྐྲུན་པའི་ཐོག་ཁང་ཆུང་ཆུང་ལ་བསྒྱུར་བཀོད་ཟིན་ཅིང་། 2019ལོའི་ལོ་སྨད་དུ་སྲས་མཁར་དགུ་ཐོག་ནས་ལྷ་བབས་ཆུ་ཚན་བར་གྱི་སྣུམ་ནག་གཞུང་ལམ་དངོས་སུ་བཟོས་གྲུབ་ནས་ད་ཆ་འཁོར་རིགས་ཤར་གཏོང་ཐུབ་ཀྱིན་ཡོད།

དེ་ཉིན་ཞོགས་པའི་ཆུ་ཚོད་བདུན་པར་བཟའ་ཟླ་དང་མཉམ་དུ་རང་འཁོར་བཏང་སྟེ་ལྷ་ལྡན་ནས་རྡོག་ཐོན་བྱས། མྱུར་ཚད་ཚོད་འཛིན་དམ་པའི་གམ་པ་ལ་དང་ཡར་འབྲོག་གཡུ་མཚོའི་འགྲམ་ངོགས་བརྒྱུད་སྣ་དཀར་རྩེ་བར་ཆུ་ཚོད་གསུམ་ལྷག་ཙམ་འགོར། དེ་ནས་ལྷོ་བྲག་རྫོང་མཁར་བར་མྱུར་ཚད་ཚོད་འཛིན་དམ་པོ་མེད་པ་དང་ལམ་ཐག་རིང་པོ་དེ་ཙམ་མེད་པས། རྔོས་ཐབ་སྟེང་གི་རྫ་སླང་མཐིལ་ལྟར་དམར་བའི་ས་འཛིན་གྱི་འདབས་སུ་ཆགས་པའི་ལྷོ་བྲག་རྫོང་མཁར་དུ་ཉིན་གུང་ཡོལ་ཙམ་ལ་འབྱོར་ཏེ་ལྟོ་ཆས་སྟབས་བདེ་ཞིག་ཟོས། རླངས་འཁོར་ལའང་སྣུམ་བླུགས། དེ་ནས་གཙང་འགྲམ་དུ་ཆགས་པའི་འཕྲང་ལམ་དེད་ནས་མུ་མཐུད་ལྷོ་ངོས་སུ་གང་ཙམ་སོང་རྗེས། ལྷོ་བྲག་གཙང་པོ་དང་སྲས་ཆུ་སྔོན་མོ་འདྲེས་སའི་མདོ་རུ་འབྱོར། དེ་ནས་ཁ་ནུབ་ཏུ་ཕྱོགས་ནས་གྱེན་དུ་སོང་བ་ན་ཡུན་རིང་མ་སོང་བར་སྲས་མཁར་དགུ་ཐོག་ཏུ་སླེབས། རྗེ་བཙུན་མི་ལ་ལྷོ་བྲག་གྲོ་བོ་ལུང་དུ་བ་ཞུགས་པའི་རྣམ་ཐར་ནི་ཀློག་པ་པོ་ལ་བག་ཆགས་ཟབ་ཤོས་ཀྱི་ལེའུ་དེ་ཡིན་ཞིང་། ཁོ་བོ་ཐེངས་དང་པོར་སྲས་ཟམ་པ་བརྒལ་ནས་འཕྲང་ལམ་བརྒྱུད་དེ་འགྲོ་སྐབས། ལོ་ངོ་དགུ་བརྒྱའི་སྔོན་ལ་སྣམ་བུའི་ཕྱུ་པ་དམར་སང་སང་ཞིག་གྱོན་པའི་ཡུལ་ལ་སྟོད་ཕྱོགས་ནས་ཡོང་བའི་བརྩོན་འགྲུས་ཅན་གྱི་སྐྱེས་མཆོག་དེ་བོང་བུ་ལག་གཅིག་དེད་པའི་འགྲུལ་པ་ཁ་ཤས་དང་ལྷན་དུ་ཐོས་པ་ཙམ་གྱིས་དད་སྣང་འཁྲུངས་པར་བྱེད་པའི་བླ་མ་མར་པ་ལ་དམིགས་ནས། ད་ལྟ་ད་ལྟ་སླེབས་ན་ཅི་མ་རུང་དགོངས་བཞིན་ཕེབས་བཞིན་པའི་རྒྱབ་གཟུགས་རབ་རིབ་ཅིག་མིག་ལམ་དུ་འཆར། འོན་ཀྱང་རྗེས་སུ་རྒྱུས་ལོན་བྱེད་སྐབས། སྐབས་དེར་ཆུ་གཞུང་གི་འཕྲང་རོང་དུ་རི་དྭགས་ཙམ་ལས་འགྲུལ་པ་ཐར་ས་མེད་པར་ཚང་མ་ལ་བརྒྱབ་ནས་འགྲོ་དགོས་ཤིང་། རྗེ་བཙུན་མི་ལ་ལྷོ་བྲག་གྲོ་བོ་ལུང་དུ་ཕེབས་སྐབས་ཀྱང་ལ་བརྒྱབ་སྟེ་ཕེབས་པ་དང་། ཞལ་ངོ་ཆུ་ཚན་བྱང་ངོས་ཀྱི་རི་འཛེགས་ན་གཞི་ནས་ཕྱག་འཚལ་ལ་རུ་འཛེགས་ཀྱིན་ཡོད་པ་ཤེས། 

སྲས་མཁར་དགུ་ཐོག་ཏུ་སླེབས་སྐབས་དེ་གའི་འཁྲུག་ཆ་དོད་པ་ཚོང་འདུས་གྲོང་སྡེ་དེ་ཉིད་ས་ཡོམ་དྲག་པོ་ཞིག་གི་རྡབ་རྡེག་ཕོག་མ་ཐག་པ་བཞིན་གྱང་རོར་གྱུར་བ་དང་། དབའ་ཅིས(ས་སྔོག་འཕྲུལ་འཁོར)བང་སྒྲིག་པའི་ལྗིད་ཐེག་རླངས་འཁོར་ནང་ས་རོ་རྡོ་རོ་ལྡུག་བཞིན་འདུག འོན་ཀྱང་དེ་ནི་ས་ཡོམ་གྱིས་གཏོར་སྐྱོན་ཕོག་པ་མ་ཡིན་པར། དེ་གར་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་སྟ་གོན་ལ་རེམ་བཞིན་ཡོད་པ་རྗེས་སུ་ཤེས། གཞེས་ནིང་ལོར་ལྷ་ཁང་ཤང་དུ་འབྱོར་སྐབས། དེ་གའི་མི་སེར་གྱི་ཁང་རྙིང་དག་ཀྱང་བཤིག་ནས་བཟོ་ལྟ་གཅིག་མཚུངས་དང་། མི་རེའི་ཆ་སྙོམས་རྒྱ་ཁྱོན་གཅིག་མཚུངས། བཀོད་པ་གཅིག་གྱུར་བཅས་ཀྱི་ཨར་འདམ་ལྕགས་རྩིབས་མའི་མཚར་དུ་དངར་བའི་སྡོད་ཁང་སྐྲུན་བཞིན་མཆིས། ལོ་གཉིས་སོང་རྗེས་འདི་གར་འབྱོར་བའི་ཚེ། སྲས་མཁར་དགུ་ཐོག་ཕུད་པའི་བཟོ་ལྟ་དང་བཀོད་པ་གཅིག་མཚུངས་ཀྱི་ཨར་འདམ་ལྕགས་རྩིབས་མའི་སྡོད་ཁང་སྟར་པ་མང་པོ་ཀྲོང་ངེར་བསླངས་པ་མིག་ལམ་དུ་འཆར་ཐུབ་པས། ལོ་ཤས་སྲས་མཁར་དགུ་ཐོག་ཏུ་སླེབས་མ་མྱོང་བའི་འགྲུལ་པར་མཚོན་ན་དེ་གའི་གནམ་ས་གསར་དུ་འབྱེད་པའི་སྣང་བ་སྟེར་སྲིད།

ནད་ཅན་ལ་མཚོན་ན་ཡུལ་ལྗོངས་ལ་མྱོང་རོལ་དང་། གནས་བྱིན་ཅན་མཇལ་བ། གནས་ཚུལ་ཤེས་རྟོགས་བྱེད་བློ་བཅས་ཅི་ཡང་མེད་པར། བདག་ཉིད་ཀྱི་དམིགས་ས་ཆུ་ཚན་དུ་ད་ལྟ་ད་ལྟ་སླེབས་ནས་ཆུ་ཚན་རྒྱག་བློ་ཁོ་ན་ལས་མེད་པས། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་གཞི་ནས་ལྷ་བབས་ཆུ་ཚན་ཁར་འབྱོར། དེ་སྔོན་ཁོ་བོའི་བསམ་བློའི་ནང་ལྷ་བབས་ཆུ་ཚན་དེ་བཞིན་ཁ་ཤར་ལྟའི་རི་ལྡེབས་ཤིག་ཏུ་ཡོད་པ་ལྟར་བློས་བསླངས་བྱས་མྱོང་མོད། བྱ་དངོས་གང་རུང་མིག་མཐོང་ལག་ཟིན་མ་བྱུང་བར་གྱི་ཚོད་དཔག་ནི་གནད་ལ་འཁེལ་ཚད་ཤིན་ཏུ་དམའ་བ་ཡིན་པའི་གནས་ལུགས་ལས་མ་འདས། དེ་གར་དངོས་སུ་སླེབས་སྐབས། དེ་ནི་བྲག་རི་ཁ་སྦྱོར་གྱི་བར་ནས་རྦ་རླབས་ཆལ་ཆིལ་དྲག་ཏུ་རྒྱུག་པའི་གཙང་ཆུ་སྔོ་ནག་ཅིག་གི་ངོགས་སུ་ཆགས་ཡོད་པས། གལ་ཏེ་ཞག་ཤས་བསྡད་དེ་འདྲིས་གོམས་མ་བྱུང་བ་དང་ཆུ་ཚན་མ་བརྒྱབ་གོང་ལ། མཐོང་བ་ཙམ་གྱིས་དད་སྣང་སྟེར་བ་ཞིག་འདུག་ཅེས་སྨྲས་ན་རྫུན་ཚིག་ཏུ་འགྲོ། 

ད་ཆ་དེ་གར་མགྲོན་ཁང་ཐོག་སོ་ལྔ་ཅན་ཞིག་དང་། ཐོག་སོ་གསུམ་ཅན་ཞིག ཆུ་རྫིང་ཁར་མགྲོན་ཁང་ཆུང་ཆུང་དུ་མ་ཡོད་པས། ཐེངས་གཅིག་ལ་མི་བཞི་བརྒྱ་ཙམ་སྣེ་ལེན་བྱེད་ཐུབ་པར་མ་ཟད། ད་དུང་ཟ་ཁང་དང་། ཚོང་ཁང་། སྤྱི་བདེ་མངགས་གཏོང་ཁང་། མཐའ་སྲུང་ཞིབ་བཤེར་ས་ཚིགས་སོགས་རྣམ་གྲངས་དང་སྒྲིག་བཀོད་འཛོམས་པོ་ཡོད་མོད། ལོ་བཅུ་གྲངས་གོང་ལ་མི་མང་པོ་ཞིག་གིས་གྲོ་མོའི་ཁམ་བུ་ཆུ་ཚན་ཤེས་པ་ལས་ལྷ་བབས་ཆུ་ཚན་ཤེས་མཁན་ཉུང་།

ལྷ་བབས་ཆུ་ཚན་ལ་ཤིན་ཏུ་རྩ་ཆེ་བའི་རྡོ་ཡིག་ཅེས་རྡོ་བརྐོས་གནས་ཡིག་ཡོད་ནའང་། ཆུ་ཚན་དེ་ཆགས་ས་མཐའ་མཚམས་མི་མེད་ལུང་སྟོང་ཡིན་པ་དང་། ས་ཐག་རིང་ལ་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་ཞིང་། སྐབས་ཤིག་རིང་འཐབ་རྩོད་དང་ལྷ་མེད་སྨྲ་བའི་བརྡབ་གསིག་དང་གཏོར་བཤིག་ཕོག་ནས་ལོ་མང་རིང་ཆུ་ཚན་རྒྱག་མཁན་མེད་ལ། འཛུགས་སྐྲུན་དང་བདག་སྐྱོང་བྱེད་མཁན་དེ་བས་མེད་པར་ལུས་པས། གནས་ཡིག་དང་ངག་རྒྱུན་ནང་ཆུ་མིག་བརྒྱ་དང་བརྒྱད་ཡོད་པར་གྲགས་པའི་ཆུ་ཚན་དེ་ཉིད་ཉམས་རྒུད་ཆེན་པོ་སོང་ནས། བེད་སྤྱོད་རུང་བའི་ཆུ་མིག་གཉིས་གསུམ་ཙམ་ལས་མ་ལྷག་པར། ཐ་ན་ཡུལ་ལུང་དེ་གའི་མིས་ཀྱང་སྣང་ཆེན་དང་བེད་སྤྱོད་མི་བྱེད་པ་དང་གསལ་པོ་མི་ཤེས་པའི་སྦས་ལུང་ཞིག་ཏུ་གྱུར།

ལྷ་སའི་སྨན་རྩིས་ཁང་དུ་ལུམས་རྒྱག་སྐབས་ནད་གྲོགས་ཤིག་ཡོད་པ་དེ་ལོ་ཤས་གོང་ལྷ་བབས་ཆུ་ཚན་ལ་སོང་མྱོང་བས་རྒྱུས་མངའ་ཆེ་ཙམ་མཆིས། ཁོང་གིས་ངེད་གཉིས་འགྲོ་ཁར་སྡོད་ས་མགྲོན་ཁང་ཆེ་བར་སྡོད་མི་རུང་བར་ཆུ་རྫིང་དང་ཐག་ཉེ་བའི་འགྲུལ་ཁང་དུ་སྡོད་དགོས་ལུགས་ཀྱི་མངགས་ཆ་བྱས་བྱུང་། ངེད་གཉིས་ཆུ་ཚན་དུ་ཐོན་སྐབས་ནི་ཏག་ཏག་སྟོན་མགོ་ཚུགས་ནས་ཆུ་ཚན་རྒྱག་པའི་ནམ་དུས་མགོ་ཚུགས་པ་དང་། ལྷག་པར་དུ་སྐར་མ་རི་ཥིའི་དུས་ཚོད་ཟིན་ལ་ཉེ་བས་སྡོད་གནས་དཀོན་པོ་ཡོད་སྐོར་ཐོས། སེམས་རྩ་ཁོལ་བའི་གྲོགས་པོ་མཚོ་སྣ་བ་ཟླ་བ་ལགས་ཀྱིས་ངོ་ཤེས་བརྒྱུད་ནས་སྡོད་ཁང་ཞིག་མངགས་ཤིང་། ཁང་རིན་ལ་འཛེམ་དགོས་མེད་པའི་བློ་ཤེད་ཀྱིས་ཟླ་བ་ལགས་བརྒྱུད་ཆུ་རྫིང་ཁའི་ཁང་པ་ཞིག་སྔོན་མངགས་ཀྱིས་བཟུང་དགོས་པ་དང་། ང་ཚོ་མ་འབྱོར་གོང་གི་ཁང་རིན་འབུལ་ཆོག་ཅེས་མངགས་ནའང་། ནམ་དུས་དེར་སུ་སྔོན་ལ་འབྱོར་ན་སུ་འཛུལ་ཆོག་པ་ལས་ཁང་པ་སྔོན་མངགས་མི་ཆོག་པའི་སྐོར་ཐོས། དེ་གར་འབྱོར་སྐབས། ལོ་གཉིས་གོང་ལ་ལྷོ་བྲག་རྫོང་གཞུང་ཕྱོགས་ཀྱིས་མ་དངུལ་སྒོར་ཁྲི་ཉིས་སྟོང་ལྔ་བརྒྱ་བཏང་བའི་མགྲོན་ཁང་ཐོག་སོ་ལྔ་ཅན་ཞིག་བརྒྱབ་སྟེ། ན་ནིང་ནས་བཟུང་གཉེར་སྐྱོང་བྱེད་མགོ་ཚུགས་པས། ཆུ་རྫིང་དང་ཁད་ཉེ་བའི་ཁང་པ་མེད་པ་ལས་མགྲོན་ཁང་ནང་ཁང་པ་འདེམ་རྒྱུ་འདུག མིའི་སྒལ་པ་ལེབ་ལེབ་ཀྱི་དཔེ་ལྟར། གཅིག་ནས་མི་གཞན་གྱི་ས་ནས་ཐོས་པའི་སྐད་ཆས་ཤུགས་རྐྱེན་ཐེབས་པ་དང་། གཉིས་ནས་དེ་དུས་གོམ་པ་སྤོ་བར་དཀའ་ངལ་ཡོད་པས་མགྲོན་ཁང་བཀོད་སྒྲིག་བྱེད་མཁན་ཕོ་གསར་དེ་ལ་ཆུ་རྫིང་དང་ཐག་ཉེ་བའི་ཁང་པ་ཞིག་བཀོད་སྒྲིག་ཡོང་བའི་རེ་བ་ཞུས། ཕོ་གསར་དེས་ཐོ་དེབ་ལ་བལྟས་རྗེས་འོ་ན་གཤམ་གྱི་ཐོག་སོ་གསུམ་ཅན་མགྲོན་ཁང་གི་ཐོག་སོ་དང་པོའི་ཁང་པ་ཉལ་ཁྲི་བཞི་ཅན་ཞིག་གི་ནང་ད་ལྟ་གྲྭ་རྐྱང་ཞིག་ཡོད་པ་དེ་དང་མཉམ་དུ་སྡོད་ཟེར། ལག་པར་དངུལ་ཕྲན་ཙམ་ཡོད་ན་སྤོབས་སེམས་གཞན་ལས་མཐོ་བ་དང་། བདག་ཉིད་སྐྱིད་འདོད་ཀྱི་སྒེར་སེམས་གཞན་ལས་ཆེ་བས། འོ་ན་ཉལ་ཁྲི་ལྷག་མ་དེ་ང་ཚོས་གཙང་གླས་བྱ་ཆོག་གམ་ཞེས་དྲིས། ཕོ་གསར་དེས། དེ་ལྟར་དངུལ་ཡོད་པ་དང་ངོ་ཤེས་ཡོད་པ་ཚོས་ཁང་པ་གཙང་གླས་བྱེད་པ་དང་། ཡང་ན་སྔོན་མངགས་བྱས་ཏེ་བཟུང་ན། ནད་པ་གཞན་དག་ལ་སྡོད་གནས་མེད་པར་འགྱུར་ངེས་ཤིང་། ཆུ་ཚན་དུ་ཡོང་མཁན་ནད་པ་ཚང་མར་སྡོད་གནས་རག་པའི་འགན་ལེན་བྱ་རྒྱུ་དེ་ང་ཚོའི་སྦྱིན་བདག་ལགས་ཀྱི་ཐོག་མའི་བསམ་འདུན་ཡིན་པས། ནད་པ་འབྱོར་ཏེ་སྡོད་གནས་མེད་ཕྱིན་དེའི་ནང་མི་བཀོད་སྒྲིག་མི་བྱ་ཀ་མེད་རེད་ཅེས་ཐག་ཆོད་པོས་སྨྲས།

ངེད་གཉིས་ཀྱིས་ཅ་དངོས་ཉལ་ཁྲི་བཞི་ཅན་དེའི་ནང་དབོར་རྩིས་བྱེད་སྐབས། ཁམས་ཀྱི་གྲྭ་པ་གཟུགས་རིང་ཞིག་དེ་གར་བསྡད་ཡོད་པ་དང་། ཁོང་རང་གཅིག་པུ་ཡིན་པས་ཁང་པའི་ནང་ཅ་དངོས་གང་སར་བཀྲམ་འདུག གྲོང་ཁྱེར་ནང་གི་འཚོ་བ་སྟབས་བདེ་བ་དང་། ལས་ཁུངས་ཡོད་པའི་དྲིན་གྱིས་ས་ཕྱོགས་གང་དུ་སོང་ནའང་མགྲོན་ཁང་དུ་སྡོད་རྒྱུར་གོམས་པའི་ཁར། ད་ཐེངས་ཆུ་ཚན་རྒྱག་པ་ནི་ཉིན་གཅིག་གཉིས་ཙམ་མ་ཡིན་པ་དང་། བཟའ་ཟླ་ཉལ་ལངས་སྐབས་གྲྭ་པ་ཞིག་གི་མདུན་དུ་སྟབས་མི་བདེ་བ། ད་དུང་ཉིན་རེའི་ལྟོ་དུས་གསུམ་དེ་གར་བཟོ་དགོས་པས། བལྟས་པ་ཙམ་གྱིས་ཁང་པ་བློ་ལ་མ་བབས་པས། བཟའ་ཟླར་འདི་ནས་མགྲོན་ཁང་བར་གོམ་པ་བརྒྱ་ཙམ་ལས་མེད་པས་མི་སྟོ། མགྲོན་ཁང་དུ་གནས་བཟོད་བདེ་བ་རེད་ཅེས་ཡང་བསྐྱར་ཁང་པ་བརྗེ་བར་བཏང་། སྒེར་སེམས་དང་བདག་འཛིན་མེད་པའི་གང་ཟག་དཀོན་པས། བཟའ་ཟླ་མགྲོན་ཁང་ཐོ་འགོད་བྱེད་སར་སླེབས་སྐབས། གྲྭ་པ་གཟུགས་རིང་དེ་ཡང་དེ་གར་སླེབས་ནས་ཁང་པ་བཀོད་སྒྲིག་བྱེད་མིར་ངའི་ཁང་པའི་ནང་མི་གསར་པ་བཀོད་སྒྲིག་བྱེད་དོན་ཅི་ཡིན་ཞེས་ཡུས་བཤད་སོང་ཟེར། དེ་ནི་བླ་མའི་ཐུགས་ལའང་མི་འདུག དཔེ་ཆའི་ནང་ལའང་མི་འདུག་ཟེར་བའི་དཔེ་རུ་སོང་། ཉིན་ཤས་སོང་རྗེས་གྲྭ་རྐྱང་ཁོང་ཡང་ཁང་པ་དེའི་ནང་གཅིག་པུར་བཞུགས་སྐལ་མ་ཐོབ་པར་བུད་མེད་དར་མ་གསུམ་ཁོང་དང་མཉམ་དུ་བཀོད་སྒྲིག་བྱས་འདུག་པས། སྦྱིན་བདག་ལགས་ཀྱི་རྩ་དོན་དེ་མི་ཚང་མར་ལག་བསྟར་བྱེད་ཀྱིན་ཡོད་པ་རྟོགས། 

