ཀ་ཁའི་འབྲི་ཀློག་སྦྱོང་བ་ནས་བཟུང་རིག་ཡག་སྤྱོད་པའི་བརྟུལ་ཞུགས་ཅན། །
ཁ་བ་ཅན་ལ་དགེ་ཆོས་འཁྲུངས་པ་ངེས་དོན་རིགས་སྨྲའི་ཅོད་པན་དང་། །
ག་ལེར་གཡའ་མ་བཀྲ་ཤིས་འཁྱིལ་དང་ལྡི་ཚ་བླ་བྲང་དབུས་སུ་བཞུད། །
ང་ཚོས་དཔྱོད་ལྡན་མཁས་པ་གླེང་ན་དགེ་ཆོས་མི་གླེང་ཐུ་མེད་ཡིན། །
ཅ་ཅོའི་གཏམ་ལ་སྲེད་པའི་དུས་ཚོད་ཁོ་བོས་རིག་པའི་ལམ་ཁར་བསྒྱུར། །
ཆ་ལུགས་སྤྱོད་པ་སྣ་ཚོགས་བྱས་ཀྱང་དོན་གྱིས་སློབ་གཉེར་གཤའ་མ་བྱས། །
ཇ་ཆང་བུད་མེད་ལོངས་སུ་སྤྱད་ཀྱང་དཔྱོད་ཤེས་མདོངས་མཐའི་སྒྲོ་གུར་མཛེས། །
ཉ་མོ་ཆུ་ལ་འཁྱུག་པའི་རིག་པས་ཕུལ་བྱུང་རྩོམ་གྱི་དགའ་སྟོན་བཀྲམ། །
ཏ་ཐ་ག་དའི་གསུང་རབ་དགོངས་དོན་ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །
ཐ་མལ་མི་ཡི་བློ་ངོར་མི་ཤོང་ཐ་སྙད་ཚད་གྲུབ་སྨྲ་བར་ལྟོས། །
ད་ནི་ལྷ་རམས་དམ་བཅའ་འཇོག་ལ་རན་ཡང་དབུས་ནས་མི་སྡོད་ཅེས། །
ན་ཚོད་གཞོན་སྒང་འབྲས་སྤུངས་ཡུལ་ནས་ལོ་དྲུག་བཞུགས་རྗེས་རྒྱ་གར་ཕྱིན། །
པ་ཏྲ་བསྣོལ་འདྲའི་རི་ལུང་དེད་ནས་རིག་པ་འཚོལ་བའི་ལམ་སྣ་ཟིན། །
ཕ་རོལ་ར་ཧུ་ལ་དང་འགྲོགས་ནས་འབྲས་སྤུངས་ཀླུ་འབུམ་གྱེས་ཕྱག་ཕུལ། །
བ་གླང་ཁྱུ་ནས་ཕུད་པ་མ་ཡིན་དགེ་ཆོས་སྙན་གྲགས་གླིང་ན་ལྡིར། །
མ་རིག་མུན་སེལ་རྒྱལ་ཁམས་འགྲིམས་ཏེ་ཐོས་བསམ་དོན་གཉེར་སླད་དུ་ཕྱིན། །
ཙ་ཙོར་རྒྱན་གོས་ཡུལ་སྲོལ་ཀུན་ལ་དཔྱད་པ་འཚོལ་བའི་རིག་པ་ཟབ། །
ཚ་གྲང་དཀའ་བ་ཁྱད་དུ་བསལ་ནས་བལ་པོ་བརྒྱུད་ནས་རྒྱ་གར་ཕྱིན། །
ཛ་དྲག་དུས་འདིར་ད་རུང་དེའི་ཡན་མེད་པ་གཏམ་རྒྱུད་གསེར་ཐང་ལྟོས། །
ཝ་ར་ཎ་སིའི་ཁུ་ནུ་བླ་མར་སྒྲ་དང་རིག་གནས་སྤྱོད་འཇུག་གསན། །
ཞྭ་དམར་གདན་ས་ལྡི་ཚར་བཞུགས་དུས་དཀའ་ངལ་ཁྱད་དུ་བསལ་ཚུལ་དང་། །
ཟ་མ་ལྟོ་གོས་ལྟོགས་སྡུག་ཕོངས་ཀྱང་ཐག་རིང་ཡུལ་གྱི་དཀའ་སྤྱད་གཉིས། །
འ་ཅག་མཁས་རློམ་བཅོས་མའི་ཁྲོད་ན་འདི་འདྲའི་ངེས་དོན་སློབ་གཉེར་བ། །
ཡ་གླིང་འཛིན་མའི་ཁྲོད་ན་དཀོན་ཞེས་གླེང་ན་འགལ་ཟླ་མེད་པར་སྙམ། །
ར་བ་གངས་ཀྱི་མུ་འཁྱུད་འདི་ན་དགེ་ཆོས་སྤྱོད་པ་སྣ་ཚོགས་པ། །
ལ་ལུང་གང་སར་སྤྲང་བོའི་ཟོལ་གྱིས་ནང་གི་བདེན་པ་གཅེར་བུར་བསྟན། །
ཤ་ཁྲག་དབང་པོར་བཞག་པ་འདྲ་བའི་ངང་ནས་མི་ཚེ་རིག་པས་བསྐྱལ། །