གོ་ཐོས་ལ་ཁམ་བུ་ཆུ་ཚན་དུ་བོད་ལུགས་སྨན་པ་ཞིག་གཏན་འཇགས་ཡོད་པ་དང་། ཆུ་ཚན་མ་བརྒྱབ་གོང་སྨན་པར་བསྟེན་ནས་ཆུ་ཚན་རྫིང་བུ་གང་ཞིག་ཏུ་སྦང་དགོས་མིན་དང་། ཇི་ལྟར་སྦང་དགོས་མིན་གྲོས་དྲིས་རྗེས་གཞི་ནས་སྦང་ཆོག་པ་དང་། དེ་བཞིན་ཆུ་ཚན་ལ་ལར་སྔོན་ལ་ཆུ་ཚན་གྱི་ཆུ་ཕོར་པ་གང་བཏུང་རྗེས་གཞི་ནས་སྦང་དགོས་པ་ལྟ་བུའི་ལུགས་སྲོལ་མང་པོ་ཞིག་ཡོད་ཀྱང་། ཁོ་བོ་ད་བར་སྟོད་ལུང་ཆུ་བཟང་ཆུ་ཚན་དུ་ཉིན ་ལོག་ལ་ཐེངས་གཉིས་སོང་མྱོང་བ་ལས་ནད་ལ་དམིགས་པའི་ཆུ་ཚན་དུ་རྒྱག་པར་སོང་མ་མྱོང་། ཁམ་བུ་ཆུ་ཚན་གྱི་གནས་ཡིག་ཅིག་ལག་ཏུ་ཡོད་ཀྱང་ཆབ་གཅིན་མ་བྲོ་ན་གསང་སྤྱོད་མི་དྲན་པའི་དཔེ་ལྟར། ད་བར་ལྟ་ཁོམ་གཏན་ནས་མ་བྱུང་། དེ་བཞིན་ལྷོ་ཁའི་ལྷ་རྗེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལྷོ་ཁའི་ཆུ་ཚན་སྐོར་གྱི་གསལ་བཤད་དེབ་གཅིག་བརྩམས་ཡོད་པ་དེ་ཡང་ཞིབ་ཕྲར་མཇལ་ཁོམ་མ་བྱུང་ལ། སྐབས་འཕྲལ་འཚོལ་ཁོམ་ཡང་མ་བྱུང་ཞིང་། གཅིག་བྱས་ན་ལྷ་བབས་ཆུ་ཚན་དུའང་སྨན་པ་ཞིག་ཡོད་སྲིད་སྙམ། འོན་ཀྱང་དེ་གར་སྨན་པ་མེད་ལ། རྗེས་སུ་ངོ་ཤེས་པའི་ཆུ་བདག་ཀྱང་མ་འཕྲད། ནད་གཞི་དོད་དྲག་པས་ཉིན་དེ་རང་ལ་ཆུ་ཚན་དུ་སྦང་རྒྱུའི་སེམས་འཚབ་ཀྱིས་མགྲོན་ཁང་གི་ཐོ་འགོད་མི་ཕོ་གསར་དེ་ལ་ཆུ་ཚན་སྦོང་སྟངས་སྐད་ཆ་འདྲི་སྐབས་ཁོང་ལའང་དེ་སྐོར་ཞིབ་ཆ་ཤོད་རྒྱུ་མེད་པར་ཆུ་རྫིང་ཁར་ཆུ་རྫིང་བདག་དམ་པ་ཞིག་ཡོད་པ་ཁོང་ལ་དྲིས་དང་གསལ་ཆ་ཆེ་ཟེར། གསལ་ཤོས་ནི་ཤར་ཕྱོགས་བཙུན་མོ་འོར་ཞེས་ཆུ་རོང་གི་མཐིལ་དུ་གནས་པའི་རྡོ་རྗེ་ཕག་མོའི་བྷ་གའི་འབབ་ཆུའམ། ཁྲག་ཤེད་སྙོམས་སྒྲིག་ཆུ་ཚན་ཞེས་པ་དེར་འདག་རྫས་བརྒྱབ་སྟེ་ལུས་པོ་གཙང་མར་བཀྲུས། ཆུ་རས་དང་ཨ་ཅོར་གཙང་མར་བརྗེས་རྗེས་གཞི་ནས་ཆུ་རྫིང་གང་རུང་ནང་རང་དགར་སྦང་ཆོག་པ་དེའོ།། རྒྱུན་གོས་ཕུད་ནས་ཉལ་ཕྱུ་དང་འདྲུད་ལྷམ་བརྗེས། ཨ་ཅོར་གཙང་མ་གྲ་སྒྲིག་བྱས། འཁར་བ་ཐོགས་ཏེ་གྱོལ་མ་ལྡིང་གིས་ཆུ་ཚན་སྦང་མི་ཐ་ཐོར་ཡོད་པའི་ཆུ་རྫིང་མང་པོ་ཞིག་གི་འགྲམ་བརྒྱུད་དེ་ལ་ཆུང་ཞིག་བརྒྱབ། འཕྲང་ཆུང་ཞིག་བརྒལ། བྲག་རི་མཐོན་པོ་ཟངས་མདོག་དཔལ་རིའི་རི་རྩ་དང་གཙང་འགྲམ་དུ་གནས་པའི་ཆུ་མིག་གྲགས་ཅན་དེའི་གམ་དུ་འབྱོར། ཞེང་ཆུ་རྐ་ཆེ་ཙམ་གཅིག་དང་མཉམ་པའི་ཆུ་མིག་དེ་ནི་བྲག་རི་གཡང་གཟར་ཅན་དེའི་བྲག་སྐེད་ནས་ཐོལ་གྱིས་ཐོན་པ་དང་། བྲག་རྡོ་འབུར་པོ་ཞིག་གི་རྩེ་ནས་སྐྱ་ཆིལ་ཆིལ་དུ་བབས་ཤིང་།ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་ཕུག་ཅེས་པ་ལྟར།བྲག་རྡོ་འབུར་པོ་དེའི་ཟུར་སྒང་དུ་ཆུ་རྒྱུན་གྱིས་ཤུར་འཐེན་ཡོད་པ་ནི་བུད་མེད་ཀྱི་མཚན་མ་དང་འདྲ་བས།ཆུ་མིག་གི་མིང་ལའང་རྡོ་རྗེ་ཕག་མོའི་བྷ་གའི་འབབ་ཆུ་ཞེས་ཐོགས། ཆུ་མིག་དེ་ལ《གནས་ཡིག》ལས། ཙ་རིའི་གནས་མཚུངས་ཤར་ཕྱོགས་བཙུན་མོ་འོར།། རྡོ་རྗེ་ཕག་མོའི་བྷ་གའི་འབེབས(འབབ)ཆུ་འདི།། ལྕགས་ཟངས་ཞ་ཉེའི་རིགས་ཀྱི་ཆུ་མོ་ཡིན།། ཁྲུ་གཅོང་ཤེལ་གྱི་མེ་རྡོ་ཤིན་ཏུ་བསིལ།། འབེབས་ཆུ་དེ་ནི་མགོ་སྟོད་གཟེར་བརྡུང་དང་། སྨུག་པོ་གྲང་མཁྲིས་མོ་ནད་རིགས་ལ་ཕན།། དྲེག་གྲུམ་རེག་དུག་མཛེ་ནད་རྨ་རིགས་སེལ།། རྩ་དཀར་རིགས་ལ་འབེབས་ཆུ་བསྟེན་པར་བྱ།། ཡ་མ་དཀར་ནག་ཁྲ་གསུམ་འཇོམས་པའི་མཆོག། ཅེས་འཁོད་པ་ལྟར། ཉིན་ཤས་ཀྱི་ཉམས་མྱོང་ལས། ཆུ་མིག་དེ་ནི་ཚ་དྲོད་ཆེ་ཡང་རོ་མངར་ལ་ཡང་བ་དང་། བཏུང་ན་སྐོམ་དད་སེལ་ཞིང་ལུས་ཐོག་ལ་ཡུན་རིང་ཙམ་གཟེད་རྒྱུ་བྱུང་ན་ལུས་ཟུངས་བདེ་སྣང་མངོན་སུམ་དུ་ཚོར་ཐུབ་པ་ཞིག་ལགས་མོད། དེ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་ཁྲུས་གསོལ་གྱི་འབབ་ཆུ་ཞིག་ཡིན་ཞིང་། དེར་ལུས་པོ་གཙང་འཁྲུད་བྱས་ན་ཆུ་སྙིགས་དེ་མར་གཙང་པོའི་ནང་འཕུད་ཐུབ་པས། ཀུན་གྱིས་ཆུ་རྫིང་གཞན་དག་མ་སྦངས་གོང་འཚང་ཁ་ཤིག་ཤིག་ངང་འདག་རྫས་བརྒྱབ་ནས་ལུས་པོ་གཙང་འཁྲུད་བྱ་ཡུལ་དུ་གྱུར། དེ་གར་ལུས་པོ་གཙང་འཁྲུད་བྱེད་དགོས་ཚུལ་གོ་བས། སྐྱེ་བོ་ལ་ལ་ཉིན་ལྟར་ཞོགས་པ་དེ་གར་འདག་རྫས་བརྒྱབ་སྟེ་ཁྲུས་ལ་ཞུགས་པ་དང་། དེ་ནས་ཆུ་རྫིང་གཞན་དག་ནང་སྦོང་བར་བྱེད་མོད། ཆུ་ཚན་གྱི་གཉེར་བདག་ལགས་ཀྱི་འདོད་ཚུལ་ལྟར་ན། ཆུ་ཚན་མ་སྦངས་གོང་དེ་གར་ལུས་པོ་གཙང་མ་ཐེངས་གཅིག་བཀྲུས་རྗེས་ཆུ་ཚན་རྒྱུན་མཐུད་དེ་སྦོང་བ་ལས་འདག་རྫས་ཀྱིས་ཉིན་ལྟར་ལུས་བཀྲུ་མི་རུང་ལ།ཐ་ན་ཆུ་ཞག་ཐིམ་ནས་ལོག་རྗེས་ཀྱང་གཟའ་འཁོར་གཅིག་རིང་ལུས་པོ་མ་བཀྲུས་ན་བཟང་བར་འདོད། དེ་ནི་ལུམས་བཅོས་བྱེད་སྐབས་ཀྱང་ལུམས་ནང་སྦངས་རྗེས་ཀྱི་བདུན་ཕྲག་གཅིག་རིང་ཁྲུས་ལ་གཞུག་མི་རུང་བའི་མངག་ཆ་བྱེད་པས།ཁོང་གི་གསུང་སྟངས་ལ་རྒྱུ་མཚན་ཡོད་ངེས་སུ་གོ

ད་ཆ་དེ་གར་ཕོ་བ་དང་། མཁལ་མ། རུས་ཆག པགས་ནད། གྲུམ་བུ། ཁོག་ནད་སོགས་སོ་སོའི་ཕན་ནུས་མི་འདྲ་བར་བཀར་བའི་ཆུ་ཚན་རིགས11དང་། འཐུང་ཆོག་པའི་ཆུ་མིག3 དེ་བཞིན་ནད་རིགས་མི་འདྲ་བར་ཕན་པའི་ཆུ་མིག2 རླངས་དུག་རྒྱག་ས1 དངོས་སུ་ཆུར་སྦང་སའི་རྫིང་བུ18བཅས་ཡོད་པ་ལས། རུས་ཆག་ནད་པར་དམིགས་བསལ་གྱི་རྫིང་ཡོད་པ་ལས། དེ་མིན་ཁ་གསལ་པོ་དེ་ཙམ་མེད་པར་རང་རང་སོ་སོའི་དད་མོས་དང་འདོད་པ་ལྟར་སྦང་ན་ཆོག་པས། ནམ་ལངས་ནས་ས་སྲོས་བར་ཧ་ལམ་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་ཁྲོམ་ལམ་ཞིག་ལྟར།ཡར་འགྲོ་མར་འགྲོའི་མི་འགྲུལ་འཆད་རྒྱུ་མེད་པ་དང་།ཆུ་ཁར་ངོ་ཚ་མེད་པའི་དཔེ་ལྟར། ཉལ་ཕྱུ་ལྷེབ་གྱོན་བརྒྱབ། རྐང་རྗེན་མར་འདྲུད་ལྷམ་གྱོན། བྲང་ཁ་དམར་ཧྲེང་ཧྲེང་དུ་བཏོན། མགོ་སྐྲ་རློན་པ་ཆུ་ནང་ནས་ཐོན་མ་ཐག་པའི་བྱ་ཕྲུག་ལྟར་མདོག་དང་བཟོ་ལྟ་ཅི་ཡང་མེད་པའི་ཁར། ལ་ལ་གྱོལ་ཞིང་ལྡིང་བ་དང་། ལ་ལ་གཞན་གྱིས་སྐྱོར་བ། ལ་ལ་སྒལ་པར་འཁུར་བ། ལ་ལ་འཁར་རྒྱུག་ཐོགས་པ་སོགས་ནི་གློག་བརྙན་ནང་རྟག་ཏུ་མཐོང་བའི་དམག་ཕམ་པའི་དམག་དཔུང་བྲོས་བྱོལ་དུ་འགྲོ་བ་དང་ཀུན་ནས་མཚུངས།

ཆུ་རྫིང་ཁ་ནས་ཐོས་པའི་གཏམ་རྒྱུད།

ནུབ་མོ་དེར་སྔར་བཞིན་རྐང་ངར་ལ་ཟུག་གཟེར་བརྒྱབ་ནས་གཉིད་བདེ་པོ་ཞིག་མ་ཁུག འོན་ཀྱང་བཟའ་ཟླ་འཁྲིས་སུ་ཉལ་ཡོད་པས་གཉིད་དཀྲོག་པར་དོགས་ནས་བཟོད་བསྲན་བྱས།  ཐོ་རེངས་ཁར་ན་ཟུག་མ་བཟོད་པར་གློག་བཞུ་སྤར་ནས་ཡར་ལངས་ཏེ་ན་ཟུག་འཇགས་ཐབས་བྱས།  ཆུ་རྫིང་ཚ་པོའི་ནང་འཛུལ་བར་འདོད་མོད་ཆུ་རྫིང་བར་ལམ་ཐག་ངེས་ཅན་ཡོད་པ་དང་།  དུས་ཚོད་སྔ་པོ་ཡིན་པས་ཐེ་ཚོམ་ངང་ལུས།  སྐབས་དེར་བཟའ་ཟླས་ཆུ་ཚོད་ག་ཚོད་རེད་འདུག་གམ་ཟེར།  ཁོ་བོས་ཆུ་ཚོད་ལྔ་པ་རེད་འདུག་ཅེས་སྨྲས།  འོ་ན་ཆུ་ཚན་སྦོང་བར་འགྲོ།  ཐོ་རེངས་ཀྱི་ཆུ་ཚན་ཕན་ནུས་ཐོན་པོ་ཡོད་ཚུལ་གོ་མྱོང་ཟེར།

ངེད་གཉིས་ཆུ་སྦོང་བའི་དྲག་ཆས་ཆ་ཚང་སྤྲས།  ཆུ་འཁོལ་དྲོད་དམ་གང་འཁྱེར།  གློག་བཞུ་དང་འཁར་རྒྱུག་ཐོགས་ནས་གྱོལ་མ་ལྡིང་གིས་རྩ་གྲུམ་ཆུ་ཚན་ཁར་སོང་།  མདང་ནུབ་ཆར་པ་བབས་པས་མཁའ་རླུང་ནང་བརླན་གཤེར་ཤིན་ཏུ་དོད།  ཉིན་མོར་མི་རྣམས་བྲེལ་འཚུབ་ལྷག་པར་ཆེ་ནའང་སྐབས་དེར་ལངས་མི་ཤིན་ཏུ་ཉུང་བས།  ལང་ལོང་རྒྱུག་པའི་གཙང་ཆུའི་ངར་སྐད་ལས་མི་སྐད་ཁྱི་སྐད་ཅང་ཐོས་རྒྱུ་མེད།  ཆུ་རྫིང་དག་ཀྱང་འཇམ་ཐིང་ངེར་གནས་པ་དང་།  གློག་སྒྲོན་འོག་ཏུ་ཚ་རླངས་ཐུལ་ཐུལ་འཕྱུར་བ་ནི་གཉིད་དུ་ཡུར་བའི་ཆུ་རྫིང་གྱིས་རྔུར་པ་སིམ་སིམ་འཐེན་བཞིན་པ་ལྟར་སྣང་།  ལུས་པོ་ཆུ་རྫིང་ནང་སྦང་མ་ཉིད་དུ་རྐང་ངར་གྱི་ཟུག་གཟེར་འཇགས་ནས་བདེ་འབོལ་ལེར་སོང་ཞིང་།  ཆུ་ཚན་གྱི་དུག་ཤེད་ཀྱིས་ཆུ་ཚོད་ཕྱེད་ཀ་ལྷག་སྦོང་མི་ཐུབ་པས་མ་གཏོགས།  ཆུ་རྫིང་ནང་དུ་ཉིན་མཚན་འབྲེལ་ནས་གཞུག་པར་འདོད།  དེ་ནས་ཡུན་རིང་མ་སོང་བར་ཆུ་ཚན་སྦོང་མི་སྔ་རྟིང་དུ་སླེབས་པ་དང་།  ཆུ་རྫིང་ནང་ཞལ་འདོན་གྱི་འུར་སྒྲས་གང་།

དེ་ཉིན་ནས་བཟུང་ངེད་གཉིས་ཉིན་ལྟར་ཐོ་རེངས་ཆུ་ཚོད་ལྔ་པར་ལངས་ཏེ་ཆུ་ཚོད་བདུན་པ་བར་ཆུ་ཐེངས་གཅིག་སྦངས།  ཆུ་ཚོད་བདུན་པར་སྡོད་གནས་སུ་ལོག་ནས་འབྲས་ཆང་ངམ།  རུས་ཐང་གི་རྩམ་ཐུག་དཀར་ཡོལ་གང་དོ་རེ་བཏུང་སྟེ་མལ་དུ་ཞུགས།  ཡང་ཞོགས་ཟས་བཟས་རྗེས་ཆུ་ཚོད་བཅུ་པ་ཡོལ་ཙམ་ནས་ཇ་མངར་མོ་ཇ་དམ་གང་དང་ཁ་ཏོག་ཅུང་ཟད་བསྡོགས་ཏེ་ཉིན་ཕྱེད་ཡོལ་གྱི་ཆུ་ཚོད་གསུམ་པ་ཙམ་བར་ཆུ་གཞུང་གི་རྫིང་བུ་ཁག་ཏུ་སྦངས།  དེ་ནས་དགུང་ཟས་བཟས་ཏེ་ངལ་གསོ་ལྷོད་པོ་ཞིག་བརྒྱབ་རྗེས་དགོང་མོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ནས་དགུ་པ་ཙམ་བར་སྡོད་གནས་དང་ཐག་ཉེ་བའི་ཆུ་རྫིང་ཁག་ཏུ་སྦངས་ཏེ་གཟའ་འཁོར་གསུམ་རིང་རྦད་དེ་རྒྱུན་འཁྱོངས་བྱས།  ཆུ་རྫིང་ནང་རྔུལ་ཆུ་ཐོན་པ་དང་།  ངལ་དུབ་ཆེ་བ།  ཁ་སྐོམ་པ་གསུམ་ནི་རྒྱུན་གཏན་ཡིན་ཞིང་།  མི་སོ་སོའི་ལུས་ཟུངས་བཟང་ཞན་དང་།  ཚ་བསྲན་ཐེག་མིན་མི་འདྲ་བས།  ལ་ལ་རྫིང་བུ་རེའི་ནང་ཧ་ལམ་ཆུ་ཚོད་རེ་ཙམ་སྦོང་ཐུབ་པ་དང་།  ལ་ལ་སྐར་མ་བཅུ་ཙམ་ཡང་མི་སྡོད་པར་ཐོན་འགྲོ ཁོ་བོ་རྣམ་ཀུན་ནས་ཆུ་ཚ་པོའི་ནང་ཡུན་རིང་པོ་སྡོད་མི་ཐུབ་པ་ཞིག་ཡིན་མོད།  ད་ཐེངས་སྡུག་བསྲན་ཆེན་པོས་ངལ་དུབ་ཀྱི་མཐའ་ཚད་ལ་མ་སླེབས་བར་ཆུ་རྫིང་ནང་འཛུལ་ནས་སྡོད་སྐབས།  བཟའ་ཟླ་སེམས་ཀྱིས་མ་བཟོད་པར།  དེ་ལྟའི་སྡུག་བསྲན་མ་བྱེད་ཅེས་ཁ་ཏ་བྱས།  ངས་རྗེ་བཙུན་མི་ལ་རས་པ་མཐུ་སློབ་ཏུ་ཕེབས་དུས་ཁོང་གི་ཡུམ་གྱིས།  བུ།  ཁོང་ཚོའི་མཐུ་དང་འུ་ཅག་གི་མཐུ་མི་འདྲའོ།  ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག་གསུངས་པའི་བསླབ་བྱ་དེ་དྲངས་ནས།  ང་ཚོ་ལུས་པོ་ནད་ཀྱིས་གཙེས་པ་ནི་དམིགས་བསལ་ནད་འདི་ཡིན་ཞེས་པ་མེད་པར་ཆུ་ཚན་རྒྱག་པར་ཡོང་མི་དང་མི་འདྲ།  དེ་བས་ཡུལ་སྐོར་སྤྲོ་འཆམ་གྱི་ཞོར་ལ་ཆུ་ཚན་རྒྱག་མཁན་དང་མི་འདྲ།  ང་དོན་དེ་ལ་མངགས་པའི་སྔགས་པ་ཡིན་པས་སྡུག་བསྲན་མ་བྱས་ན་ག་ལ་འགྲིག་ཅེས་སྨྲས།

ཆུ་ཚན་ཁ་ནི་ཡུལ་ལུང་གང་ས་ནས་ཡོང་བའི་སྐྱེ་བོ་འཛོམས་ཡུལ་ཡིན་པས།  ཉིན་ཤས་རིང་ཆུ་རྫིང་ཁག་ནང་ས་ཕྱོགས་གང་ས་ནས་ཡོང་བའི་མི་འདྲ་མིན་དང་ཐུག མང་པོ་ཞིག་ནི་ལྷོ་ཁ་ཁུལ་གྱི་ཡུལ་ལུང་ཁག་ནས་ཡིན་ཞིང་།  ཡུན་རིང་མ་སོང་བར་ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་དང་འཁེལ་བས་དེ་བས་མི་མང་པོ་ཞིག་འབྱོར།  ཡུལ་སྐོར་གནས་སྐོར་ལ་འགྲོ་ཞོར་དུ་དེ་གར་ཡོང་མི་ཡང་མི་ཉུང་བ་མཆིས།  ཁོང་ཚོ་ནི་ཡུན་རིང་ན་ཉིན་གཉིས་གསུམ་སྡོད་པ་དང་།  མང་པོ་ཞིག་ཞག་པོ་གཅིག་སྡོད་པ།  ཐ་ན་ལ་ལ་མགྲོན་ཁང་མ་འབྱོར་བར་ཆུ་ཐེངས་གཅིག་སྦངས་རྗེས་ནུབ་མོ་དེ་རང་ལ་ལོག་འགྲོ།  ནད་གཞི་ལ་དམིགས་ནས་ཆུ་ཚན་བསྟེན་པར་ཡོང་མི་ནི་བོད་རིགས་གནས་ཡུལ་གྱི་ཡུལ་ལུང་གང་ས་ནས་ཡོད་ཅིང་།  ཐག་རིང་ཤོས་ནི་ཡུལ་ཤུལ་ནང་ཆེན་ནས་རེད་འདུག ཁོང་ཚོ་རླངས་འཁོར་བཏང་སྟེ་ཉིན་གསུམ་བཞི་ཙམ་ལ་གཞི་ནས་ཆུ་ཚན་ཁར་འབྱོར་ཐུབ།  ཁོ་བོ་སྡོད་རིང་ཡུལ་ཤུལ་གྱི་འགྲུལ་པ་ཁག་གསུམ་བཞི་འབྱོར་བའི་ནང་མང་ཤོས་ཤིག་ལ་མི་བཞི་བཅུ་ལྷག་ཙམ་འདུག ཁོང་ཚོའི་ཁྲོད་ནས་མང་པོ་ཞིག་གྲྭ་བཙུན་ཡིན་པ་དང་།  ཉིན་ཞག་བདུན་ནས་བཅུ་བཞི་བར་སྡོད།  ཁོང་ཚོའི་ཁྲོད་དུ་ཐེངས་ཁ་ཤས་ཡོང་མྱོང་བ་མང་པོ་མཆིས་པས་ལྷ་བབས་ཆུ་ཚན་གྱི་སྙན་གྲགས་གཅིག་གིས་བཅུ་དང་བཅུས་བརྒྱ་ལ་ཁྱབ་པར་གདོན་མི་ཟ།

ཐག་རིང་ལུང་ཁུག་གི་ཆུ་ཚན་ཁར་རྣམ་ཀུན་གྲོང་ཁྱེར་ནང་ཐུག་དཀོན་པའི་ངོ་ཤེས་པ་ཁག་ཅིག་ཀྱང་ཐུག་རྒྱུ་ཡོད་པ་དང་།  ཕ་ཡུལ་གཅིག་པའི་མི་དང་།  ཐ་ན་ལོ་ཉི་ཤུ་སུམ་ཅུ་ཐུག་མ་མྱོང་བའི་མི་ཡང་ཆུ་ཚན་ཁ་ནས་ཐུག་རྒྱུ་འདུག  དེ་བཞིན་མི་རེའི་ཁ་ནས་ལོ་རྒྱུས་རེ་དང་།  མི་རེའི་ཁ་ནས་ངོ་མཚར་རེ་བརྗོད་རྒྱུ་ཡོད་པས་ཆུ་ཚན་ཁ་ནི་ཆུ་ཚན་དང་འབྲེལ་བའི་གཏམ་རྒྱུད་ཀྱིས་གཙོས་པའི་གཏམ་རྒྱུད་འདྲ་མིན་གྱི་གཏེར་སྒོ་ཡང་ཡིན་ཞིང་།  ཆུ་ཚན་འདི་ནས་རུས་ཆག་ནད་པ་ལོག་སྐབས་འཁར་རྒྱུག་དོར་བ་དང་།  མཁྲིས་རྡོ་དང་མཁལ་རྡོ་འཇོམས་ནས་གནས་སྐབས་བདེ་བར་འཁོད་པ།  རྐང་ཚིགས་རུས་ཚིགས་ཀྱི་ནད་ལ་ཤིན་ཏུ་ཕན་པ།  ཕོ་བའི་ནད་རིགས་འདྲ་མིན་འཇོམས་ནུས་པ་སོགས་ཉེ་བའི་ལོ་ཤས་ནང་ལྗོངས་ཕྱི་ནང་ནས་ཡོང་མཁན་འགྲོ་བ་ནད་པ་རྒྱུན་མི་ཆད་པ་དང་།  ནད་པ་དུ་མ་དྲག་སྐྱེད་བྱུང་ནས་ནད་ཅན་ཁྲི་སྟོང་མང་པོར་བདེ་བའི་ཕན་པ་ཟམ་མི་ཆད་པར་སྐྲུན་བཞིན་ཡོད་སྐོར་ཐོས།

དེ་བས་ཀྱང་ཆུ་རྫིང་ནང་མི་རྣམས་ཀྱིས་ལྷ་བབས་ཆུ་ཚན་གྱི་ད་ལྟའི་གཞི་ཁྱོན་དང་མཐུན་རྐྱེན་བཟང་པོའི་སྐོར་ལ་ཡིད་མོས་དང་བསྔགས་བརྗོད་མི་བྱེད་མཁན་མེད་ལ།  མི་མང་པོ་ཞིག་གིས་ཆུ་ཚན་དེ་གའི་གཉེར་བདག་ཕ་བུ་གཉིས་ཀྱི་སྐོར་གསོན་ཉམས་ལྡན་པའི་ངང་གླེང་བ་ཡང་ཡང་ཐོས།  ནང་དོན་ཞིབ་ཆ་ལ་ལའི་པར་གཞི་མི་འདྲ་ཡང་།  ཆུ་ཚན་དེའི་སྐོར་བརྗོད་དགོས་ན་ངེས་པར་དུ་སྲས་ཤང་ཆུ་འཁྱེར་སྨད་གྲོང་ཚོའི་འདི་ལོ་དགོངས་ལོ་92ལ་སླེབས་པའི་ཕ་ཚེ་རིང་དངོས་གྲུབ་དང་།  ལོ་48ལ་སླེབས་པའི་བུ་ཚེ་རིང་ནོར་བུའི་སྐོར་ངེས་པར་དུ་བརྗོད་དགོས་པ་རྟོགས།

1998ལོར་ཚེ་རིང་དངོས་གྲུབ་ཀྱི་མི་ཚེའི་སྐྱ་ཡ་དང་ཕྲུ་གུ་གསུམ་གྱི་སྐྱེད་མ་ལ་གློ་བའི་ནད་གཞི་སྡུག་པོ་ཞིག་ཕོག ཚེ་རིང་དངོས་གྲུབ་འཕྱོངས་རྒྱས་རྫོང་གི་རྫོང་དཔོན་བྱེད་མྱོང་བ་དང་།  སྐབས་དེར་ལྷོ་བྲག་རྫོང་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་ཡིན་སྟབས་སྨན་ཁང་བསྟེན་པའི་ཆ་རྐྱེན་ལ་མི་སྟོ་བས།  སྨན་ཁང་མང་པོ་ཞིག་ལ་བསྟེན་ནའང་དྲག་སྐྱེད་གཏན་ནས་མ་བྱུང་བར་ནད་པ་དང་ནང་མི་ཚང་མ་རེ་ཐག་ཆད།    སྐབས་དེར་ལྷོ་བྲག་གི་རི་ཀླུང་ལ་རྒྱུས་མངའ་ཡོད་པའི་གྲོགས་པོ་ཞིག་གིས་ལྷ་བབས་ཆུ་ཚན་སྐོར་ངོ་སྤྲོད་བྱས་པ་དང་དེར་ཚོད་ལྟ་བྱེད་པར་འགྲོ་རྒྱུའི་གྲོས་འགོ་བཏོན།  ཚེ་རིང་དངོས་གྲུབ་རང་ཉིད་ལྷོ་བྲག་རྫོང་གྲོང་གནས་ཡུལ་དཀར་པོ་གྲོང་ཚོ་ནས་ཡིན་ནའང་ལྷ་བབས་ཆུ་ཚན་གྱི་སྐོར་གསལ་པོ་ཞིག་ཐོས་མྱོང་མེད་མོད།  གྲོགས་པོའི་དྲན་སྐུལ་གྱིས་རེ་བ་ཕྲ་མོ་ཙམ་ཪྙེད་ནས་ལོ་དེའི་བོད་ཟླ་བཞི་པའི་ཉིན་ཞིག་བཟའ་ཟླ་རྟ་ལ་བསྐྱོན་པ་དང་།   ཉལ་གོས་དང་བཟའ་བཅའ་བོང་བུ་ལ་བཀལ་ནས་ཕ་བུ་གཉིས་དང་བཅས་པ་ལྷ་བབས་ཆུ་ཚན་དུ་ཐོན།

ལྷ་བབས་ཆུ་ཚན་ཆགས་གནས་ས་བབ་མཐོ་ཚད་སྨི་4400ཙམ་ཟིན་པ་དང་།   གྲོག་རོང་ཟབ་ཅིང་དབྱར་དུས་གཙང་ཆུ་ཆེ་ལ་བཞུར་རྒྱུན་དྲག་པས་གུར་རྒྱག་སའི་ས་བདེ་མོ་ཞིག་ཀྱང་མེད།  དེང་སང་ཅི་དགར་སྦང་ཆོག་པའི་རྡོ་རྗེ་ཕག་མོའི་བྷ་གའི་འབེབས་ཆུའམ་ཁྲག་ཤེད་སྙོམས་སྒྲིག་ཆུ་ཚན་དེ་ཉིད་གཏུམ་དྲག་ཆེ་བའི་གཙང་འགྲམ་གྱི་བྲག་འོག་ཏུ་ཡོད་པས་རི་སྐེད་ནས་བབ་དགོས་པ་དང་།  དེའི་འོག་ཏུ་མི་གཉིས་ཤོང་ཙམ་གྱི་གོ་ཡུལ་ལས་མེད།  ལྷ་བབས་ཆུ་ཚན་གྱི་ཕུད་དུ་གྱུར་པའི་ཟངས་མདོག་དཔལ་རི་དང་མོན་མཁར་ཆུ་ཚན་དང་པོར་གྲགས་པའི་ཆག་ལུང་ཆུ་རྫིང་དུའང་མི་གསུམ་ཙམ་རེ་ཤོང་བའི་ལྟེང་ཀ་ཙམ་ལས་མེད་པ་དང་།  དེ་དག་ཀྱང་ཕྱེད་ཀ་ཙམ་འདམ་སྙིགས་དང་གད་སྙིགས་ཀྱིས་གང་ཡོད་པས་ཕ་བུ་ཟུང་གིས་འདམ་སྙིགས་བསལ་བ་དང་ཆུ་རྫིང་ཆུང་ཆུང་རེ་དྲུས་ཏེ་སྐྱེད་མ་ཆུ་ལ་སྦང་ས་བཟོས།

ཚེ་རིང་དངོས་གྲུབ་ཀྱི་བཟའ་ཟླ་ཆུ་ཚན་སྦངས་ནས་ཞག་བདུན་ཙམ་འགྲོ་སྐབས་མཆུ་སྒྲོས་ལས་དམར་མདངས་ཐོན་པ་དང་།  གདོང་གཤིས་ཁུག་པ།  ཟས་ཀྱི་དང་ཁ་འཕེལ་བ།  ལུས་སྟོབས་རིམ་བཞིན་སོར་ཆུད་པ་སོགས་ཀྱི་ངོ་མཚར་ཐོན།  དེ་ལྟར་ཆུ་ཚན་ཐེངས་འགའ་བརྒྱབ་རྗེས་བཟའ་ཟླའི་གློ་ནད་སེང་དྲག་བྱུང་ནས་ཡུལ་ལུང་ནང་སྐད་གྲགས་ཆོད།   ཚེ་རིང་དངོས་གྲུབ་རྒྱལ་ཁབ་ཀྱི་ལས་བྱེད་པ་བྱས་ནས་ཡུན་རིང་སོང་བ་དང་།  དེང་རབས་གསོ་རིག་ལ་ཡིད་ཆེས་དང་དད་པ་ཆེན་པོ་ཡོད་ནའང་།  རང་བྱུང་ཆུ་ཚན་ལ་འགྲོ་བ་ནད་པ་གསོ་བའི་ནུས་པ་དང་ངོ་མཚར་ཆེན་པོ་དེ་ལྟ་བུ་ཡོད་པས་ཧ་ལས་པ་དང་བསམ་ཡུལ་ལས་འདས།

ཉིན་ཞིག་ཕ་བུ་གཉིས་ཁྱིམ་གྱི་ཉི་གཡབ་ནང་བསྡད།  ནད་ལས་གྲོལ་བའི་ཁྱིམ་ཐབ་མས་དྲངས་པའི་ནས་ཆང་གསིང་མ་འཐུང་བཞིན་རང་ཁྱིམ་གྱི་ནད་པ་དང་འདྲ་བའི་འགྲོ་བ་ནད་པ་གྲངས་མེད་ལ་ཕན་འདོགས་པའི་འཆར་གཞི་ཆེན་པོ་ཞིག་ལ་གྲོས་བསྡུར་བྱས།   སྐབས་དེ་ནི་ནམ་དུས་དཔྱིད་ཀ་ཡིན་པས་ཆུ་ཀླུང་བྲི་ནས་གྲམ་ཐང་ཡངས་པ་དང་།  ལོ་མང་རིང་གཙང་ཆུས་བསྣུབས་པའི་ཤོད་རྒྱུན་ཐོག་གི་ཆུ་ཚན་མང་པོ་ཞིག་གི་ཆུ་མིག་ནས་རླངས་པ་འཕྱུར་ནས་ངོས་འཛིན་བྱེད་བདེ་བས་ཆུ་ཚན་མྱུར་སྐྱོབ་ཀྱི་གོ་སྐབས་བཟང་ཤོས་སུ་ཤེས།  འོན་ཀྱང་ལུང་ཤུར་དེ་ནི་ས་རོང་རྩུབ་ལ་ཆུ་ཀླུང་གཟར་འབབ་ཆེ་བ་དང་།  གཡས་གཡོན་གྲམ་ངོགས་དབྱར་གཞུང་ཆུ་ལོག་རྒྱུག་སྐབས་འཁྱེར་ཡོང་བའི་རྡོ་ཕ་བོང་ཆེ་ཆུང་འདྲ་མིན་གྱིས་གང་ནས་རྫ་རོང་དུ་གྱུར་པ།  ཆུ་འཁྱེར་སྨད་གྲོང་ཚོ་ནས་ཆུ་ཚན་ཁ་བར་རི་ལམ་གཟར་པོ་ཞིག་བརྒྱུད་དགོས་ནའང་རྐང་ལམ་ཕྲ་མོ་ཙམ་ལས་ཐོ་ཕྲུག་ཐར་ལམ་ཙམ་ཡང་མེད་པས།  ཆུ་ཚན་མྱུར་སྐྱོབ་བྱེད་པར་དཀའ་ངལ་ཇི་ཙམ་ཡོད་མིན་བསམ་པ་ཙམ་གྱིས་ཤེས་ཐུབ།  བུ་ཕྲུག་ཚོས་ཐེ་ཚོམ་བྱེད་པ་མཐོང་སྐབས་ཚེ་རིང་དངོས་གྲུབ་ཀྱིས་ཡུས་ཀུང་གིས་རི་བོ་སྤོས་པའི་གཏམ་རྒྱུད་འཆད་པ་དང་དེ་དང་བསྡུར་ན་ང་ཚོས་བསྒྲུབ་པར་བྱ་བའི་ལས་ཀ་དེ་ཁག་པོ་མ་རེད།  ནམ་ཞིག་གྲོང་ཚོའི་མི་རྣམས་ལའང་སེམས་འགུལ་ཐེབས་ནས་ང་ཚོར་གཞོགས་འདེགས་བྱེད་སྲིད་པས།  མི་དམངས་ལག་དེ་གསེར་ཡིན་ཞེས་པ་ལྟར་དེ་དུས་དཀའ་ངལ་རང་བཞིན་གྱིས་སེལ་ཐུབ་ཅེས་སྐུལ་ལྕག་བྱས།  

དེ་ནས་བཟུང་ཕ་བུ་ཟུང་གིས་ཟ་ཆས་དང་ཉལ་གོས་བསྡོགས།  ཁྱིམ་གྱི་ཐོ་ཕྲུག་དེ་ལྷུ་ལག་འཕྲལ་ནས་ཁལ་ཕྱུགས་ལ་བཀལ་ཏེ་ཆུ་ཚན་ཁར་དབོར་བ་དང་དེ་གར་ལྷུ་བསྒྲིགས།  སྡོད་ས་ལྕགས་ཤོག་གི་ཁང་ཆུང་ཞིག་བརྒྱབ་སྟེ་ཟ་ཉལ་དེའི་ནང་དུ་བྱས་ནས་ཆུ་ཚན་སྐྱོབ་པའི་རྒྱུན་མཐུད་དམག་འཐབ་འགོ་བཙུགས།  

ཆུ་རྫིང་ནང་ཆབ་མདོ་གོ་འཇོ་ནས་ཡིན་པའི་བགྲེས་མོ་མིང་ལ་ཀརྨ་ཆོས་སྒྲོན་ཟེར་བ་ཞིག་དང་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས།  ཁོང་འདི་ལོ་ལོ་77ལ་སླེབས་པ་དང་།  ད་བར་ཆུ་ཚན་དེར་ཐེངས་ཉེར་བདུན་ཡོང་མྱོང་ཞིང་།  སྔོན་ཆད་བད་ཀན་སྐྱ་བོའི་ནད་ཕོག་པས་ཆུ་ཚན་ཐེངས་མང་བརྒྱབ་རྗེས་ད་ཆ་སེང་དྲག་སོང་ཞེས་བརྗོད།   ཁོང་ནི་གཟུགས་རིང་ལ་བཞིན་མདོག་བཟང་བ་དང་།  ཐང་ཤ་དོད་པས།  དད་སེམས་དང་གོམས་གཤིས་ཀྱིས་དྲངས་ཏེ་སྟོན་ཆུ་རྒྱག་པར་ཡོང་བ་ལས་ད་ཆ་དམིགས་བསལ་གྱི་ནད་གཞི་ནི་ཡོད་བཟོ་མ་མཆིས།  ཚེ་རིང་ནོར་བུ་དང་ཁོང་ངོ་ཤེས་ཪྙིང་པར་གྱུར་པ་དང་ཆུ་ཚན་གྱི་སྐོར་ལ་རྒྱུས་མངའ་ཆེན་པོ་འདུག

བགྲེས་མོ་ཀརྨ་ཆོས་སྒྲོན་གྱིས་དྲན་གསོ་བྱེད་སྐབས།  ཁོ་མོ་སྔ་པོ་ཞིག་ནས་བད་ཀན་སྐྱ་བོའི་ནད་ཀྱིས་གཙེས།  གཏམ་དཔེར།  ཡུལ་དཔོན་དགྲ་ལ་ལངས་ན་ཐོན་ཇུས་གྱིས། །བད་ཀན་མིད་འཆུས་ན་ན་ཤི་ཇུས་གྱིས།  ཞེས་པ་ལྟར་བཅོས་ཐབས་གཞན་དག་མེད་ཅིང་།  དཔེ་ཆ་ཞིག་གི་ནང་ལས་ལྷོ་བྲག་གི་ལྷ་བབས་ཆུ་ཚན་སྐོར་མཐོང་མྱོང་བས་གསོན་རེ་ཕྲ་མོ་ཞིག་གིས་སྐུལ་ནས་རོགས་ཟླ་ཨ་ཎི་ཞིག་དང་བསྡེབས་ཏེ་ལྟོ་སྐོར་གནས་སྐོར་དང་སྦྲགས་ཆུ་ཚན་ཁར་འབྱོར།  འོན་ཀྱང་དེ་དུས་གྲལ་རིམ་འཐབ་རྩོད་ཀྱི་མཁའ་རླངས་མཐུག་པོ་ད་དུང་ཡལ་མེད་པ་དང་།  ཆུ་ཚན་ཁ་ནི་འབྲུག་ཡུལ་དང་ས་འབྲེལ་གྱི་མཐའ་མཚམས་སུ་གནས་པས།  དེ་ཁུལ་གྱི་མི་ལ་ལས་ཁོ་གཉིས་ཡུལ་བྱོལ་དུ་འགྲོ་བར་དོགས་པ་བྱས།  དེ་ནི་ཐོན་སྐྱེད་རུ་ཁག་གི་དུས་སྐབས་མཐའ་མ་ཡིན་ཞིང་།  དེ་དུས་དེ་གར་ཆུ་རྒྱག་ལོ་བའི་ཆུ་ཚན་གཉིས་རང་ལས་མེད་པ་དེ་ཡང་ཆུང་ལ་གཙང་མ་མེད།  ཁོ་གཉིས་བྲག་སྐྱིབས་འོག་ཏུ་བསྡད་པ་དང་།  ལམ་བར་དུ་སློང་མོ་བྱས་པའི་རྩམ་པ་ཉུང་ཟད་ལས་མེད་པས།  ནད་བཅོས་ཀྱི་རེ་དངངས་ཆེ་དྲགས་པས་མ་གཏོགས་འཚོ་བ་ངན་ངོན་ཙམ་ཡིན།  སྟབས་ལེགས་པ་ཞིག་ལ་བྱམས་སེམས་རྒྱུད་ལ་འཇགས་པའི་གཞོན་ནུ་གཉིས་ཀྱིས་ཁོ་གཉིས་ཀྱི་ཁ་སྟབས་མཐོང་བས་ཇ་རྩམ་དང་གདན་ཆས་ཀྱང་བསྐྱལ་ནས་རོགས་ཕན་བྱས།

ལོ་མང་སོང་རྗེས།  ལོ་ཞིག་གི་བོད་ཟླ་དགུ་པའི་ནང་ཡང་བསྐྱར་ཆུ་ཚན་ལ་ཡོང་སྐབས་ཏག་ཏག་ཚེ་རིང་ནོར་བུ་ཕ་བུ་ཚོས་ཟ་སྡོད་ལྕགས་ཤོག་གི་ཁང་པའི་ནང་བྱེད་པ་དང་།   ས་མཐོ་ལ་གནམ་གཤིས་གྲང་བ་དང་།   ཨར་ལས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ས་རྡོ་བསལ་ནས་ཆུ་རྫིང་བཟོ་བ་དང་ནད་པའི་འགྲུལ་ཁང་རྒྱག་པའི་ཨར་ལས་ལ་བྲེལ་བཞིན་པ་དང་འཕྲད།  བགྲེས་མོས།  དེའི་སྔོན་ལ་ཆུ་ཚན་ལ་ཡོང་སྐབས་གུར་ཙམ་ཡང་མེད་པར་བྲག་སྐྱིབས་འོག་ཏུ་སྡོད་མྱོང་།  ངའི་སེམས་ལ་ད་ནས་བཟུང་ང་དང་ང་འདྲ་བའི་ནད་པ་ཚོ་ལ་ཆུ་ཚན་ཁར་གནས་ཚང་དྲོ་སོབ་སོབ་ནང་སྡོད་རྒྱུ་ཡོང་བ་འདུག་ཨང་སྙམ་སེམས་ནང་རེ་བའི་དྲོ་སྐྱིད་ཚོར་བྱུང་།  ད་ཆ་དངོས་སུ་མཐོང་རྒྱུ་དང་བེད་སྤྱོད་རྒྱུ་ཡོད་པའི་ཆུ་རྫིང་མང་ལ་གཙང་ཞིང་གུ་ཡངས་པ་དང་།   འགྲོ་ལམ་བདེ་ལ་མགྲོན་ཁང་ཡག་པོ་འདི་འདྲ་བསམ་ཡུལ་ལའང་འཁོར་མ་མྱོང་།  ལྷག་པར་དུ་ཁོང་ཚོས་སྔ་ཕྱི་བར་གསུམ་དུ་གཉེར་སྐྱོང་གི་ཁེ་ཕན་གཙོ་བོར་མི་འཇོག་པར་ཆུ་ཚན་རྒྱག་མཁན་ནད་པའི་ཁེ་ཕན་ཨང་དང་པོར་འཇོག་པའི་བྱེད་སྟངས་རྒྱུན་སྐྱོང་བ་མིག་མཐོང་ལག་ཟིན་བྱུང་བས།  ངས་འགྲོ་བ་ནད་པ་དུ་མ་དང་འདྲ་བར་སེམས་གཏིང་ནས་ཁོང་རྣམ་པར་གུས་བཀུར་དང་དགའ་བ་སྒོམ་གྱིན་ཡོད་ཟེར།

དེ་ལྟར་ཁོང་ཕ་བུ་ཚོས་སྔོན་ལ་སྔར་ཡོད་རུས་ཆག་སྦང་སའི་ཟངས་མདོག་དཔལ་རིའི་ཆབ་རྫིང་ཆེ་མོའི་རྫིང་ཪྙིང་པ་དྲུས་ཏེ་ཆེ་རུ་བཏང་བ་དང་།  རུས་ཆག་རྫིང་བུ་གསར་པ་ཁ་ཤས་བཟོས།  དེ་ནས་ཆུ་རགས་བརྒྱབ་སྟེ་ཁོག་ནད་ཆུ་ཚན་དང་།  འབམ་གྲུམ་ཆུ་ཚན།   རྡོ་རྗེ་ཕག་མོའི་བྷ་གའི་འབེབས་ཆུ་སོགས་ལ་རྫིང་བུ་བསྐྲུན།

ཚེ་རིང་ནོར་བུས་དྲན་གསོ་བྱས་པ་ལྟར་ན།   སྐབས་དེར་དེ་གར་ཨར་ལས་ལ་མཁོ་བའི་ཨར་འདམ་དོ་པོ་གཅིག་གི་མ་གནས་ལ་སྒོར་བརྒྱ་ཟིན་པ་དང་།  ས་ཐག་རིང་ལ་ཆ་རྐྱེན་སྐྱོ་བའི་དབང་གིས་གླ་ཆ་སྤྲད་ནའང་ཨར་པོ་རྒྱག་མཁན་ལས་མི་ཧ་ཅང་དཀོན་པས།  ཐོག་མའི་དུས་སུ་ངལ་རྩོལ་ནུས་ཤུགས་གཙོ་བོ་ཁོང་ཚོ་ཁྱིམ་མིས་མ་བྱས་ཀ་མེད་ཡིན་པས་ཚེ་རིང་དངོས་གྲུབ་ཀྱི་ཚ་མོ་ཡང་ཆུ་ཚན་མྱུར་སྐྱོབ་ཀྱི་དམག་འཐབ་ནང་ཞུགས།  ཕ་བུ་ཚོས་དཀའ་ངལ་ཁྱད་བསད་ཀྱིས་ཆུ་འགྲམ་ནས་བྱེ་མ་དབོར།   གཡས་གཡོན་ནས་ས་རྡོ་དབོར་ཏེ་སྔོན་ལ་སྟབས་བདེའི་མགྲོན་ཁང་ཁང་མིག་བརྒྱད་བརྒྱབ།  རུས་ཆག་ནད་པ་ཕར་འགྲོ་ཚུར་འགྲོ་སྟབས་མི་བདེ་བས་ཆེད་མངགས་རུས་ཆག་ནད་པར་ཆུ་རྫིང་ཁར་མགྲོན་ཁང་ཆུང་ཆུང་ཁ་ཤས་བརྒྱབ།  ཡུན་རིང་མ་སོང་བར་ཆུ་ཚན་རྒྱག་མཁན་ནད་པར་སྣེ་ལེན་བྱས་ཤིང་།  སྐབས་དེར་ཁང་མིག་རེའི་གླ་ཆ་ཉིན་རེར་སྒོར་གཉིས་ཡིན།  

ཆུ་ཚན་གྱི་ཆུ་མིག་མང་པོ་ཞིག་གཙང་འགྲམ་དུ་ཡོད་པས་དཔྱིད་དུས་བརྒྱབ་པའི་ཆུ་རགས་དབྱར་དུས་ཆུ་ལོག་གིས་འཁྱེར།  ལོ་གཉིས་པའི་དཔྱིད་དུས་སླར་ཡང་ཆུ་རགས་བརྒྱབ་པ་སླར་ཡང་འཁྱེར་ཏེ་མི་དང་གཙང་ཆུའི་དབར་ཆུ་ཚན་གྱི་ཆུ་མིག་འཕྲོག་རེས་བྱེད་པའི་དམག་འཐབ་ལོ་ཤས་བརྒྱབ་པས་མཐར་ཆུ་མིག་གསུམ་གཙང་ཆུས་གཏན་དུ་ཕྲོགས་པ་ལས་དེ་མིན་ཚང་མ་སྐྱོབ་ཐུབ་པ་བྱུང་།   

སྟབས་ལེགས་པར་ཕ་ཚེ་རིང་དངོས་གྲུབ་ལ་གཞུང་གི་གླ་ཕོགས་ཡོད་པ་དང་།  སྐབས་དེ་ཤེད་དུ་འབྲུག་པ་དང་མཐའ་མཚམས་ཀྱི་དམངས་ཁྲོད་ཚོང་འབྲེལ་ཡོད་པས།  ཚེ་རིང་ནོར་བུས་ཚོང་བརྒྱབ་ནས་ཆུ་ཚན་སྐྱོབ་པའི་འགྲོ་གྲོན་ཁ་གསབ་བྱས།  སེམས་བཟང་ཅན་ལ་གྲོགས་པོ་མང་པའི་དཔེ་ལྟར།  ཁོང་ཕ་བུའི་སེམས་བསྐྱེད་དང་འབད་འཐབ་ཀྱིས་གོང་རིམ་འབྲེལ་ཡོད་དབུ་ཁྲིད་ཀྱང་སེམས་འགུལ་ཐེབས་ནས་སྔ་ཕྱིར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་80རོགས་སྐྱོར་ཐོབ་པ་དང་།  2007ཙམ་ལ་རླངས་འཁོར་ཐར་ཙམ་གྱི་སྟབས་བདེའི་འགྲོ་ལམ་ཡང་བཟོས་པས།  གཅིག་ནས་མ་དངུལ་འགན་ལེན་བྱུང་བ་དང་།   གཉིས་ནས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་སོང་ནས་ཨར་ལས་ལས་ཕྱོད་ཆེ་རུ་སོང་།  

ཆུ་ཚན་སླར་གསོ་དང་འཛུགས་སྐྲུན་བྱེད་ཕྱོགས་ཐད་ཁོང་ཕ་བུ་གཉིས་ལ་རྩ་དོན་གལ་ཆེན་ཞིག་ཡོད་པ་ནི།  བོད་ཀྱི་རང་བྱུང་ཆུ་ཚན་གང་རུང་ཚང་མར་དམངས་ཁྲོད་དུ་ལོ་རྒྱུས་མི་སྣ་དང་འབྲེལ་བའི་གཏམ་རྒྱུད་ཆ་ཚང་རེ་ཡོད་ཅིང་།  གཏམ་རྒྱུད་དེ་རིགས་ལ་ལྷ་སྒྲུང་གི་ཤན་ཞུགས་ནའང་དེ་ནི་རང་བྱུང་ཁམས་ལ་གུས་བཀུར་དང་བག་ཟོན་བྱེད་དགོས་པ་དང་།  རང་བྱུང་ཁམས་ཀྱིས་འགྲོ་བ་མི་ལ་བསྩལ་བའི་དངོས་གྲུབ་རྩ་ཆེན་དེ་དག་ལོངས་སྤྱོད་དང་ལོངས་སྤྱོད་མཁས་པོ་བྱེད་དགོས་པའི་གནས་ལུགས་བསྟན་པ་ཞིག་ཡིན་པས།   སྔོན་བྱོན་མེས་པོས་ཡུན་རིང་གི་བརྟག་དཔྱད་དང་ལག་ལེན་ལས་ཐོབ་པའི་ཉམས་མྱོང་ལ་བརྟེན་ནས་བཞག་པའི་ཆུ་ཚན་གང་དེའི་གནས་ཡིག་གཞིར་བཟུང་སྔོག་འདོན་དང་།  སླར་གསོ།  འཛུགས་སྐྲུན་འོས་འཚམ་བཅས་བྱེད་ནའང་།  སྔར་ཡོད་ཀྱི་རང་བྱུང་རྣལ་མའི་རྣམ་པ་རང་སོར་འཇོག་གང་ཐུབ་ཀྱིས་སྲུང་སྐྱོབ་བྱེད་པ་ལས།   ཚོང་ལས་ཀྱི་ཁེ་ཕན་ལ་རྔམས་ནས་གང་བྱུང་སྔོག་སྤེལ་དང་གཏོར་བརླག་ཏུ་མི་འགྲོ་བ་བྱ་རྒྱུ་དེ་ཡིན།  

ལོ་མང་གི་འབད་བརྩོན་ལ་བརྟེན་ནས་2016ལོར་སླེབས་སྐབས་ད་ཡོད་ཆུ་ཚན་གྱི་གཞི་ཁྱོན་ཆགས།  ཆུ་ཚན་གྱི་སྐད་གྲགས་ཇེ་ཆེར་སོང་ནས་འགྲུལ་པ་ཡོང་མི་ཇེ་མང་དུ་འགྲོ་བ་དང་།  ད་ཡོད་མགྲོན་ཁང་གིས་དགོས་མཁོ་སྐོང་མི་ཐུབ་པས་ཆུ་ཚན་རྒྱག་མཁན་དེ་བས་མང་བའི་དགོས་མཁོ་སྐོང་ཆེད།  ལོ་དེར་མུ་མཐུད་ས་ཁོད་སྙོམས་ནས་གུར་རྒྱག་ས་བཟོས་པ་དང་སྦྲགས་པང་ལེབ་ཀྱི་སྤོ་བདེའི་ཁང་པ་ཁག་ཅིག་བརྒྱབ་སྟེ་འགྲུལ་པར་བཏང་།  ཆུ་ཚན་སོ་སོའི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ཆུ་རྫིང་ལ་ལར་ཨར་འདམ་གྱི་རྫིང་བུ་བཟོས།  ལ་ལར་མཐིལ་ལ་རྡོ་གཡམ་བཏིང་བ་དང་རྡོ་རིལ་གྱི་ཆུ་སྐྱོར་བཟོས།  ཆུ་རྫིང་མང་ཆེ་བར་གྱང་བསླངས་པ་དང་།  གཡབ་ཐོག་བཀབ་པ།  ད་དུང་ཆུ་ཉལ་རྒྱག་སའི་ཁང་ཆུང་བརྒྱབ་པ་དང་གདན་ཁྲི་བཟོས་ཏེ་ཆུ་ཚན་རྒྱག་མཁན་ཆར་རླུང་དང་ཉི་འོད་ཀྱིས་གཙེས་དོགས་མེད་པས་ནམ་དུས་དང་གནམ་གཤིས་ལ་བསྟུན་མི་དགོས་པར་དུས་བཞིར་སྦང་ཆོག་གི་ཡོད།  

ཆུ་རྫིང་ཁག་དབར་ཕར་འགྲོ་ཚུར་འོང་བྱེད་པར་ལ་ཆུང་འཛེགས་དགོས་པ་དང་།   འཕྲང་ཆུང་བརྒྱུད་དགོས་ནའང་ཚར་མར་ཁོད་སྙོམས་པའི་ཨར་འདམ་ལམ་ཆུང་བཟོས་ཡོད་པ་དང་།  ལམ་འགྲམ་གཡས་གཡོན་དུ་རྩི་ཤིང་དང་མེ་ཏོག་བཏབ་ནས་མིག་ལ་མཛེས་པ།  ད་དུང་ཆབ་རྫིང་མང་ཆེ་བའི་འགྲམ་དུ་ཆུ་བཤལ་བཏང་ཆོག་པའི་གསང་སྤྱོད་བརྒྱབ་ཡོད་པས་ཆུ་ཚན་རྒྱག་མཁན་ལ་སྟབས་བདེ་ཡོད་ལ།  ཁོར་ཡུག་གཙང་སྦྲ་ཧ་ཅང་དོད་པོ་ཡོད་པས།  དེ་གར་ཡོང་མི་ལ་ལས་ལྷ་སའི་ཉེ་ཁོར་གྱི་ཆུ་ཚན་ག་གེ་མོར་གསང་སྤྱོད་དཀོན་པའི་དབང་གིས་ཁོར་ཡུག་བཙོག་གཅིན་གྱིས་སྦགས་པའི་གནས་ཚུལ་དང་བསྡུར་བ་གཏོང་བར་བྱེད།

ཐམས་ཅད་ནད་པའི་ཆེད་དུ་ཡིན།

ཁོ་བོ་ལ་དཔྱད་གཞིའི་པར་རིས་མཁོ་ཆེ་བས་ཚེ་རིང་ནོར་བུ་ལགས་ཀྱིས་ལག་ཐོགས་ཁ་པར་ནང་གི་པར་རིས་ཁག་ཅིག་བསྟན་བྱུང་།  དེ་དག་མང་ཆེ་བ་2016ལོ་ཚུན་གྱི་ཡིན་པ་ལས་དེའི་གོང་གི་པར་རིས་ཧ་ལམ་མ་མཆིས།  ཁོང་གིས།  དེ་སྔོན་ཆ་རྐྱེན་སྐྱོ་བའི་སྐབས་དང་དཀའ་ངལ་ཆེ་ཤོས་ཀྱི་གནས་སྐབས་སུ་པར་ལེན་པའི་ཆ་རྐྱེན་མེད་པས་པར་རིས་སྟོན་རྒྱུ་གང་ནས་ཡོང་གསུངས།  དེ་ཡང་བདེན།  རང་རྒྱལ་གྱི་4Gའཕྲིན་བརྡ་2013ལོར་ཤར་གཏོང་བྱས་ནའང་བོད་དུ་2016ལོར་གཞི་ནས་4Gའཕྲིན་བརྡ་སྒོ་ཕྱེ་བ་དང་།  དེ་ནས་བཟུང་ལག་ཐོགས་ཁ་པར་དང་ལག་ཐོགས་ཁ་པར་གྱི་འཕྲིན་ལས་རབ་ཏུ་འཕེལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ཡང་ལག་ཐོགས་ཁ་པར་ལ་ཅི་དགར་རོལ་སྐལ་ཐོབ།  ཁོང་གི་ལག་ཐོགས་ཁ་པར་ནང་ཉར་བའི་པར་རིས་མང་པོ་ཞིག་ལས།  རླངས་འཁོར་འགྲོ་ལམ་བཟོས་རྗེས་མི་དང་འཕྲུལ་འཁོར་མང་པོ་ཞིག་ཆུ་ཚན་སླར་གསོའི་ལས་གྲྭའི་ནང་ཞུགས་ཏེ།  རྦ་རླབས་དྲག་པའི་གཙང་ཆུ་གཅུན་པའི་ཆུ་རགས་རྒྱག་པ་དང་།  ཆུ་རྫིང་མང་པོ་ཞིག་བསྐྱར་བཟོ་དང་ལེགས་བཅོས་བྱེད་པའི་ཚ་ཚ་འུར་འུར་གྱི་ལས་གྲྭའི་རྣམ་པ་ཡིན་ཞིང་།  ལ་ལ་གཙང་ཆུའི་ནང་ནས་བྱེ་མ་འདོན་བཞིན་ཡོད་པ་དང་།  ལ་ལ་གཙང་འགྲམ་དུ་འགྲོ་ལམ་བཟོ་བཞིན་ཡོད་པ།  ལ་ལ་ཆུ་རྫིང་རྙིང་པར་རྫིང་བཤངས་རྒྱག་བཞིན་པ།  ལ་ལ་འགྱིག་མདོང་སྦས་ནས་ཆུ་འགྲོ་བཟོ་བཞིན་པ།  དེ་དང་དེ་ལ་སོགས་དེ་དུས་ཕ་བུ་གཉིས་ཀྱི་སྟོབས་ཤུགས་རྐྱང་པ་ཙམ་མ་ཡིན་པར་ལས་ཡུལ་དུ་འཕྲུལ་འཁོར་དང་ལས་མི་མང་པོ་ཞིག་ཡོད་པས།  པར་རིས་དེ་དག་གློ་བུར་དུ་འགུལ་རྣམ་དུ་གྱུར་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་།  ལས་མིའི་ལས་གཞས་གཙང་ཆུའི་སྐད་སྒྲ་དང་བསྡེབས་ནས་ལུང་ཤུར་འུར་ཐིང་ངེར་ཡོད་པའི་སྣང་བ་སྟེར།  ཞོགས་པ་ནམ་ལངས་ནས་བལྟ་བའི་ཚེ།  མིག་མདུན་ལ་ཤར་བ་ནི་ཚང་ཚིང་གླང་མའི་ནགས་ཀྱིས་གཡོགས་པའི་ས་འཛིན་གྱི་སྟོད་ལ་སྨུག་པའི་བླ་བྲེ་བྲིས་པ་དང་།  རི་འདབས་སུ་ཐར་གྱིས་ཆགས་པའི་ཆུ་ཚན་གྱི་རྫིང་བུ་དག་ལས་འཐུལ་བའི་རླངས་པ་ཕན་ཚུན་འགྲན་པ་ལྟར་སྣང་།  འོན་ཀྱང་ལོ་ཉི་ཤུའི་གོང་ལ་ལུང་ཤུར་ནང་གི་གླང་མ་དང་།  སེ་བ།  སྐྱེར་པ་སོགས་བཅད་ནས་དེ་གའི་ནགས་རི་ཧ་ལམ་སྟོང་ཉེའི་མཚམས་སུ་སླེབས་ནས་ཡུལ་ལྗོངས་མིག་ལ་མི་མཛེས་པར་གྱུར།  ཆུ་ཚན་འཛུགས་སྐྲུན་དང་སླར་གསོ་བྱུང་བ་དེས་དེ་གའི་ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་རྩི་ཤིང་སླར་གསོ་ལའང་ཕན་འབྲས་མངོན་གསལ་ཐོན།  ད་ཆ་གཡས་གཡོན་རི་ལྡེབས་ཚང་ཚིང་ནགས་ཚལ་གྱིས་བཀླུབས་པ་དང་།  དབྱར་གྱི་ནམ་དུས་ཡོལ་བ་དང་བསྟུན་ནས་རི་བོའི་ཟོམ་དུ་འཚར་བའི་རྩི་ཤིང་གི་ལོ་མ་སེར་པོ་དང་དམར་པོར་འགྱུར་བཞིན་ཡོད་པས་གཡུ་མདོག་གི་རི་ལྡེབས་དམར་སེར་མེ་ཏོག་གིས་བརྒྱན་པ་ཇི་བཞིན་མཛེས་སྡུག་རྣམ་པར་བཀྲ།

ཐམས་ཅད་ནད་པའི་ཆེད་དུ་ཡིན་ཞེས་པའི་སྐད་ཆ་དེ་ནི་ཚེ་རིང་ནོར་བུ་ལ་བཅར་འདྲི་བྱེད་སྐབས་བརྗོད་པའི་སྐད་ཆ་རེད།  ཡོང་འབབ་བསོག་རྒྱུ་དེ་ཆུ་ཚན་གཉེར་སྐྱོང་གི་དམིགས་ཡུལ་གལ་ཆེན་པོ་ཞིག་ཡིན་པ་དང་།  མི་ལོ་ཉི་ཤུ་ལྷག་ཙམ་གྱི་སེམས་ནུས་དང་།   འབད་འཐབ།  འགྲོ་གྲོན་བཅས་ལ་དཔལ་འབྱོར་གྱི་ཕན་འབྲས་བརྩོན་ལེན་བྱེད་པ་ནི་ཨ་ཅང་བརྗོད་མེད་ལགས་མོད།  ཐམས་ཅད་ནད་པའི་ཆེད་དུ་ཡིན་པའི་ཐོག་མའི་བསམ་འདུན་ད་བར་མཐའ་འཁྱོངས་བྱས་ཏེ་དེ་གར་ཡོང་མིའི་ས་ནས་ཉལ་ཁང་གི་གླ་ཆ་འོས་འཚམས་ལེན་པ་ལས་ཆུ་རིན་དང་།  གློག་རིན།  རླངས་འཁོར་འཇོག་གླ།  གད་སྙིགས་གཙང་བཟོའི་རིན་པ་སོགས་གླ་དངུལ་འདྲ་མིན་ཅི་ཡང་མི་ལེན་པ་དང་།  ཉེར་མཁོའི་ཡོ་བྱད་ཁག་ཅིག་ཅི་དགར་སྤྱོད་ཆོག

ཆུ་ཚན་སླར་གསོ་དང་གཉེར་སྐྱོང་བྱས་ཚུན་གྱི་ལོ་ཉི་ཤུ་ལྷག་ཙམ་ནང་འབྲེལ་ཡོད་ལས་ཁུངས་ནས་སྔ་ཕྱིར་རྒྱབ་སྐྱོར་ཐོབ་པའི་མ་དངུལ་བརྩིས་པའི་ཁྱོན་མ་དངུལ་སྒོར་ཁྲི་བརྒྱ་ཕྲག་བཏང་ནས་འགྲོ་བ་ནད་པ་ཁྲི་སྟོང་མང་པོར་ཕན་པའི་བྱ་བ་ཆེན་པོ་བསྒྲུབས་པ་མ་ཟད།  ལོ་ཤས་ནང་ཚེ་རིང་ནོར་བུས་འགན་འཁུར་བའི་མཉམ་ལས་ཁང་དེས་རང་བྱུང་གི་ཆུ་ཚན་རྩ་ཆེན་དེ་མི་རབས་ནས་མི་རབས་རྒྱུན་མཐུད་དེ་བེད་སྤྱོད་ཐུབ་ཆེད་དང་།  དེ་གའི་མང་ཚོགས་ལ་ཡུན་རིང་གི་ཁེ་ཕན་སྐྲུན་ཆེད།  ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆ་བདུན་ཅུ་ཙམ་དེ་གའི་ཆ་རྐྱེན་ལེགས་སུ་གཏོང་བའི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་བཏང་སྟེ་ཆུ་ཚན་གྱི་ཐོག་མའི་ཉམས་འགྱུར་དང་ངོ་བོ་སྲུང་འཛིན་ལ་གཙིགས་ཆེན་དང་།  གཙང་སྦྲ་བྱེད་མཁན་ཆེད་མི་བཀོད་སྒྲིག་གིས་ཆུ་རྫིང་གི་ཆུ་ཡང་ཡང་བརྗེས་ནས་ཆུ་རྫིང་གི་དྭངས་གཙང་འགན་ལེན་བྱེད་པ།  ལམ་མདོ་དང་ཆུ་རྫིང་རེ་རེ་བཞིན་གྱི་འགྲམ་དུ་ཆུ་ཚན་གྱི་མིང་དང་།  ཕན་ནུས།  ཁོར་ཡུག་སྲུང་སྐྱོང་དང་གཙང་སྦྲ་ལ་དོ་སྣང་བྱེད་དགོས་པའི་སྐོར་བོད་རྒྱ་ཡིག་རིགས་གཉིས་བྲིས་པའི་བྱང་བུ་བསླངས་ཏེ་དུས་དང་རྣམ་པ་ཀུན་ཏུ་མི་རྣམས་ལ་དྲན་སྐུལ་བྱེད་པས།  དེ་གའི་ཁོར་ཡུག་ཁམས་དྭངས་ཡི་གར་འོང་བ་མི་སེམས་ལ་སྤྲོ་སྣང་འཕེལ་ནུས་པ་ཞིག་ཡོད།  ནད་པའི་སྡོད་གནས་བཀོད་སྒྲིག་བྱེད་སྟངས་ཐད་ལའང་རུས་ཆག་ནད་པ་དང་།   འགྲོ་སྐྱོད་དཀའ་ངལ་ཡོད་པའི་ནད་པ་དམིགས་བཀར་གྱིས་ཆུ་ཚན་རྫིང་བུའི་ཉེ་འགྲམ་གྱི་མགྲོན་ཁང་ནང་བཀོད་སྒྲིག་བྱེད་པ་དང་།   ཆུ་ཚན་རྒྱག་མི་མང་བའི་ནམ་དུས་སྟོན་དཔྱིད་གཉིས་སུ་ནད་པ་འབྱོར་སྔ་རྟིང་གིས་མགྲོན་ཁང་བཀོད་སྒྲིག་བྱེད་པ་ལས་སྔོན་མངགས་ཀྱིས་བཟུང་མི་ཆོག་པ།  དེ་བཞིན་ནད་པ་ཚང་མར་སྡོད་གནས་འགན་ལེན་ཡོང་ཕྱིར་མི་རེ་གཉིས་ཀྱིས་ཉལ་ཁྲི་མང་བའི་མགྲོན་ཁང་གཙང་གླས་བྱེད་མི་ཆོག་པ་བཅས་ཡིག་ཐོག་ཏུ་མ་འཁོད་པའི་སྒྲིག་སྲོལ་ཞིག་ཆགས་ནས།  དེ་གར་ནད་པ་དང་འགྲུལ་པ་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་ལས་དམིགས་བསལ་ཅན་ཧ་ལམ་མེད་པས་ཀུན་གྱིས་ཧ་ཅང་མོས་པོ་བྱེད།  

ལྐོག་གྱུར་གྱི་ངོ་མཚར།

ལྷ་བབས་ཆུ་ཚན་གྱི་སྐོར་ལ་སློབ་དཔོན་རིན་པོ་ཆེའི་ལུང་བསྟན་གཞན་ཞིག་གི་ནང་།  ང་ལས་དགའ་བའི་སྒ་འདྲ་ཆུ་ཚན་ཡོད། །ང་ལས་ལྷག་པའི་ལྷ་བབས་ཆུ་ཚན་ཡོད། །ཅེས་དང་།  དམངས་ཁྲོད་ཀྱི་ཤོད་རྒྱུན་ནང་།  སླེབས་ན་ལྷ་བབས་དང་མ་སླེབས་ན་སྒ་འདྲ་ཟེར་སྲོལ་ཡོད་ཅིང་།  སྒ་འདྲ་ནི་ཡར་འབྲོག་གི་སྒ་འདྲ་ཞེས་པའི་ཡུལ་དུ་ཡོད་པའི་ཆུ་ཚན་གྱི་མིང་ཡིན་པ་དང་།  ཆུ་ཚན་དེ་ཡང་སྐད་གྲགས་ཆེན་པོ་ཡོད་མོད།  ས་བབ་མཐོ་ཚད་སྨི་4600ཡན་གྱི་སར་ཆགས་ཡོད་པས།  དེ་ནི་ལྷོ་ཁ་ཁུལ་གྱི་ཆུ་ཚན་ཁག་གི་ནང་ལས་ས་བབ་མཐོ་ཤོས་ཡིན་ཞེས་ལྷ་རྗེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བཞེད།  དེའི་ཐོག་ནས་ལམ་ཐག་རིང་དྲགས་པས་མ་གཏོགས་ལྷ་བབས་ནི་སྒ་འདྲ་ལས་ལྷག་པ་ཡོད་པ་ཤུགས་ལ་མཚོན།

ངག་སྒྲོས་སུ་ཁམ་བུ་དང་ལྷ་བབས་ལྟ་བུའི་ཆུ་ཚན་གྲགས་ཅན་ལ་ཆུ་ཚན་བརྒྱ་དང་བརྒྱད་ཡོད་ཅེས་གྲགས་པ་དེ་ཡང་བོད་ཀྱི་གཏམ་རྒྱུད་མང་པོ་ཞིག་གི་ནང་རི་ག་གེ་མོ་ཞིག་ལ་ཆུ་མིག་བརྒྱ་དང་བརྒྱད།  སྒྲུབ་ཕུག་བརྒྱ་དང་བརྒྱད།  ཤིང་སྣ་བརྒྱ་དང་བརྒྱད།  དུར་ཁྲོད་བརྒྱ་དང་བརྒྱད་ཅེས་བརྒྱ་ཚན་མང་པོ་ཞིག་གིས་མཛེས་པར་བྱེད་པ་ནི་དམིགས་བསལ་གྱི་བསྔགས་བརྗོད་བྱེད་ཐབས་ཤིག་ཡིན་པ་ལས།  ཆུ་ཚན་ལ་དབྱེ་ན་རིགས་ལྔ་ཡོད་པ་ནི་ཡོངས་གྲགས་ཡིན་ཞིང་།  《རྒྱུད་བཞི》ལས།  གྲོང་ཁྱེར་དེའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བ་བཟང་པོ་དྲུག་གི་སྨན་འཁྲུངས་པ་སྟེ།  ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང་།  བྲག་ཞུན་རིགས་ལྔ་དང་།  སྨན་ཆུ་རིགས་ལྔ་དང་།  ཆུ་ཚན་རིགས་ལྔ་དང་ལྡན་པའི་རི་བོ་ཡོད་དོ། །ཞེས་དང་།  《གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་ལས།ཉ།》 ཆུ་ཚན་རིགས་ལྔ་ནི།  1.མུ་ཟི་དང་འདྲེས་པའི་ཆུ་ཚན།  2.ཅོང་ཞི་དང་འདྲེས་པའི་ཆུ་ཚན།  3.བྲག་མཚུར་དང་འདྲེས་པའི་ཆུ་ཚན།  4.བྲག་ཞུན་དང་འདྲེས་པའི་ཆུ་ཚན།  5.རྡོ་ཞོ་དང་འདྲེས་པའི་ཆུ་ཚན་བཅས་ཡིན་ཞེས་འཁོད།  ཡང་ཤོད་སྟངས་གཞན་ཞིག་གི་ནང་།   མུ་ཟི་འདྲེས་པའི་ཆུ།  བྲག་ཞུན་འདྲེས་པའི་ཆུ།  ཅོང་ཞི་མུ་ཟི་འདྲེས་པའི་ཆུ།  མུ་ཟི་བྲག་ཞུན་ཅོང་ཞི་ལྡོང་རོས་འདྲེས་པའི་ཆུ་ཞེས་ཅུང་མི་འདྲ་བ་བཞེད།  ལྷ་བབས་ཆུ་ཚན་གྱི་གནས་ཡིག་རྡོ་ཡིག་ནང་དུའང་།  བཞི་བརྒྱ་རྩ་བཞིའི་ནད་རིགས་བསལ་བའི་ཕྱིར། །རྩ་བའི་རྒྱུད་དང་མེས་པོའི་ཞལ་ལུང་ལས། །ཆུ་ཚན་རིགས་ལྔའི་བཤད་པ་འདི་རུ་གསལ། །ཞེས་པ་ལྟར།  མདོར་ན་ཆུ་ཚན་ལ་ཆུ་མིག་ཇི་ལྟར་མང་ནའང་རྩ་བའི་རིགས་ལྔ་ལས་མེད་པ་གསལ།  ཆུ་ཚན་རྒྱག་པ་ནི་བོད་ལུགས་གསོ་རིགས་ཀྱི་དཔྱད་ལྔའི་ནང་གི་ལུམས་ཞེས་པ་དེ་ཡིན་ཞིང་།  དེའི་ཕན་ཡོན་སྐོར་ལ་《རྒྱུད་བཞི》ལས།  དཔྱད་ལྔ་ལུམས་ལ་རུང་དང་མི་རུང་དང་། །བྱ་བའི་ཐབས་དང་ཕན་ཡོན་རྣམ་པ་བཞི། །རུང་བ་ཡན་ལག་རེངས་འཁུམས་ཞ་བ་དང་། །འབྲས་དང་ལྷོག་པ་རྨ་ཪྙིང་རྨ་གསར་སྐྲངས། །ཚབས་དང་རྒུར་པོ་ཤ་རུས་ཆུ་སེར་གཡོས། །རླུང་ནད་མ་ལུས་ཀུན་ལ་བསྔགས་པ་ཡིན། །བྱ་བའི་ཐབས་ལ་ཆུ་ལུམས་སྤྱིང་ལུམས་གཉིས། །ཆུ་ལུམས་སྤྱི་མཐུན་ལས་གྲུབ་ཆུ་ཚན་ཞུགས། །འགྲམས་དུག་ཚད་ཪྙིང་བྱེར་ཞིང་ཞེན་པ་དང་། །འབྲས་དང་རྨ་རྒན་སུར་ཡ་རྩ་ནད་དང་། །རེངས་འཁུམས་སྒུར་པོ་ཤ་སྐམ་འདོན་པར་བྱེད། །ཅེས་འཁོད།  འོན་ཀྱང་དམངས་ཁྲོད་དུ་དར་བའི་གཏམ་རྒྱུད་དང་།  ལོ་ངོ་སྟོང་ཕྲག་ནང་བསགས་པའི་ཉམས་མྱོང་ལས་ཐོབ་པའི་ཆུ་ཚན་གྱི་ཕན་ཡོན་གཙོ་བོ་རུས་ཆག་མཐུད་པར་ཁྱད་དུ་འཕགས་པའི་ཕན་ཡོན་ལྡན་ལུགས་སྐོར་ལ།  རུས་ཆག་མཐུད་ཅིང་འབྱུང་གཞིའི་ནད་རྣམས་སེལ། །ཞེས་ལྷ་བབས་ཆུ་ཚན་འབའ་ཞིག་གི་གནས་ཡིག་ནང་འཁོད་པ་ལས་སྨན་གཞུང་གསར་རྙིང་ནང་གཏན་ནས་འཁོད་མེད་པ་དང་།  ཐ་ན་ཁམ་བུ་ཆུ་ཚན་གྱི་གནས་ཡིག་ནང་དུའང་འཁོད་མེད་པ་ནི་ཡ་མཚན་ཆེ།  

ལྷ་བབས་ཆུ་ཚན་ཡང་ཆུ་ཚན་གཞན་དང་འདྲ་བར་ནད་ལ་གཟུགས་ལངས་གྲིབ་ཐོན་གྱི་ནུས་པ་ལྡན་པ་ནི་རུས་ཆག་ཆུ་ཚན་ཡིན་ཞིང་།  ཆུ་རྫིང་དེ་ལ་དབུས་ཀྱི་ཆབ་རྫིང་ཆེ་མོའམ་ཟངས་མདོག་དཔལ་རི་ཟེར།  བོད་ཀྱི་ཡུལ་ལུང་མང་པོར་སློབ་དཔོན་པདྨ་འབྱུང་གནས་དང་ཨ་ཅེ་རྒྱ་བཟའི་གཏམ་རྒྱུད་ཀྱིས་མ་ཁྱབ་པ་མེད་པ་དང་།  གཏེར་རི་གཏེར་ཆུ་དང་འབྲེལ་བའི་སྦས་ལུང་ཚང་མ་ཨོ་རྒྱན་རིན་པོ་ཆེ་དང་མ་འབྲེལ་བ་མེད་པ་བཞིན།  འདི་གར་ཟངས་མདོག་དཔལ་རི་ཞེས་ཐོགས་དོན་ཡང་ལུང་ཤུར་གྱི་ཤར་ངོས་སུ་བྲག་རི་གཟར་ལ་ཤིན་ཏུ་བརྗིད་པ་ཞིག་ཡོད་པ་དེ་ཉིད་གནས་ཟངས་མདོག་དཔལ་རིར་ངོས་འཛིན་པ་དང་།  དེར་སློབ་དཔོན་སྒྲུབ་པ་བསྐྱོན་ནས་བཞུགས་མྱོང་བ་དང་།  ཆུ་ཚན་དང་གཡས་གཡོན་གྱི་བྲག་རྡོག་དག་སློབ་དཔོན་གྱི་ཕྱག་ཕྲེང་ཐོར་བ་ལས་བྱུང་སྐོར་གྱི་གཏམ་རྒྱུད་ངོ་མཚར་ཅན་ཤོད་རྒྱུན་ཡོད།  བྲག་རི་དེའི་རྩེ་མོར་ད་ཆ་ལྷ་ཁང་དང་།  སྒྲུབ་ཕུག མཁའ་འགྲོའི་བྲོ་ར་སོགས་མཆོད་མཇལ་ཞུ་ས་ཡོད།  ཆུ་ཚན་དེ་ཉིད་བྲག་རི་དེའི་ནུབ་ངོས་རི་ལྡེབས་སུ་ཆགས་ཡོད་པས་ཆུ་རྫིང་ས་བབ་མཐོ་ཤོས་དེ་ཡིན་པ་དང་།  ཆུ་མིག་ཡོངས་རྫོགས་ཀྱི་དབུ་ལྟ་བུར་གྱུར་ནས་ཟླ་གམ་གྱི་གོང་པ་དང་མཚུངས།  ཆུ་རྫིང་གཞན་དག་དེའི་ཞབས་སུ་ཟླ་གམ་གྱི་གོས་ཤམ་བཞིན་ཐར་ཆགས་སུ་གནས་ཡོད།   དེའི་ཕན་ཡོན་སྐོར་ལ《གནས་ཡིག》ལས།  དབུས་ཀྱི་ཆབ་རྫིང་ཆེན་པོ་འདི། །ལྟ་ན་སྡུག་པ་ཟངས་མདོག་དཔལ་རིའི་གནས། །སྨན་གྱི་བཅུད་རྣམས་བདུད་རྩིར་བྱིན་བརླབས་པ། །སྐྱེ་འགོ་བྱང་ཤར་རིན་ཆེན་སྣ་ལྔའི་ཆུ། །སྨན་གྱི་རིགས་བྱེད་མང་ཙམ་རི་འདིར་སྐྱེས། །ལྷག་ཏུ་ཅོང་ཞི་རིགས་ལྔ་བདུད་རྩི་དཀར། །འབྱུང་བ་གཅིག་ཏུ་འདུས་པའི་ཆུ་རྒྱུན་འདི། །འཁྲུས་ཀྱི་རྫིང་བུ་འདི་རུ་འབབ་པ་ལ། །རླུང་མཁྲིས་བད་ཀན་འདུས་པའི་ནད་རིགས་དང་། །འབམ་རིགས་གྲུམ་བུ་དྲེག་དང་ཆུ་སེར་རིགས། །རུས་ཆག་མཐུད་ཅིང་འབྱུང་གཞིའི་ནད་རྣམས་སེལ། །ཁོག་ཏུ་བཏུང་ན་ནད་གདོན་ཐམས་ཅད་སེལ། །ཞེས་འཁོད།  ཆུ་ཚན་དེ་ལ་སྔར་ནས་རྫིང་བུ་གོང་འོག་གཉིས་ཡོད་པ་ལས་གོང་མ་དེ་མེ་རིའི་བྲག་ཞུན་གྱི་ཕ་བོང་ཟླ་གམ་འདྲ་བ་ཞིག་གི་འོག་ཏུ་ཆགས།  ཆུ་མིག་དེ་བཟང་པོ་ཡོད་པས་ལོ་ཤས་ནང་འཛུགས་སྐྲུན་བྱས་རྗེས་ཁྱོན་རྫིང་བུ་ལྔ་བཟོས་ཡོད་པ་དང་།  རི་འདབས་སུ་ཆགས་པའི་རྫིང་བུ་དེ་དག་ལས་རྫིང་བུ་གཉིས་ཀྱི་ཁར་འགྲུལ་ཁང་ཡོད་པས།  ནད་ཅན་ཉལ་ས་ནས་གྱོན་གོས་བརྗེ་མི་དགོས་པར་ཐད་ཀར་ཆུ་རྫིང་ནང་སྦང་ཆོག་པ་དང་།  ཆུ་རྫིང་ནས་ཐོན་མ་ཐག་ཉལ་གོས་ནང་འཛུལ་ཆོག་པས་རུས་ཆག་གི་ནད་པ་ཚབས་ཆེན་ལ་སྟབས་ཧ་ཅང་བདེ།  དེ་མིན་འགྲུལ་ཁང་ཁག་ཅིག་ཀྱང་རྫིང་བུ་དེ་དག་གི་མཐའ་འཁོར་དུ་ཡོད་པས།   མགྲོན་ཁང་ཆེན་མོའི་ནང་སྡོད་མི་དང་བསྡུར་ན།  ཟ་མ་གདན་ཐོག་གི་དཔེ་ལྟར་སྟབས་བདེ་པོ་འདུག རུས་ཆག་ནད་པ་འགྱོགས་ཁྲི་ལ་བཞག་ནས་ཡོང་མཁན་དང་།  འཁོར་ལྡན་རྐུབ་སྟེགས་ཐོག་སྡོད་དགོས་མཁན།  འཁར་རྒྱུག་ཆ་ལ་བརྟེན་དགོས་རིགས་སོགས་སུ་འདྲ་ཞིག་ཡིན་རུང་།  ཉིན་ཞག་བདུན་ཕྲག་གཉིས་སྦངས་རྗེས་རང་རྐྱ་འཕེར་བ་དང་།  བདུན་ཕྲག་གསུམ་ནས་ལང་མི་ཐུབ་པ་དང་གོམ་པ་སྤོ་མི་ཐུབ་པ་མེད་པས།  འཁར་རྒྱུག་ཆུ་ཚན་ལ་ཕུལ་ནས་ལོག་མི་ཡང་ཡང་མཐོང་རྒྱུ་ཡོད།

ཁོ་བོ་སྡོད་རིང་རུས་ཆག་ནད་པ་རྙིང་པ་ཁ་ཤས་ཐུག་པ་ཚང་མ་དེ་སྔོན་རྐང་ལག་ཆག་ནས་ཡོང་མྱོང་བ་དང་།  ད་ཐེངས་ཆུ་ལན་རྒྱག་པར་ཡོང་ཞིང་།  ཆུ་ཚན་གྱི་ཕན་ནུས་ལ་དད་པ་ལྷག་པར་ལྡན།  མཚོ་སྣ་བ་བུད་མེད་དར་མ་ཞིག་འདུག་པ་དེ་ཡང་རྐང་པ་ཆག་ནས་ཆུ་ཚན་རྒྱག་པར་ཡོང་བ་དང་།  ཉིན་ཞག་བདུན་གཉིས་ཕྱིན་སོང་ཞེས་རང་རྐྱ་འཕེར་བའི་ངང་འཁར་རྒྱུག་གཅིག་ལ་བརྟེན་ནས་འགྲོ་ཐུབ་ཀྱིན་འདུག ནད་པ་ཆེ་གེ་མོ་ཞིག་ཀྱང་དྲག་སྐྱེད་མངོན་གསལ་བྱུང་ནས་མཆན་ཁུང་འོག་ཏུ་བཙིར་དགོས་པའི་འཁར་བ་ཆ་གཅིག་ཟངས་མདོག་དཔལ་རིའི་ཆབ་རྫིང་གི་བྲག་རྡོ་ཟླ་གམ་འདྲ་བའི་ནང་དོར་འདུག་ཅིང་།  འཁར་བ་ཆ་དེ་ལས་ནད་པ་དེ་ཐོག་མར་ཡོང་སྐབས་ནད་ཚབས་ཆེ་ཆུང་ཇི་ཙམ་ཡོད་པ་རྟོགས་ཐུབ།

རུས་ཆག་ཆུ་ཚན་གྱི་ཆུ་རྫིང་ནི་ཆུ་རྫིང་གཞན་དང་མི་འདྲ་བར་ཆུ་དྲེག་མཐུག་པོ་འཁོར་ནས་འདྲེད་རྡབ་ཀྱི་ཉེན་ཁ་ཧ་ཅང་ཆེ།  ཆུ་རྒྱག་མཁན་ལ་ལས་རང་འགུལ་ངང་རྫིང་བུ་ཡང་ཡང་འཁྲུད་པར་བྱེད་ནའང་ཆུ་དྲེག་ཡང་ཡང་འཁོར་ནས་འཇམ་ཞིང་འདྲེད་སླ་བས།  གལ་ཏེ་ཡིད་གཟབ་མ་བྱས་ན་ཆུ་ཚན་དེས་རུས་ཆག་ནད་པ་གསོ་ཐུབ་ལ།  སྐྱེ་བོ་བདེ་མ་ཐང་མའི་རུས་པ་གཅོག་པར་ཡང་བྱེད་དེ།   ནད་གཞི་གཞན་དག་བཅོས་པར་ཡོང་བའི་ནད་པ་རུས་ཆག་གི་དོན་རྐྱེན་ཐོན་པ་དང་།  ནད་གཡོག་རྐང་ཆག་ལག་ཆག་ཤོར་བའི་གནས་ཚུལ་སྐོར་ཆུ་རྫིང་ཁ་ནས་ཐོར་རེ་བ་ཐོས་རྒྱུ་ཡོད།  ཉིན་ཤས་གོང་ཁྱོ་བོ་རྐང་ཆག་གི་ནད་གཡོག་ལ་ཡོང་བའི་བུད་མེད་ཅིག་ཉིན་གཉིས་པར་རུས་ཆག་ཆུ་རྫིང་ཁར་འདྲེད་རྡབ་ཤོར་ནས་རྐང་པ་ཆག་པས་ཁོང་གཉིས་མི་ལོག་ཀ་མེད་བྱུང་།  དེའི་སྐོར་ལ《གནས་ཡིག》ལས།  བྱང་ཤར་མཚམས་ཀྱི་ཆུ་བདག་གནས་མོ་འདི། །ཤིན་ཏུ་གཉན་པས་བསངས་མཆོད་དགྱེས་པར་འབུལ། །བསྟེན་དུས་གཟའ་སྐར་འཕྲོད་ལེགས་བསྟེན་པ་བཟང་། །ཞེས་རང་བྱུང་ལས་འདས་པའི་སྟོབས་ཤུགས་ཤིག་གིས་ཕན་གནོད་བྱེད་པ་ལྟར་བསྟན་ཡོད་མོད།  དད་ཅན་ལྟར་ན་ཆུ་བདག་མཉེས་མིན་ལ་ཐུག་པ་དང་།  ཚན་རིག་ལྟར་ན་རང་བྱུང་གི་གནས་ཚུལ་ལ་སྐྱེ་བོ་སོ་སོས་ངོས་འཛིན་གསལ་པོ་དང་ཡིད་གཟབ་བྱེད་དགོས་ལུགས་བསྟན་ཡོད།

གཟུགས་ལངས་གྲིབ་ཐོན་གྱི་ནུས་པ་ཐོན་པའི་ནད་གཞི་གཞན་ཞིག་ནི་ཤུ་ཐོར་དང་པགས་ནད་ཡིན་ཞིང་།  ད་ཐེངས་ཐུག་པའི་ནད་པའི་ཁྲོད་ཡུལ་ཤུལ་ནང་ཆེན་ནས་ཡིན་པའི་ཕོ་གསར་ངོ་གདོང་ཤུ་ཐོར་གྱིས་གང་བ་ཞིག་ཉིན་ཞག་ཉེར་གཅིག་འགྲོ་སྐབས་ཤུ་ཐོར་ཡོངས་སུ་བསྐམས་ནས་ཤུལ་རྗེས་ནག་པོ་ཙམ་ལས་ལུས་མེད་པ་དང་།  གཞིས་རྩེ་བ་བཟའ་མི་གཉིས་ཡོད་པ་ལས་ཁྱོ་བོ་དེའི་ངོ་གདོང་ལ་རྨ་ཤུ་ཐོན་ནས་ཆུ་སེར་འཛག་པ་དང་མིག་གིས་ལྟར་མི་བཟོད་པ་ཙམ་མཆིས།  ང་ཚོ་ཆུ་ཚན་དུ་སླེབས་མཉམ་ཡིན་པས་ཉིན་བཅོ་ལྔ་འགྲོ་སྐབས་ཐོར་པ་ཡོངས་སུ་བསྐམས་ནས་སྨ་ར་བཞར་མ་ཐག་པ་ལྟ་བུའི་རྨ་ཤུལ་ཙམ་ལས་མཐོང་རྒྱུ་མི་འདུག

པགས་ནད་ལ་དམངས་ཁྲོད་དུ་ཀླུ་ནད་ཅེས་འབོད་པ་དང་།  དེ་གར་གཙང་ཆུའི་ལྷོ་ཤར་རོང་དུ་ཀླུ་ཆུ་ཚན་ཞེས་པགས་ནད་འཇོམས་པའི་ཆུ་ཚན་ཚ་གྲང་སྙོམས་ལ་ཅུང་ཉོག་པ་ཞིག་འདུག་པ་དེ་ནི་ཁྱད་དུ་འཕགས་པ་ཞིག་ཡིན་བཟོ་མཆིས།  གནས་ཡིག་ནང་ཆུ་ཚན་དེའི་སྐོར་འཁོད་མི་འདུག་ནའང་།  ལོ་ཤས་ཀྱི་ལག་ལེན་ལས་ཆུ་ཚན་དེས་པགས་ནད་འདྲ་མིན་བཅོས་ཐུབ་པ་དང་།  ཐ་ན་སྐྱེ་བོ་ཞིག་ནད་ཀྱིས་མནར་ནས་སྨན་མང་པོར་བསྟེན་རྗེས་ནད་གཞི་དྲག་སྐྱེད་མ་བྱུང་བའི་ཁར་སྨན་ནད་ཀྱིས་མགོ་སྐྲ་བྱི་ནས་སྤྱི་ཐེར་ཆགས།  དེ་ནས་ཆུ་ཚན་དེ་ཡུན་རིང་བསྟེན་རྗེས་ནད་གཞི་དྲག་སྐྱེད་བྱུང་བར་མ་ཟད།  མགོ་སྐྱེས་ཀྱང་སླར་གསོ་བྱུང་བས།  དེ་ནས་བཟུང་ལོ་ལྟར་ལྷ་བབས་ཆུ་ཚན་ལ་ཐེངས་གཉིས་རེ་ཡོང་བ་དང་།  ད་བར་ཐེངས་བཅུ་གཉིས་ཡོང་མྱོང་སྐོར་ཤོད་རྒྱུན་འདུག་པས་ངོ་མཚར་ཆེ།  སྔོན་ཆད་ཆུ་རྫིང་དེར་འགྲོ་བར་མཎྜལ་རི་ཆུང་གཟར་པོ་དེ་ཡར་འཛེགས་མར་འབབ་བྱེད་དགོས་པས།  རྐང་ལག་མི་བདེ་བ་དང་རྒན་རྒོན་ཡིན་ཕྱིན་མིག་གིས་རྒྱང་མཇལ་ཞུ་རྒྱུ་ཙམ་དུ་ཟད།  ལོ་གཅིག་གི་གོང་ལ་མཚོ་སྣ་བ་ཞིང་པའི་ཨར་ལས་འགོ་པ་ཞིག་གིས་རང་གྲོན་བཏང་སྟེ་ཆུ་འགྲམ་དང་བྲག་མཚམས་ནས་རགས་སྟེང་ལམ་ཆུང་ཞིག་བཟོས་པས།  ད་ཆ་མི་ཚང་མ་བདེ་བར་བགྲོད་ཐུབ་པ་དང་།  ཉིན་རེའི་ཞོགས་པར་མི་མང་ཤོས་འཛོམ་སའི་རྫིང་བུ་ཞིག་ཡིན།

མ་གཞི《ཆུ་ཚན་གྲགས་ཅན་གྱི་གནས་ཡིག》ནང་། བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན་ལ་ཕན།། ཞེས་འཁོད་ནའང་། མི་རྣམས་ཀྱི་བག་ཆགས་ནང་ཆུ་ཚན་གྱིས་བཅོས་ནུས་པའི་ནད་རིགས་གཙོ་བོ་རུས་ཆག་དང་། པགས་ནད། ཚིགས་གྲུམ་དང་རྩ་གྲུམ་དྲེག་གྲུམ། རྔོ་དང་མཛེ་ནད་ལྟ་བུ་ལུས་ཕུང་ཕྱིའི་ནད་ལ་ཕན་པ་ལས། ནང་གི་དོན་སྣོད་ལ་ཕན་པ་ཅི་ཡོད་མངོན་གསལ་དོད་པོ་མེད། འོན་ཀྱང་ཆུ་ཚན་གྱིས་ནད་རིགས་མང་པོ་ཞིག་ལ་ཕན་པ་མངོན་སུམ་གྱི་ལག་ལེན་ལས་ར་འཕྲོད་ཅིང་།གྲིབ་སྐྱོན་ཕོག་རྗེས་ཀྱི་བདེ་ཐང་སླར་གསོ་དང་། ཁྲག་ཚིལ་གཅོག་པ། ཁྲག་ཤེད་སྙོམས་སྒྲིག མོ་ནད་འདྲ་མིན་སོགས་ལ་ཕན་པར་མ་ཟད།ད་དུང་མཁལ་རྡོ་དང་།མཁྲིས་རྡོ་འཇོམས་པ་ལ་ཡང་མཆོག་ཏུ་གྱུར་བ་ཞིག་ཡིན་པ་རྟོགས།ང་ཚོ་དང་མཉམ་དུ་ལྷོ་ཁ་བསམ་ཡས་ནས་ཡིན་པའི་གཞོན་ནུ་མ་རྐང་པའི་རྟིང་པ་འཛུགས་མི་ཐུབ་པ་ཞིག་ལ་ནད་རོགས་བཟའ་མི་དར་ཡོལ་གཉིས་ཡོད་ཅིང་། ཁོང་གཉིས་གཞོན་ནུ་མ་དེའི་སྲུ་མོ་དང་སྲུ་མོའི་ཁྱོ་བོ་ཙམ་ཡིན་མོད། ཁོང་གཉིས་ཀྱིས་ཆུ་ཚན་ཁར་གཞོན་ནུ་མ་དེར་མ་ཁྱབ་པ་མེད་པའི་གཅེས་སྐྱོང་བྱེད་པ་དང་། གོ་ཐོས་ལྟར་ན་གཞོན་ནུ་མའི་ཕ་མ་ལས་ཀྱང་ལྷག་པའི་བྱམས་སྐྱོང་བྱེད་ཀྱིན་ཡོད་པས། ལུས་པོ་ནད་ཀྱིས་དཀྲིས་པའི་གཞོན་ནུ་མ་དེ་ལ་མཚོན་ན། སྐྱེ་ས་ནོར་ཡང་འཚར་ས་མ་ནོར་བ་རེད་ཨང་སྙམ། ཆུ་རྫིང་ནང་འཛུལ་སྐབས་སྐྱེས་པ་དེའི་ལོང་རྩར་རྨ་རྗེས་རིང་པོ་ཞིག་ཡོད་པ་མཐོང་བས། ཁོ་བོས་རྨ་རྗེས་དེའི་སྐོར་སྐད་ཆ་དྲིས། སྐྱེས་པ་དེ་ནི་ཀུ་རེ་ཚ་པོ་ཞིག་ཀྱང་རེད་འདུག་པས་ཁོང་གིས། ཕོ་གསར་སྐབས་རྒྱག་རེས་ཤོར་ནས་གྲི་ཕོག་པའི་ཤུལ་རེད་ཟེར། ཁོ་བོས་འོ་ན་དཔའ་རྩལ་བཏོན་པའི་ཤུལ་རྗེས་རེད་འདུག་གོ་ཞེས་སྨྲས་པས་ཆུ་རྫིང་ནང་གི་མི་ཚང་མ་གད་མོ་ཤོར། ཡུད་ཙམ་སོང་རྗེས་སྐྱེས་པ་དེས་རྨ་རྗེས་དེའི་འབྱུང་ཁུངས་དངོས་ཀྱི་སྐོར་སྨྲས་དོན། ལོ་མང་གི་གོང་ལ་གྲོང་ཚོའི་སྟག་ཤར་ཚོ་དང་མཉམ་དུ་སོལ་བ་བསྲེག་པར་སོང་། གྲོག་ཤུར་ཞིག་གི་ཁ་ལ་ཤིང་སྡོང་ཞིག་འགྱེལ་བ་དེས་ཟམ་པ་བཀལ་ནས་ཡོད་ཅིང་། ཤིང་སྡོང་དེ་ཁོག་རུལ་ཡིན་པ་མ་ཚོར་བར་དེའི་སྟེང་ནས་གྲོག་ཤུར་གྱི་ཕར་ཁར་འགྲོ་སྐབས། ཤིང་སྡོང་ཆག་ནས་གྲོག་རོང་ནང་ལྷུང་། མཁལ་མ་བརྡབས་ནས་དབུགས་འཁྲིལ་བ་དང་ཉིན་གསུམ་ཙམ་སྐད་ཆ་ཡང་ཤོད་མི་ཐུབ་པར་གྱུར། འོན་ཀྱང་ཕྱི་ལ་རྨ་མེད་པས་སྨན་ཁང་དུ་མ་སོང་བར་དོམ་མཁྲིས་དང་གླ་རྩི་སོགས་སྨན་རྒྱུ་རྩ་ཆེན་ཟོས་རྗེས་དྲག་སྐྱེད་བྱུང་། ལོ་མང་སོང་རྗེས་མཁལ་སྐེད་ལ་ན་ཟུག་དྲག་པོ་ལྡང་བས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་སྐབས། མཁལ་མར་རྡོ་ཞུགས་ཡོད་པ་གཞི་ནས་ཤེས། སྨན་ཁང་ནས་མཁལ་རྡོ་གཤག་བཅོས་བྱས་ནའང་ད་དུང་རྡོ་ལྷག་མ་གསུམ་འདོན་ཐབས་མེད་པས་ལོ་ཤས་སོང་རྗེས་ཟུག་གཟེར་ལངས་པ་རེད། དེ་དུས་སྨན་བསྟེན་དགོས་རྒྱུ་རེད་ཅེས་སྨན་པས་སྨྲས། ཏག་ཏག་ལོ་ཤས་སོང་རྗེས་མཁལ་མར་ཟུག་གཟེར་ལངས། ད་ཆ་གཤག་བཅོས་བྱེད་ཐབས་མེད་པས་ཐབས་གཞན་མ་རྙེད། དེ་ནས་ལྷ་བབས་ཆུ་ཚན་དུ་ཚོད་ལྟའི་བསམ་བློ་འཆང་བཞིན་སོང་ནས་ཉིན་ཞག་བདུན་གཉིས་སྦངས་པའི་ཚེ་ན་ཟུག་འཇགས། ཆུ་ཚན་ནས་ཕྱིར་ལོག་སྟེ་ཡང་བསྐྱར་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་སྐབས་ཡ་མཚན་པ་ཞིག་ལ་མཁལ་རྡོ་དེ་དག་མི་སྣང་བར་གྱུར། འོན་ཀྱང་ལོ་གསུམ་ཙམ་འགྲོ་སྐབས་སླར་ཡང་ཟུག་གཟེར་ངས་པ་དང་། ཡང་བསྐྱར་ཆུ་ཚན་ལ་ཐེངས་གཅིག་གཉིས་སོང་ཚེ་སླར་ཡང་ལོ་གསུམ་ཙམ་རེ་འཚེ་མེད་བདེ་བར་གནས་ཐུབ་པས་དེ་ཉིད་སྨན་བཅོས་ཀྱི་ཐབས་མཆོག་ཏུ་གྱུར་ཟེར།

ཡང་ལྷ་སའི་ལས་ཁུངས་ཤིག་གི་མགོ་ཁྲིད་རྙིང་པ་ཞིག་མཁྲིས་རྡོའི་ནད་ཀྱིས་ལོ་མང་གཙེས། དེང་གི་དུས་སུ་མཁྲིས་རྡོ་གཤག་བཅོས་དང་། རྒྱུ་ལྷག་གཤག་བཅོས། བུ་བཙའ་གཤག་བཅོས་ལྟ་བུ་གཤག་བཅོས་ཧ་ཅང་ཆུང་ཆུང་དང་སྟབས་བདེ་པོ་ཡིན་པས། མཁྲིས་རྡོས་ཟུག་རྔུ་སྐྱེས་ན་འཕྲལ་མར་མཁྲིས་པ་བཀོག་ནས་གཡུག་རྒྱུ་དེ་ལས་སླ་ཤོས་ཡིན་མོད། ཁོང་ལོ་ཆེ་ཙམ་དང་བསམ་བློ་བག་འཁུམས་ཅན་ཞིག་ཡིན་པས་གཤག་བཅོས་བྱེད་མི་འདོད། དེས་ན་སྒེར་གྱི་སྨན་པར་བསྟེན་ནས་དུས་དང་རྣམ་པ་ཀུན་ཏུ་འཕྲོད་སྦྱོར་དང་སྔོན་འགོག་བྱ་རྒྱུ་དེ་ཡིན་པས་ལོ་ལྟར་འགྲོ་སོང་མི་ཉུང་བ་ཞིག་གཏོང་དགོས་ཀྱིན་ཡོད། ཉིན་ཞིག་ལྷ་བབས་ཆུ་ཚན་གྱིས་མཁྲིས་རྡོ་དང་མཁལ་རྡོ་སོགས་འཇོམས་ཐུབ་ལུགས་ཐོས་པས་ཚོད་ལྟ་བྱེད་པར་འདོད། འོན་ཀྱང་དེང་སང་ཀྲུང་ལུགས་དང་བོད་ལུགས་སྨན་པ་ཆེ་གེ་མོས་གཤག་བཅོས་བྱེད་མི་དགོས་པར་མཁྲིས་རྡོ་དང་མཁལ་རྡོ་མེད་པར་གཏོང་ཐུབ་ལུགས་དང་།སྨན་ག་གེ་མོས་ན་ཟུག་མྱོང་མི་དགོས་པར་རྡོ་བསལ་ཐུབ་ལུགས། ཐ་ན་ལྷ་པ་ཆེ་གེ་མོ་དང་། པྲ་པ་ཆེ་གེ་མོས་མཚོན་ཆ་ཁབ་ཀྱི་རྩེ་མོ་ཙམ་མི་དགོས་པར་རྡོ་འདོན་ཐུབ་ལུགས་སོགས་ཀྱི་ཆ་འཕྲིན་མང་དག་ཡོད་པར་མ་ཟད། སྨན་དང་ཐབས་ཤེས་ལ་ལ་ཚོད་ལྟ་བྱས་མྱོང་ནའང་དེ་ནི་ནམ་མཁའ་སྤར་འཛིན་ཙམ་དུ་ཟད། ལས་བྱེད་པ་རྒན་གྲས་དེའི་བུ་ཕྲུག་ཚོ་ཆུ་ཚན་ལའང་ཡིད་ཆེས་མེད་པས། ཆུ་ཚན་ཁར་སྐྱེལ་འདོད་དང་ཞབས་ཕྱི་ཞུ་འདོད་མ་བྱས། འོན་ཀྱང་ཁོང་གི་ཨུ་ཚུགས་བཟློག་མ་ཐུབ་པར་དཔྱིད་ཀ་ཞིག་ལ་ལྷ་བབས་ཆུ་ཚན་དུ་ཁྲིད་ནས་ཞབས་ཏོག་ཞུས། ཆུ་ཚན་ནང་ཉིན་ཞག་བཅུ་གྲངས་སྦངས་ནས་ཁྱིམ་དུ་ལོག་པའི་ཚེ། ལུས་ཁམས་ཧ་ཅང་བདེ་རུ་སོང་བའི་སྣང་བ་འཆར་བས། ཉིན་ཞིག་སྨན་ཁང་དུ་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་འབྲས་བུ་སྒོ་བསྟེན་སྨན་པར་བསྟན་པ་ན་མཁྲིས་རྡོ་མཐོང་རྒྱུ་མེད་པས། སྨན་པ་ཡ་མཚན་སྐྱེས་ནས་ཁྱེད་རང་གིས་སྨན་གང་རེ་ཟོས་པ་ཡིན་ནམ་ཞེས་དྲིས། ལས་བྱེད་པས་མ་གསང་དྲང་གཏམ་བརྗོད་པ་ན། ནུབ་ལུགས་གསོ་རིག་གིས་ཚན་རིག་ལ་ཡིད་ཆེས་པ་ལས། ཐ་ན་བོད་སྨན་ལའང་ཡིད་ཆེས་དེ་ཙམ་མེད་པའི་སྨན་པ་དེ་ཡིད་མ་ཆེས་པར།ཀུ་རེ་མ་ཤོད་དང་། སྨན་ངོ་མཚར་ཅན་དེ་གང་ནས་བྱུང་ངམ། གང་རེ་རེད་དམ་ཞེས་རྒྱུ་མ་ཕུ་འདེད་བཏང་། དེ་ནས་བཟུང་ལོ་གཉིས་གསུམ་རེའི་མཚམས་སུ་ཆུ་ཚན་ལ་ཐེངས་རེ་འགྲོ་བ་དང་། ཆུ་ཚན་གྱི་འགྲོ་གྲོན་ནི་ཧ་ཅང་མཐོ་ནའང་ཐེངས་རེར་སྒོར་སུམ་སྟོང་ཙམ་ལས་མི་དགོས་པ་དང་། ཆུ་ཚན་ཐེངས་རེ་བརྒྱབ་རྗེས་ལོ་ཤས་རིང་ནད་གཞི་རང་ཡལ་དུ་འགྲོ་བས། བུ་ཕྲུག་ཚོས་ཀྱང་རང་འགུལ་ངང་ཡབ་ཆེན་ལ་ཆུ་ཚན་དུ་འགྲོ་རྒྱུར་དྲན་སྐུལ་བྱེད་པ་དང་། རང་རྟོགས་ངང་སྐྱེལ་བསུ་བྱེད།

རྡོ་རྗེ་ཕག་མོའི་བྷ་གའི་འབབ་ཆུའི་འགྲམ་དུ་ཆགས་པའི་ཕོ་བའི་ཆུ་ཚན་གྱི་ཕན་འབྲས་ཀྱང་ངོ་མཚར་ཆེན་པོ་ཞིག་ལགས་ཏེ། ད་ལྟ་རྫིང་བུ་གཉིས་དང་ཆུ་འཐུང་སའི་ཆུ་མགོ་ཞིག་ཡོད་པ་ལས། རྫིང་གོང་མ་ནི་དྲོད་ཚད་མཐོ་བས་ཆུ་རྫིང་ནང་མི་མང་པོ་མེད་ན་ལུས་མི་ཚུགས་པ་ཙམ་མཆིས། ཆུ་དེའི་ཕན་ནུས་སྐོར་ལ《གནས་ཡིག》ནང་། རྭ་ཚྭ་མཛེ་ཚྭ་མུ་ནག་འདྲེས་པའི་ཆུ།།  སྐྱུག་ཆུ་ཡིན་པས་ཁ་ཟས་སྔོན་དུ་གཏོང་། ཕོར་པ་བཅུ་གཉིས་ཙམ་ཞིག་བཏུངས་པའི་རྗེས། ཕུག་རོན་སྒྲོ་དང་མཛུབ་མོས་གྲེ་བར་གཏུགས། བད་ཀན་དུག་སྨུག་བད་ཀན་མ་ཞུ་སྐྱུག ཅེས་འཁོད་པ་ལྟར། རྫིང་བུའི་ནང་སྤངས་པ་ཙམ་གྱིས་མི་འགྲིག་པར། ཟས་ཟོས་རྗེས་ཆུ་དེ་ནས་མང་ཙམ་བཏུངས་ཏེ་སྐྱུག་ནུས་ན་ཕན་པ་ཆེན་པོ་ཡོད་པར་བཤད། གོང་དུ་བརྗོད་པའི་གོ་འཇོའི་བགྲེས་མོ་ཀརྨ་ཆོས་སྒྲོན་ནི་དཔེ་མཚོན་གཅིག་ཡིན་ཏེ། ཁོང་གིས་བཤད་པ་ལྟར་ན། ཆུ་ཚན་ཡུན་རིང་བསྟེན་པ་དང་། ཆུ་དེ་ནས་ཡུན་རིང་བཏུངས་རྗེས་གང་ཙམ་ནས་ཕོ་བའི་ནང་ནས་དངོས་པོ་དཀར་པོ་རིང་བསྲེལ་འདྲ་བ་མང་པོ་ཞིག་བསྐྱུགས། དེ་ནས་རིམ་བཞིན་བད་ཀན་སྐྱ་བོའི་ནད་སངས་དྲག་ཏུ་སོང་ཟེར། དེའི་སྐོར་སྨན་པ་ལ་བཀའ་འདྲི་ཞུ་རྒྱུ་མ་བྱུང་ལ། ཁོང་རང་ཉིད་ཀྱིས་བརྗོད་པ་ལྟར་བད་ཀན་སྐྱ་བོའི་ནད་ཡིན་མིན་ཡང་མི་ཤེས། འོན་ཀྱང་ཁོང་ཐེངས་ཉེར་བདུན་ཡོང་མྱོང་ལུགས་ལ་གཞིགས་ན། ཆུ་ཚན་གྱིས་ཁོང་གི་སྲོག་བསྐྱབས་པ་དང་ཚེ་བསྲིངས་མྱོང་བར་གདོན་མི་ཟ།

ཚེ་རིང་ནོར་བུ་ལགས་ཀྱི་ལག་ཐོགས་ཁ་པར་ནང་བརྙན་ཐུང་ཞིག་མཆིས་པ་དེའི་ནང་དོན་ནི་ཡར་འབྲོག་པ་སྐྱེས་པ་ཞིག་གིས་ཁོང་རང་ཉིད་ཀྱི་ཕོ་བ་ཇི་ལྟར་དྲག་སྐྱེད་བྱུང་སྐོར་བརྗོད་པ་ཞིག་རེད་འདུག ནད་ཅན་དེས་བཤད་ན། ཁོང་ལ་ཕོ་བའི་ནད་སྡུག་པོ་ཞིག་ཕོག་སྟེ་སྨན་དཔྱད་ཇི་ལྟར་བྱས་ཀྱང་མ་ཕན། ན་ནིང་ལྷ་བབས་ཆུ་ཚན་དུ་སོང་ནས་ཆུ་ཚན་གཉེར་བདག་གི་ཁ་ཏ་བཞིན་ཕོ་བའི་ཆུ་ཚན་སྦངས་པ་དང་སྦྲགས་ཉིན་ལྟར་ཆུ་འཐུངས། ཐོག་མའི་དུས་སུ་མང་པོ་འཐུང་མི་ཐུབ་ལ་ཉུང་ཟད་ལས་སྐྱུག་མ་ཐུབ། དེ་ནས་བརྟུན་པ་བསྐྱེད་དེ་མུ་མཐུད་ཆུ་ཚན་སྦངས་པ་དང་ཆུ་ཡང་ཡང་འཐུངས་པས། རྗེས་སུ་ཁྲག་སྨུག་པོ་མང་པོ་བསྐྱུགས། ཆུ་ཞག་ཐིམ་ནས་ཁྱིམ་དུ་ལོག་རྗེས་ཕོ་བ་ཇེ་བདེ་ཇེ་བདེར་སོང་བ་དང་། ལོ་གཅིག་ཙམ་སོང་རྗེས་ཕོ་བ་སངས་དྲག་ཏུ་སོང་འདུག་ཟེར། ཕོ་བའི་ནད་པ་མང་པོ་ཞིག་གིས་ཀྱང་ཆུ་ཚན་དེ་སྦངས་པ་དང་འཐུངས་ནས་ཁྲག་སྨུག་པོ་བསྐྱུགས་རྗེས་དྲག་སྐྱེད་བྱུང་བའི་སྐོར་བརྗོད་པར་བྱས་པས། ཆུ་ཚན་དེ་ནས་མང་ཙམ་བཏུང་ན་སྐྱུག་མ་ནུས་ཀྱང་ཕན་པ་ཡོད་པ་མངོན་སུམ་ཚད་མས་གྲུབ་པར་རྟོགས། ཁོ་བོ་ན་ནིང་ལོ་སྟོད་ནས་བཟུང་ཕོ་བ་བདེ་པོ་མ་བྱུང་བར་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཐེངས་འགའ་སོང་ཞིང་། ཐོག་མར་ཕོ་ཤེལ་རྒྱག་པའམ་ཕུ་བཏབ་སྟེ་ཕོ་བའི་འབུ་ཕྲ་དབྱུག་དབྱིབས་ཡོད་མེད་བརྟག་པར་འདོད་མོད། པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་དབང་གིས་ལོ་སྟོད་དུ་ནད་པ་མང་པོ་ཞིག་སྨན་ཁང་ལ་བསྟེན་ས་མེད་པར་ལུས་པ་དང་། དུས་ཚིགས་གཉིས་པ་ཙམ་ནས་བོད་དུ་ནད་དཔེ་གཏན་ནས་མེད་ནའང་ནད་འགོག་རྒྱུན་གཏན་ཅན་དུ་འགྱུར་བའི་རེ་བ་ནན་པས །སྨན་ཁང་བསྟེན་མིའི་རླངས་འཁོར་སྨན་ཁང་ནང་མ་བཏང་བར་ལམ་ཟུར་དུ་འཇོག་དགོས་པ་དང་། ལམ་ཟུར་དུ་བཞག་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་ཆད་དངུལ་འགེལ་བ། སྨན་ཁང་ནང་འགྲོ་བར་ཁ་རས་རྒྱག་དགོས་པ་དང་། འཕྲང་འགག་བཟོས་ནས་ཚ་བ་བརྟག་དགོས་པ། ད་དུང་བདེ་ཐང་གི་ཨང་རྟགས་ལྗང་ཁུ་སྟོན་དགོས་པས་རྒན་རྒོན་དང་ཞིང་པ་འབྲོག་པ་ངུ་མེད་དགོད་མེད་བཟོས། ཕོ་ཤེལ་དང་ཕུ་འདེབས་བརྟག་དཔྱད་བྱེད་པར་ཡང་ཉིན་གསུམ་ནང་ཚུན་གྱི་བྱང་ཁོག་ལCTབརྒྱབ་པའི་པར་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་སྟོན་དགོས་ཤིང་། ཁོ་བོ་ལོ་སྟོད་ནངCTཐེངས་གཉིས་བརྒྱབ་ཟིན་ནས་སླར་ཡང་རྒྱག་འདོད་མེད་པས་ཕོ་བའི་བརྟག་དཔྱད་བློས་གཏོང་བྱས། ཆུ་ཚན་བརྒྱབ་ནས་ཁྱིམ་དུ་ལོག་རྗེས་ཕོ་བ་ཡང་བདེ་རུ་མངོན་གསལ་སོང་བའི་སྣང་བ་སྟེར་བས། ཆུ་ཚན་གྱིས་ཕན་པར་གདོན་མི་ཟ།

ཕོ་བའི་ཆུ་ཚན་གྱི་ཆབ་རྫིང་སྦུག་མའི་བྲག་ལྡེབས་སུ《གནས་ཡིག》དུམ་བུ་ཞིག་མཆིས་པ་དེར་སྦར་མོས་ཆུ་བཤོས་ན་གཞི་ནས་གསལ་ཙམ་མཐོང་བ་ལས་དེ་ཙམ་གསལ་པོ་མ་མཆིས། ཆུ་ཚན་དེའི་གནས་ཡིག་ལ་རྡོ་ཡིག་ཅེས་སུ་འབོད་དོན་ཡང་སྔོན་ཆད་ཆུ་ཚན་སོ་སོའི་མིང་དང་ཕན་ནུས་བྲག་གི་ལྡེབས་ལ་བརྐོས་ཡོད་པ་རྗེས་སུ་མཐོང་བྲག་བླ་མ་ཐུབ་བསྟན་དགེ་ལེགས་མཆོག་གིས་བྲག་བརྐོས་མ་ཡིག་རྣམས་ཇི་མ་ཇི་བཞིན་ཤོག་ཐོག་ཏུ་ཕབ་ནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བར་མཛད་ཅིང་། སྐབས་འདིར《ཁམ་བུ་ཆུ་ཚན་གྱི་གནས་ཡིག》ནང་འཁོད་པ་སྟེ། དལ་རྟེན་ཨུ་དུམ་ཝ་རའི་མེ་ཏོག་གིས། གསོན་བྱེད་ཡེ་ཤེས་བདུད་རྩི་ངོ་མཚར་ཆེ། ནད་ངོ་མི་ཟིན་སྨན་དང་དཔྱད་ལོག་གི ། འདོད་པ་ཅན་གྱི་ལྷ་རྗེ་སྟོང་ལས་ལྷག ། ཅེས་པའི་དུམ་བུ་གཅིག་དང་འབྲེལ་ནས་སྨན་པ་ལ་ལར་ཕོག་ཐུག་འགྲོ་བའི་ཤོད་རྒྱུན་ཞིག་ཀྱང་ཡིད་ལ་དྲན།

གངས་ཅན་ལྗོངས་ཀྱི་རི་སུལ་གང་སར་གནས་པའི་ཆུ་ཚན་ནི་ས་མཐོའི་འགྲོ་བ་ནད་པའི་གསོས་སུ་སྨིན་པའི་ངོ་མཚར་གྱི་བདུད་རྩི་ཡིན་པས། སྔར་ནས་བཟུང་སྨན་དང་སྨན་པ་དཀོན་པའི་གནས་སྐབས་སུ་འགྲོ་བ་དུ་མས་རང་བྱུང་ཁམས་ཀྱི་ལེགས་སྐྱེས་དེ་ལོངས་སུ་སྤྱོད་པའི་བརྒྱུད་རིམ་ནང་། འདོད་པ་ཅན་གྱི་ལྷ་རྗེ་ལ་ལའི་ཡོང་སྒོ་བཀག་ནས་ཆུ་ཚན་དང་ལྷ་རྗེའི་བར་ལ་འགལ་ཟླ་ཐོན་གྱིན་ཡོད་པར་ངེས། དེའི་ཚེ་དེང་སྐབས་ཁམ་བུ་ཆུ་ཚན་གྱི་གམ་དུ་བཞུགས་པའི་སྨན་པ་དང་། ལྷ་རྩེའི་གཞིས་ཆེན་ཆུ་ཚན་གྱི་ཆུ་བདག་ལགས་ལྟ་བུ་སྨན་དང་ཆུ་ཚན་ཟུང་འབྲེལ་གྱིས་འགྲོ་བ་ནད་པར་ཕན་ལ། ལྷ་རྗེའི་ཡོང་སྒོར་ཡང་མི་གནོད་པ་ནི་ཐབས་དང་ལྡན་པའི་སྐྱེ་བོ་ཞེས་བསྔགས་པར་འོས། འོན་ཀྱང་ལྷ་བབས་ཆུ་ཚན་ལྟ་བུ་མི་མེད་ལུང་སྟོང་དུ་གནས་པས་སྨན་པ་རང་ཉིད་དེ་གར་སྡོད་ཐབས་མེད་པ་དང་། མི་རྣམས་ཆུ་ཚན་རྒྱག་པར་སོང་ནས་སྨན་པའི་ཡོང་སྒོར་གནོད་པའི་དོན་དངོས་འགོག་ཐབས་མེད་པའི་གནས་སྐབས་སུ། རང་འདོད་ཅན་གྱི་སྨན་པ་ཞིག་ཆུ་ཚན་ལ་སྐྱེས་པའི་འཁོན་སེམས་བཟློག་ཐབས་མེད་པས། ས་འོག་ནས་ཐོན་པའི་ཆུ་ཚན་གྱི་ཆུ་མིག་བསུབ་ཐབས་མེད་ཀྱང་ཁོས་བྲག་བརྐོས་ཀྱི་གནས་ཡིག་རྣམས་རྡོ་བས་གཙབས་ནས་མང་པོ་ཞིག་མེད་བརླག་ཏུ་བཏང་ཚུལ་དམངས་ཁྲོད་དུ་རླུང་ལྟར་གྲགས། དེ་ནས“གོད་ཆགས”ཀྱི་སྐབས་སུའང་དེ་གའི་གནས་དང་ཤུལ་མང་པོ་ཞིག་རྡུང་རྡེག་གི་ལས་དབང་ལས་མ་ཐར་བར་གཏོར་བཤིག་ཕོག ངས་དེ་ལ་ཀུ་རེའི་ཚུལ་དུ་འོ་ན་ལྷ་བབས་ཆུ་ཚན་ལ“དུས་འགྱུར”སྔོན་ལ་འཕྲད་པ་རེད་ཅེས་བརྗོད།

མི་མང་པོ་ཞིག་སྦང་མོས་ཤོས་ནི་གཙང་འགྲམ་དུ་ཆགས་པའི་སྒྲོལ་མའི་སྨན་ཆུ་དང་མཁལ་མའི་ཆུ་ཚན་ཞེས་ཆུ་རྫིང་སྦྲེལ་མ་དེ་ཡིན་ཞིང་།《གནས་ཡིག》ལས། ཆབ་རྫིང་གོང་མོ་ཞེས་སུ་བྱ་བ་འདི།། སྒྲོལ་དཀར་ཞབས་མཐིལ་འབབ་པའི་ཆུ་ཡིན་པས།། སྐྱེས་འགོའི་གནས་སུ་དུག་རིགས་མང་ཙམ་སྐྱེས།། གཉན་རིགས་རྨ་དང་གྲང་བའི་ནད་ལ་བསྔགས།། རེག་དུག་ཚ་བ་འཇོམས་ལ་ཕན་པར་ངེས།། རྩ་ཤ་ཁྲག་མཁྲིས་ཅན་རྣམས་རན་ཙམ་བསྟེན།། ཞེས་པ་དང་། དེ་དང་མཉམ་དུ་འབྲེལ་བའི་མུ་ཟི་ནག་པོའི་ཆུ་ཚན་དེ་ནི《གནས་ཡིག》ལས། དེ་འགྲམ་མུ་ནག་ཆུ་ཚན་ཤིན་ཏུ་ཚ།། གྲུམ་དང་མཛེ་ནད་གྲང་བའི་རིགས་ལ་ཕན།། རྔོ་དང་རྟ་བོང་སྒལ་རྨ་ཀུན་ལ་ཕན།། སྡིག་ཆེན་ཤིག་འདུལ་ཅན་རྣམས་ཨ་ཙ་མ།། དམར་པོའི་ཚེས་རྣམས་སངས་ན་ལིང་ཐོག་འདོན།། ཞེས་འཁོད། དེང་གི་དུས་སུ་རྟ་བོང་གི་སྒལ་རྨ་དང་ཤིག་ནད་བཅོས་པའི་དགོས་པ་མེད་མོད། མུ་ནག་ཆུ་ཚན་དེ་ད་དུང་གཅིན་སྙི་ཟ་ཁུའི་ནད་ལ་ཡང་ཕན་པ་ཡོད་ལུགས་སྨྲ། རྫིང་བུ་དེ་གཉིས་ཤེལ་ལྟར་དྭངས་པས་མཐིལ་གྱི་ཤག་ཕྱེ་སྔོ་ཐིང་ཐིང་མཐོང་ཐུབ་པ་དང་། གྱང་བསྐོར་བ་དང་གཡབ་ཐོག་བཀབ་ཡོད་པས། གཙང་འགྲམ་གྱི་ལྷགས་པ་ངར་པོ་དེ་ཁོགས་པར་མ་ཟད། ཉི་ལྷགས་གཉིས་ཀྱིས་གཙེས་དོགས་མེད་ལ། ཐོག་ཕྱེད་ཡིན་པས་སྦུབས་སུག་དོག་པོ་ཡང་མེད། ཆུ་རྫིང་གཏིང་ཟབ་ལ་ཆུ་རྐྱལ་ཡང་རྒྱག་ཆོག་པས། ཉིན་ཞིག་མཆིམས་ཕུའི་བཙུན་མ་བཞིའི་ནང་གི་ཀུ་རེ་ཚ་བའི་བཙུན་མ་ཞིག་གིས་ཆུ་རྐྱལ་རྒྱག་ཁུལ་གྱིས་བསྟན་བཤིག་བསླངས་ནས་མི་ཚང་མ་གད་མོས་གྲོད་པ་ལག་པས་སྐྱོར་དགོས་པ་བཟོས། རྫིང་བུ་དེ་གཉིས་ལས་མཁལ་མའི་ཆུ་ཚན་དེ་ཧ་ཅང་ཚ་བ་དང་། གཞན་དེ་ཚ་གྲང་སྙོམས་པས་རེས་མོས་སུ་བརྒལ་ན་རེག་ཚོར་གྱི་བདེ་བ་ཁྱད་པར་བ་སྟེར་བར་བྱེད། དེའི་ཁར་དེའི་ཉེ་འགྲམ་དུ་ཆུ་ཉལ་རྒྱག་སའི་ཁང་ཆུང་གཉིས་དང་ཁང་ཆུང་ནང་པང་ལེབ་ཀྱི་གདན་བཀྱག་ཀྱང་བརྒྱབ་ཡོད་པས། ཁོ་བོས་ལྦུ་སོབ་ཀྱི་གདན་ཞིག་འཁྱེར་ཡོད་པ་དེ་གར་བཞག་ནས་སོ་སོ་ངལ་གསོ་རྒྱག་ཆོག་ལ། མི་གཞན་གྱིས་ཀྱང་སྤྱད་ཆོག་པས་ཉིན་ལྟར་སྦང་ཡུན་རིང་ཤོས་ཀྱི་ཆུ་རྫིང་དུ་གྱུར།

དེ་ནས་ལ་ཆུང་ཞིག་བརྒྱབ་ན་མོན་མཁར་བྲག་ཅེས་བྲག་རི་ཡ་མཚན་ཅན་ཞིག་ཡོད། དེ་ནི《གནས་ཡིག》ལས། མོན་མཁར་བྲག་ལ་གུ་རུས་སྐུ་རྗེས་བཞག ཅེས་གུ་རུའི་སྐུ་རྗེས་དང་། གུ་རུ་གཙོ་འཁོར་གསུམ་གྱི་རང་བྱོན་སོགས་དད་རྟེན་མང་པོ་ཞིག་ཡོད། དེ་ལས་ཀྱང་ངོ་མཚར་ཆེ་བ་ནི་མཐའ་སྐོར་རིང་ཚད་ལ་སྨི་ལྔ་བརྒྱ་ཙམ་ལས་མེད་པའི་བྲག་རི་ཆུང་ཆུང་ཞིག་གི་རྒྱབ་མདུན་གང་སར་འཇམ་རྩུབ་དང་། ཚ་གྲང་། རོ་དང་ནུས་པ་མི་འདྲ་བའི་ཆུ་ཚན་ཁག་ལྔ་དང་ཆུ་རྫིང་དྲུག་ཡོད་ཅིང་། རྩ་གྲུམ་ཆུ་ཚན་རྫིང་བུ་གཉིས་ཡོད་པར《གནས་ཡིག》ལས། ཆབ་རྫིང་འདི་ཉིད་ཅོང་ཞི་རིགས་ལྔའི་རྒྱུན།། ཆུ་ནི་འཇམ་པས་ནད་རིགས་ཀུན་ལ་ཕན།། ཁྱད་པར་ཚད་རྙིང་ཚིགས་འཁྱོག་ལྕེ་སྤྱང་མགོ། བད་མཁྲིས་ཁྲག་ནད་ཅན་དང་འབམ་རིགས་འཇོམས།། སྟེང་གདོན་རྩ་དཀར་འོག་གདོན་མཛེ་ནད་འཇོམས། ཞེས་པ་ལྟར་གཙོ་བོ་རྩ་གྲུམ་ལ་ཕན་པར་བཤད་པ་དང་། ཆུ་རྫིང་དེ་གཉིས་ཀྱི་ཚ་གྲང་ཡང་མི་འདྲ་ལ། ཆུ་ཚ་དྲོད་ཆེ་ཙམ་ཡོད་པས་ཚ་སྲོན་ཞན་པའི་སྐྱེ་བོས་འཁྲིས་ཀྱི་ཀ་ལ་ནས་ཆུ་གྲང་མོ་བསྲེ་བ་དང་། ཚ་སྲོན་ཆེ་བ་ཚོས་ཀ་ལའི་ཆུ་གྲང་མོ་བསྲེས་ན་ཕན་ཐོགས་མེད་ཅེས་སྐད་ངན་འཆོར་བའི་གནས་ཚུལ་ཡང་ཡང་ཐོན། འགྲུལ་ཁང་མང་པོ་ཞིག་ཆུ་རྫིང་དེ་གཉིས་ཀྱི་མཐའ་འཁོར་དུ་གནས་པ་དང་། སྐྱེ་བོ་འདྲ་མིན་མཆིས་པའི་དབང་གིས། ཐ་ན་ལ་ལས་ཆུ་རྫིང་གི་ཆུ་རྙིང་པ་གློད་རྗེས་ཐེམ་བུ་ཡག་པོ་མ་བཀག་པའི་དབང་གིས་ཞོགས་པ་ཆབ་རྫིང་སྟོང་པར་གྱུར་བའི་གནས་ཚུལ་ཡང་རྟག་ཏུ་ཐོན་པས། ཆུ་རྫིང་འདི་གཉིས་ལ་སྦོང་མི་མང་ཙམ་ཡོད་ནའང་ཆུ་རྫིང་གཅིག་ནང་འཚང་ཁ་རྒྱག་དགོས་པའི་སྣང་ཚུལ་ཐོན་གྱིན་འདུག བྲག་རིའི་ནུབ་ངོས་ཀྱི་ལམ་འགྲམ་དུ་ཐོག་མེད་རྫིང་བུ་ཆེན་པོ་ཞིག་ཡོད་པ་དེའི་ནུས་པའི་སྐོར《གནས་ཡིག》ནང་འཁོད་མེད་མོད། ད་ལྟ་ནད་རིགས་ཀུན་འཇོམས་རྫིང་བུ་ཞེས་བཏགས། ཆུ་རྫིང་དེ་ཡང་དྭངས་ལ་ཚ་དྲོད་ཆེ་བས་ཐོ་རངས་གློག་སྒྲོན་འོག་ཏུ་རླངས་པ་འཕྱུར་འཕྱུར་འཐུལ་བ་དང་། དེའི་ནང་འཛུལ་ཚེ་ལྕགས་རི་དང་ཐོག་ཡོད་པའི་ཆུ་རྫིང་དང་མི་འདྲ་བར་གཡས་གཡོན་གྱི་རི་དང་། གཙང་ཆུ། ནམ་མཁའ་བཅས་མཐོང་ཐུབ། ས་སྲོས་དང་ཐོ་རངས་ཆུའི་ནང་འཛུལ་བའི་ཚེ་ནམ་མཁའི་སྐར་ཚོགས་ལ་ལོངས་སྤྱོད་བྱས་ཆོག་པས་ཚོར་སྣང་མི་འདྲ་བ་ཞིག་སྟེར་བར་བྱེད། ཡ་མའི་ཆུ་ཚན་རྫིང་བུ་གཅིག་ཡོད་པ་དེ་ནི《གནས་ཡིག》ལས། བར་གྱི་བྲག་ལོགས་མུ་ཟི་ལྗང་ཁུའི་ཆུ།། པད་གླིང་ཐུགས་སྲས་བདུན་པའི་གཏེར་ཆུ་རེད།། མཛེ་ནད་ཅན་ལ་ཤིན་ཏུ་བསྔགས་པ་ཡིན།། ཞེས་འཁོད་ནའང2016ལོའི་གོང་ལ་དེ་གར་ཆུ་མིག་ཙམ་ལས་རྫིང་བུ་མེད་པར་གཙོ་བོ་འགྲུལ་པ་ཚོའི་ལྟོ་སྣོད་འཁྲུད་ས་བྱེད། ད་ལྟ་རྩ་གྲུམ་ཆུ་ཚན་གྱི་འགྲམ་དུ་ཐོག་མེད་རྫིང་བུ་ཟུར་གསུམ་མ་ཞིག་བཟོས་ཡོད་པ་དང་། ཡ་གྲིབ་ཅན་དང་ཡ་མ་དཀར་ནག་ལ་ཕན་པ་ཡོད་ལུགས་རྗོད་ཀྱིན་འདུག་པས། ཆུ་རྫིང་ལ་ལའི་དེང་སང་གི་མིང་འདོགས་སྟངས་དང་ནུས་པའི་སྐོར《གནས་ཡིག》དང་ཅུང་མི་འདྲ་བར་སྣང་། མོན་མཁར་བྲག་རིའི་ནུབ་འདབས་སུ་ཆགས་པའི་རྫིང་བུ་གཉིས་ཡོད་པ་ལས། གཅིག་ནི་ཆག་ལུང་རྫིང་བུ་ཞེས་པ་དེ་ཡིན་ཞིང་།《གནས་ཡིག》ལས། ཆག་ལུང་ཆུ་ནི་ཚ་གྲང་འཕོ་འགྱུར་ཆེ།། ཚ་གྲང་གང་དགོས་རིག་པས་གདགས་སྲིབ་སྒྱུར།། ཁོང་དམར་ནད་རྣམས་ཀུན་ལ་ཕན་པ་སྙོམས།། ཞེས་འཁོད་ཡོད་པ་དང་། ད་ལྟ་ཁོག་ནད་ཆུ་ཚན་ཞེས་བྲིས་པ་ལས་ཁྲག་ནད་ལ་ཕན་ལུགས་ཤོད་རྒྱུ་མི་འདུག ལྷ་རྗེ་བཀྲ་ཤིས་ཚེ་རིང་ལགས་ཀྱི་ལྗགས་རྩོམ་ནང་། ཁོང་དམར་ནད་ཅེས་པ་ནི་དམར་ཞེས་པ་སྨན་གཞུང་ནང་ཁྲག་ལ་གོ་རྒྱུ་ཡོད་པས། ཆུ་ཚན་འདིས་ཕལ་ཆེར་ཁོང་ནད་ཀུན་ལ་ཕན་པ་དང་ཁྲག་གི་རྒྱུ་བ་སྙོམས་པར་བྱེད་པའི་ནུས་པ་ཡོད་ཅེས་གོ་དགོས་སོ།། ཞེས་འཁོད། ད་དུང་ཕན་ནུས་གཞན་ཞིག་ནི་མོ་ནད་ཀུན་ལ་ཕན་པ་ཡོད་པའི་སྐོར་ཤོད་རྒྱུན་ཡོད་པས། རྫིང་བུ་ཆུང་ལ་བུད་མེད་སྦོང་མི་མང་བས་འཚང་ཁ་ཆེ་ཙམ་ལྡན། དེའི་ཉེ་འགྲམ་དུ་ད་དུང་ཆུ་རྫིང་གཅིག་ཡོད་པ་དེའི་མིང་ལ་མོན་མཁར་ཆུ་ཚན་དང་པོ་ཞེས་འབོད་པ་དང་། ནུས་པའི་ཆ་ནས་འབམ་གྲུམ་ཆུ་ཚན་ཞེས་འཁོད། ཆུ་ཚན་དེའི་སྐོར་ཡང《གནས་ཡིག》ནང་འཁོད་མེད་མོད། ཆུ་ཚན་དེ་ཚ་དྲོད་སྙོམས་ནའང་མུ་ཟིའི་དྲི་མངོན་གསལ་ཁ་ལ་ཅུང་ཉོག་པ་དང་། དེའི་ནང་སྦངས་དྲགས་ན་མགོ་ན་བ་དང་། མགོ་ཡུ་འཁོར་བ། སྐྱུག་མེར་ལྡང་བ་སོགས་ཡུན་རིང་པོ་མི་ཚུགས་པས་མི་མང་པོ་ཞིག་གིས་ཆུ་ཚན་འདིའི་ཆུ་ལྕི་ཤོས་ཡིན་པར་ངོས་འཛིན་བྱེད། འོན་ཀྱང་འབམ་གྲུམ་དང་རྩ་གྲུམ་ནི་ས་མཐོའི་སྐྱེ་བོ་དག་ལ་མངའ་བའི“ཁྱད་ནོར”ཆེན་པོ་ཞིག་ལགས་པས་རྫིང་བུ་དེར་སྦོང་མི་ཡང་ཆད་རྒྱུ་མེད། ཆུ་ཡང་ལྕིའི་ཐད་སྔོན་ཆད་མི་ཚོས་སྲང་ལ་འཇལ་ན་ཡང་ཤེས་ཟེར་བ་དང་། ཆུ་ཚན་འདི་དང་རྡོ་རྗེ་ཕག་མོའི་བྷ་གའི་འབབ་ཆུའི་བར་ལའང་དངོས་འབྲེལ་ཡང་ལྕི་ཡོད་པ་ལུས་ཀྱི་རེག་ཚོར་ལས་རྟོགས་སྣང་འཆར།

ད་དུང་ངོ་མཚར་ཆེན་པོ་ཞིག་ནི་ལྷ་བབས་ཆུ་ཚན་དུ་མོ་རྟགས་ཀྱི་ཁ་ནས་འབབ་པའི་ཆུ་མིག་གཉིས་ཡོད་པ་ལས་གོང་སྨོས་རྡོ་རྗེ་ཕག་མོའི་བྷ་གའི་འབབ་ཆུ་དང་། གཞན་ཞིག་ནི་མོན་མཁར་བྲག་གི་ཤར་ངོས་སུ་ཡོད་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་ཆབ་རེད《གནས་ཡིག》ལས། གཡོན་ཕྱོགས་མཁའ་འགྲོ་མཚོ་རྒྱལ་གསང་ཆུ(ཆབ)འདི།། མིག་གི་ནད་ལ་ཤིན་ཏུ་ཕན་པར་གསུངས།། འདི་ནས་ཁྲུས་དང་བྱིན་རླབས་མྱོང་བ་རྣམས།། ཚེ་བསོད་འཕེལ་ཞིང་ནད་གདོན་ཀུན་ལས་གྲོལ།། ལང་ཚོ་དར་ལ་ཁྲུས་གསོལ་འབུམ་ལས་ལྷག། ཅེས་སོ།། ཆུ་མིག་དེ་ནི་དེམ་གྱི་མཆུ་ལ་ཤོང་ཙམ་ལས་མེད་པ་དང་། དྲོད་འཇམ་དྭངས་ལ་མངར་བསིལ་ལྡན་པ་ཞིག་ལགས་པས། ཆུ་ཚན་རྒྱག་མི་མང་པོ་ཞིག་གིས་བཏུང་ཆུ་དེ་ནས་ལེན་པ་དང་། ཆུ་ཚན་ཁ་ནས་ལོག་འགྲོ་སྐབས་འགྱིག་དམ་དང་འགྱིག་དམ་བསྡོགས་ནས་རང་རང་སོ་སོའི་ཡུལ་ལ་བྱིན་རླབས་ཀྱི་ཚུལ་དུ་འཁྱེར་འགྲོ། དེ་གར་ད་ལྟ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཡོད་པ་དང་། མཚང་ར་དང་ཤིན་ཏུ་འདྲ་བའི་བྲག་རྡོ་དེ་ཤེལ་སྒོས་གཡོགས། སྒོ་ཁར་པར་རྒྱག་མི་ཆོག་ཅེས་གསལ་བརྡ་བྲིས་ཡོད་པས། ད་ཆ་སྐྱེ་བོ་ཀུན་པར་པ་ཆགས་པ་དང་། བཙོག་གཅིན་གཏོང་ཚུལ་མ་གཏོགས་བྱས་ཚད་དང་། ཟོས་ཚད། མཐོང་ཚད་སྐད་འཕྲིན་དང་འཁྱུག་དབྱིངས་ནང་ངོམ་པའི་དུས་སུ་མ་རབས་ཀྱི་སྐྱེ་བོ་ལ་ལའི་དྭངས་གཙང་མེད་པའི་བསམ་སྦྱོར་རང་བཞིན་གྱིས་འགག ཆུ་མིག་དེ་བཞིན་ཨར་འདམ་ལས་བཟོས་པའི་བུམ་པའི་མཆུ་ནས་ལྷུང་ལྷུང་དུ་འབབ་པས་བྱིན་རླབས་དང་བདུད་རྩིའི་སྣང་བ་སྟེར། ཁོ་བོ་ཉིན་རེར་གཙང་འགྲམ་གྱི་ཆུ་རྫིང་ཁག་ཡིད་ཚིམས་པར་སྦངས་རྗེས་ལ་ཆུང་འཛེགས་ནས་མགྲོན་ཁང་དུ་ལོག་སྐབས། ཁ་སྐོམ་ལ་ངལ་དུབ་ཤིན་ཏུ་ཆེ་བས། ལམ་ཞོར་དུ་དེ་གར་ངོ་གདོང་འཁྲུད་པ་དང་། ཆུ་ངོམས་པ་རེ་བཏུང་ཚེ་སྐོམ་སེལ་ལ་ཤིན་ཏུ་ཕན། 

ཉམས་མྱོང་ཅན་གྱི་ཆུ་ཚན་རྒྱག་མི་ཚོའི་ངག་སྒྲོས་ལྟར་ན། ཞག་བདུན་སོང་མཚམས་འབམ་གྲུམ་གྱི་ནད་དང་། རྩ་དཀར་གྱི་ནད་སོགས་རྐང་ཚིགས་པུས་ཚིགས་མི་ཐང་བའི་ནད་པ་ཆུ་ཚན་གྱིས་ནད་གཞི་བསླངས་ནས་ནད་བབ་ལྕི་རུ་འགྲོ་བ་དང་། ལ་ལ་གོམ་པ་སྤོ་མི་ཐུབ་པ་ཙམ་དུ་འགྱུར། དེ་ནས་མུ་མཐུད་བརྒྱབ་ན་ནད་གཞི་ཇེ་ཡང་དུ་འགྲོ། ཆུ་ཞག་ཐིམ་ནས་ལོག་རྗེས་ཟླ་ཕྱེད་ཙམ་སོང་ན་ལུས་པོ་ཇེ་ཡང་དུ་འགྲོའོ་ཟེར། ཁོ་བོའི་ནད་གཞི་ཡང་རྩ་དཀར་གྱི་ནད་ཁོངས་སུ་འདུ་བས་ཆུ་ཚན་ཁར་དྲག་སྐྱེད་མངོན་གསལ་མ་བྱུང་ཡང་། ན་ཟུག་འཇགས་པ་དང་རྐང་པའི་མཛུབ་མོ་འགུལ་ཐུབ་པས་འཕྲལ་མར་ཆུ་ཚན་ལ་བསྔགས་པ་བརྗོད་པའི་ཚིགས་བཅད་ཤོ་ལོ་ཀ་ཁ་ཤས་བྲིས་ནས་སྐད་འཕྲིན་ཐོག་བཏང་བ་འདི་ལྟར། གནས་མཆོག་ལྷོ་བྲག་གཞུང་ལ། གྲགས་ཅན་གནས་རི་མང་བ།། ཡ་མཚན་ལྷག་བུ་ཆུ་ཚན།། མ་བསམ་ས་ནས་མཇལ་བྱུང་།། ཤར་རི་ཟངས་མདོག་དཔལ་རི། ལྷོ་རི་མཎྜལ་རང་བྱོན།། མོན་མཁར་བྲག་གདོང་བར་ན།། ཆབ་རྫིང་སྐར་ཚོགས་བཀྲམ་འདྲ།། རི་མགོ་སྨུག་ཞག་ལོང་ལོང་། སྨན་རྫིང་རླངས་པ་འཐུལ་འཐུལ།། བོད་ཁམས་ཀུན་ནས་ཕེབས་པའི།། ཆབ་བཞུགས་ལྷོ་སྤྲིན་འཐིབས་འཐིབས། རུས་ཆག་ཕོ་བ་མཁལ་མ།། དྲེག་གྲུམ་ཡ་མ་དཀར་ནག ། མཁྲིས་ནད་རྨ་ཤུ་འབྲས་སྐྲན། ། ནད་རིགས་འདྲ་མིན་འཇོམས་བྱེད།། ཆུ་རྫིང་ཤེལ་ལས་དྭངས་པ། ཕན་ནུས་སྨན་ལས་ལྷག་པ།། རང་བྱུང་བཅོས་མིན་ཆུ་ཚན། ས་སྟེང་འདི་ན་དཀོན་པ།། ཆབ་རྫིང་རེ་རེ་བརྒལ་ནས།། ལུས་སེམས་ལྷོད་ལ་འབབ་དུས།། དཀོན་ནོར་སྲུང་སྐྱོབ་མཛད་མཁན།། ཚེ་རིང་ཕ་བུ་མ་བརྗེད།། ཅེས་སོ།། དེ་ལ་བསྔགས་པ་བརྗོད་པ་ནི་དོན་ལ་ཡང་གནས་དེའི་ཉིན་ཞག་ཉེར་གཅིག་ནི་ཚད་ལྡན་གྱི་ཆུ་ཞག་ཡིན་པས། ཞག་ཉེར་གཅིག་སོང་རྗེས་སྔར་བཞིན་འཁར་རྒྱུག་ཐོགས་ནས་ལྷ་ལྡན་དུ་ལོག དེ་ནས་ཉིན་ཉི་ཤུ་ཙམ་སོང་རྗེས། རྡོག་ཤུགས་སླེབས་པ་དང་། རྐྱོང་སྐུམ་ཇེ་བདེར་སོང་ནས་སེམས་ལ་དྲག་སྐྱེད་ཡོང་བཞིན་པའི་ཚོར་སྣང་དང་གདེང་ཚོད་རྙེད་པས། ལྷ་བབས་ཆུ་ཚན་ལ་རྙེད་པའི་དད་སེམས་དང་གུས་བཀུར་གྱི་བསམ་པ་དེ་བས་བླ་ལྷག་ཏུ་གྱུར།《གནས་ཡིག》ལས། ཉ་སྟོང་བརྒྱད་གསུམ་གཟའ་སྐར་བཟང་རྣམས་ལ།། ལྷ་ཆེན་ཡབ་ཡུམ་མཁའ་འགྲོ་འཁོར་བཅས་རྣམས།། དུས་ཀྱི་ཁྲུས་སུ་ཕེབས་པས་དེ་དུས་སྤོངས།། ཞེས་པ་ལྟར། ཆུ་ཚན་དེར་ཞུགས་མཁན་ཚོས་སྔར་གྱི་གོམས་གཤིས་དེ་ལ་བརྩི་བཀུར་ནན་པོ་ཞུས་ཏེ། ཚེས་བཟང་ནམ་ཡིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཉིས་བར་ཆུ་མི་རྒྱག་པར་འགྲུལ་པ་རྐང་ལག་ཐང་བ་རྣམས་ཟངས་མདོག་དཔལ་རི་ལ་གནས་སྐོར་དུ་འགྲོ་བ་དང་། ནད་པ་དག་ཞོགས་ཉལ་ལྷོད་པོ་ཞིག་རྒྱག་ཆོག་པས། ནད་ཅན་ཆུ་ཚན་ཡུན་རིང་བརྒྱབ་ནས་ངལ་དུབ་ཀྱིས་མནར་བ་ཞིག་ལ་མཚོན་ན། དེ་ཡང་བར་སྐབས་ཀྱི་ངལ་གསོ་བཟང་པོ་ཞིག་ཡིན་ལ། ལྷ་དང་མཁའ་འགྲོ་ཁྲུས་ལ་ཕེབས་མིན་ཇི་ལྟར་ཡང་། དེ་ཉིན་ཆུ་རྫིང་ཡོངས་རྫོགས་ཀྱི་ཆུ་སྙིགས་བཤངས་ཏེ་ཁྲུས་རྫིང་དག་གཙང་རྐྱང་བཟོ་བཞིན་ཡོད་པས། ཉིན་གུང་ཆུ་ཚོད་བཅུ་གཉིས་པར་ཡང་བསྐྱར་རྫིང་བུའི་ཁར་བསྐྱོད་པའི་ཚེ། དྭངས་གཙང་རྫིང་ཆུ་ཁག་སྔོ་ལྟེམས་མེར་འཁྱིལ་བའི་ཁ་ནས་རླངས་པ་འཐུལ་བ་དང་། རླུང་བསིལ་གྱིས་ཆུ་རིས་དལ་བུར་གཡོ་བས་མི་རྣམས་ལ་ཁྲུས་རྫིང་གསར་པའི་ནང་སླེབས་པ་ལྟ་བུའི་དག་སྣང་སྟེར་བར་བྱེད། དེས་ན་ལུགས་སྲོལ་དེ་ཡང་ཆུ་རྫིང་ལ་བྱི་དོར་དང་། ནད་པར་ངལ་གསོ་འཇོག་ཐབས་བཟང་པོ་ཞིག་ཡིན་ཡང་སྲིད། 

ཆུ་ཚན་དེ་ཉིད་ལ་ལོ་ཉི་ཤུ་ལྷག་ཙམ་རིང་འཛུགས་སྐྲུན་དང་སླར་གསོ་བྱེད་རིང་ས་རྐོ་རྡོ་སློག་གང་ཙམ་བྱས་པ་དང་། སྔོན་མ་དང་བསྡུར་ན་འགྲུལ་པ་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ནའང་། ཆུ་ཚན་གྱི་ཐོག་མའི་ཆུ་བདག་ཕ་བུ་ཟུང་གི་ཆུ་ཚན་སླར་གསོའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དང་ལག་ལེན་བྱུང་བས། ཁོ་ར་ཁོར་ཡུག་གི་རྩྭ་རྩི་ཤིང་དང་རི་དཔྱད་ལ་གཏོར་བཤིག་གཏན་ནས་ཕོག་མེད་ལ། དེ་བས་ཀྱང་ཆུ་ཚན་ཁག་ས་ས་མལ་དང་རྡོ་རྡོ་མལ་གྱི་ཚུལ་དུ་གནས་ཡོད་པས། དེ་ནི《གནས་ཡིག》ལས། ཁྱད་པར་དུ་མ་འགྲོ་བའི་དཔལ་དུ་གནས་ཤིན་ཏུ་དཀོན་པ་ཨུ་དུམ་ཝ་ར་རེད། འགྲོ་བ་གང་གིས་མཇལ་ཀྱང་སྤྲོ་བ་སྐྱེས།། ཞེས་པ་ལྟར་བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་དགའ་བ་འཕེལ་བ་དང་། བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེང་དགོས་པ་ཞིག་ཏུ་འཁུམས།

ཆུ་ཚན་གྱི་ཕན་པ་ཐོབ་པ་དང་། ཆུ་ཚན་ལ་རྒྱུས་མངའ་ཆེ་ཞིང་ཆུ་ཚན་ལ་ཤིན་ཏུ་གཅེས་པའི་ཚེ་རིང་ནོར་བུ་ལགས་ཀྱི་སེམས་ཁྲལ་ཆེ་ཤོས་ནི་ངོ་མཚར་ཆེ་བའི་ལྷ་བབས་ཆུ་ཚན་འདི་ཉིད་ནམ་ཞིག་ལ་བཀའ་རི་གཟར་རྦབ་རྡོ་འདྲ་བ་ཞིག་འབྱོར་བ་དང་། མ་རྩ་ཆེ་བའི་ཚོང་པ་ང་ཡིན་ཟེར་བ་ཞིག་ཡོང་ནས་ཚད་ལས་འདས་པའི་གསར་སྤེལ་དང་སྔོག་འདོན་གྱིས་ཕྱི་ལ་ལྕགས་རི་བསྐོར། ཆུ་ཚན་གང་སར་འཁྲིད། གོང་ཆེའི་སྒོ་འཛིན་འཚོང་བ་སོགས་ཁེ་ཕན་ཁོ་ན་དོན་གཉེར་བྱེད་པའི་འདོད་རྔམ་ཅན་གྱི་དཔག་བསམ་ལྗོན་ཤིང་དུ་གྱུར་ནས་ནད་རིགས་བཅོས་པར་ཤིན་ཏུ་མཁོ་བའི་མི་སེར་དཀྱུས་མ་རྣམས་ལྕགས་རིའི་ཕྱི་རུ་ལུས་པར་དོགས་པ་དེའོ།། ཁོང་གི་སེམས་ཁྲལ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མིན་པར་རྒྱུ་མཚན་དང་དཔེ་མཚོན་མི་ཉུང་བ་ཞིག་མངོན་སུམ་དབང་པོའི་ཡུལ་དུ་གྱུར་བས། ཁོ་བོས་ཀྱང་རང་བྱུང་ཆུ་ཚན་གྱི་རྣམ་པ་དང་ཕན་ནུས་སྲུང་སྐྱོབ་ཐད་མངོན་མིན་རིག་གནས་ཤུལ་བཞག་ལྟ་བུའི་གྲོས་མགོ་གང་དྲན་འདོན་རྒྱུའི་ཁས་ལེན་བྱས། སེམས་ལ་ཆུ་ཚན་དེ་ཉིད་ཀྱི་ད་ལྟའི་གདོད་མའི་རྣམ་པ་གཙོ་བོར་བྱས་པའི་འགྲུལ་པ་རྣམས་ལའང་སྟབས་བདེ་གང་ལེགས་ཡོད་པའི་རྣམ་པ་དེ་ཉིད་སྲུང་འཛིན་བྱེད་དགོས་ངེས་ཀྱི་བསམ་ཚུལ་དང་འགན་འཁྲི་ཕྲག་ཐོག་ཏུ་བབས་པ་ལྟར་སྣང་ནའང་།སྲུང་སྐྱོབ་ཀྱི་རྣམ་གྲངས་གནས་ལུགས་འདྲེན་རྒྱུ་ཡོད་པ་ཞིག་མ་རྙེད། ཉེ་ཆར་ཆུ་ཚན་གཉེར་སྐྱོང་འགན་གཙང་ལེན་ཕྱོགས་ཀྱི་སྐོར་ཚེ་རིང་ནོར་བུ་ལགས་ཀྱིས་འགན་འཁུར་བའི་མཉམ་ལས་ཁང་གི་མིང་ཐོག་ནས་རང་ཁོངས་རྫོང་ལ་དགོངས་སྐོར་སྙན་ཞུ་ཞིག་འབུལ་འཆར་ལྟར་ཡིག་འབྲིའི་བགྱི་སྒོ་ཁོ་བོར་བསྐུལ་བས། རང་བྱུང་ཆུ་ཚན་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་གཏོང་ཕྱོགས་སྐོར་ལ་སླར་ཡང་བསམ་བློ་ཞིབ་མོ་གཏོང་དགོས་བྱུང་།

བོད་དུ་རང་བྱུང་ཆུ་ཚན་དུ་མ་ཡོད་པ་དེ་དག་ཚང་མར་སོ་སོའི་ཁྱད་ཆོས་ཡོད་པ་དང་། ཚང་མར་ནད་བཅོས་ཀྱི་ཕན་ནུས་ཁྱད་པར་བ་རེ་ཡོད། དེ་ནི་ས་མཐོའི་མི་རྣམས་ལ་རང་བྱུང་ཁམས་ཀྱིས་བསྩལ་བའི་ལག་རྟགས་རྩ་ཆེན་ཡིན་པས། དེ་ཉིད་མི་རྣམས་ཀྱི་བདེ་ཐང་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྤྱོད་པ་ལས། དངུལ་དང་ཡོང་འབབ་གསོག་བྱེད་ཀྱི་ལག་ཆ་ཁོ་ནར་བརྩི་མི་རུང་བ་ནི་སྲུང་སྐྱོབ་ཀྱི་རྩ་དོན་གལ་ཆེན་དེ་ཡིན། དེས་ན་ནད་པར་སྟབས་བདེ་སྤྲོད་པར་དགོས་མཁོ་ཡོད་པའི་འཛུགས་སྐྲུན་འོས་འཚམ་བྱེད་པའི་རྨང་གཞིའི་ཐོག རང་བྱུང་རྣལ་མའི་རྣམ་པ་སྲུང་སྐྱོབ་དང་རྒྱུན་འཛིན་གྱིས“གདོད་མའི་རྣམ་པའི་ཆུ་ཚན་སྤྱི་གླིང”ཞིག་ཏུ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་ཏེ། རང་བྱུང་ཆུ་ཚན་གྱི་རྩ་ཆེའི་ཤུལ་བཞག་བུ་རབས་ཚ་རྒྱུད་ལ་རྒྱུན་མཐུད་ངང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། འགྲོ་བའི་བདེ་ཐང་གསོ་བའི་མཐུན་རྐྱེན་གལ་ཆེན་ཞིག་ལ་འགྱུར་བར་བྱ་རྒྱུ་ནི་དོན་གྱི་དམ་པ་ཞིག་ཡིན་ལུགས་ཆོད་སྡོམ་བཞག་ཡོད་པས་ན། འབྲེལ་ཡོད་ལས་ཁུངས་དང་མི་སྣས་གསན་ཕྱོགས་མ་ལོག་པའི་སྒོ་ནས་དོན་དེར་གཙིགས་ཆེན་དང་ལག་བསྟར་གྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་འཛིན་པར་སྨོན་ནོ།།

2021ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གསུམ་པ་དང་བཞི་པ་ལས་བདམས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།