ས་སྟེང་འདི་ན་རྣམ་དཔྱོད་གལ་ཆེ་ལུས་ནི་བོར་ཀྱང་འགྱོད་མེད་གསུངས། །
ཧ་ཧ་དཔྱོད་པའི་སྨྲ་ལྕེ་གླེང་ན་དགེ་ཆོས་དོན་གྱི་རིགས་སྨྲ་ཡིན། །
ཨ་མདོའི་དགེ་ཆོས་ལྡི་ཚ་སྐམ་པོ་རྡོ་བྲག་སྤྲུལ་སྐུ་རིག་པ་ཡག །
ཧ་ཧ་འདུལ་འཛིན་ཨ་ཁུ་འགའ་རེས་དགེ་ཆོས་སྤྱོད་ལ་མི་མགུ་ཡང་། །
ཨ་མའི་བུ་འདིའི་རྣམ་དཔྱོད་འདི་འདྲ་སྐྱེས་བུ་གཞན་ལ་ཡོད་མི་སྲིད། །
རབ་བྱེད་ཕྱི་མ།
ཨ་མདོའི་དགེ་ཆོས་རྒྱལ་ཁམས་འགྲིམས་ཏེ་རིག་པ་འཚོལ་བའི་ལམ་ལ་ཞུགས། །
ཧ་ཅང་ཕྱུག་པོའི་གསེར་ཆོས་དག་གིས་སྒྲུན་དུ་མི་ཡོང་ཐོས་བསམ་ནོར། །
ཨ་མའི་བུ་ཁྱོས་སྙན་ནས་སྙན་དུ་ཤུབ་བུར་བརྒྱུད་པའི་པ་ཊུའི་གསུང་། །
ཧ་ཅང་རིན་ཐང་གཞལ་དུ་མེད་པས་ཐོས་པ་ཅན་ལ་བློ་གྲོས་མིག །
ས་ཐག་རིང་མོའི་ཤེས་རབ་འགྲུལ་བཞུད་གཏམ་རྒྱུད་གསེར་གྱི་ཐང་མ་བརྡལ། །
ཤ་ཞེན་རུས་པ་རུམ་ལ་བཅུག་སྟེ་སྲིད་དོན་ལོ་རྒྱུས་དེབ་དཀར་མཛད། །
ལ་ལུང་ཡུལ་ནས་བྲིས་པའི་སྙན་ངག་ངེས་དོན་བདེན་པ་ཤུགས་ཀྱིས་རྟོགས། །
ར་བ་གངས་ཀྱི་མུ་ཁྱུད་འདི་ན་དགེ་ཆོས་རིག་པ་འོད་དུ་འབར། །
ཡ་གིའི་གནས་ཚུལ་དྲང་བོར་བརྗོད་ཅིང་ལྐོག་གྱུར་ངན་གཡོའི་དྲི་ངན་མེད། །
འ་ཅག་ལྟ་བུའི་ཟོལ་བཅོས་སེམས་རྒྱུད་དགེ་ཆོས་ཁོ་བོས་སྤངས་པ་དང་། །
ཟ་འཐུང་གཉིད་ཀྱི་ལེ་ལོས་མ་གཡེལ་སློབ་གཉེར་བགྱི་བ་གཙིགས་སུ་བཟུང་། །
ཞ་དང་ཞོར་ནས་འབད་པ་དྲག་པོས་རྒྱལ་ཁབ་མང་པོའི་ཡི་གེ་བསླབས། །
ཝ་མོ་ལྟ་བུའི་གཡོ་སྒྱུ་སྤངས་ནས་རིགས་པ་དྲང་བོའི་རྗེས་སུ་ཞུགས། །
ཛ་དྲག་ཆེ་ཡང་མི་བདེན་གནས་ལུགས་ཐད་ཀྱིས་དོགས་སློང་རྩོམ་ལ་མཁས། །
ཚ་གྲང་དཀའ་ངལ་ཁྱད་དུ་བསལ་དོན་མདོར་ན་རིག་གནས་སྦྱངས་པའི་ཕྱིར། །
ཙ་རི་ལྟ་བུའི་གནས་ཁམས་ཀུན་ལ་རྒྱ་གར་ཨ་ཙ་ར་བཞིན་འཁྱམས། །
མ་རྨོངས་གཉིད་ཀྱི་རིག་པའི་ཅོང་ཆེན་དགེ་ཆོས་རྣམ་དཔྱོད་རིག་པས་བརྡུངས། །
བ་གླང་ཁྱུ་ཚོགས་རིགས་པས་འདེད་ལ་ཁོ་བོའི་བློ་གྲོས་ཨ་དརྴའི། །
ཕ་ཤུལ་བུ་ལ་གནང་བ་ལྟ་བུའི་རིག་གནས་གཟུགས་བརྙན་འཆར་བར་བྱས། །
པ་ཊུའི་གཙུག་རྒྱན་གངས་ཀྱི་ཏོག་གཅིག་དགེ་ཆོས་རྣམ་དཔྱོད་གླིང་ན་རྩེན། །
ན་མཉམ་ཆོས་རྩོད་ཐལ་སྒྲའི་ཁྲོད་ནས་དགེ་ཆོས་སྙན་པ་གླིང་ན་ལྡིར། །
ད་ལྟའི་དུས་སུ་དགེ་ཆོས་བཞུགས་ན་དེ་ལ་འགྲན་ཟླར་བགྱི་བ་དཀོན། །
ཐ་མལ་སྤྱོད་པ་སྣ་ཚོགས་བྱས་ཏེ་ཚེ་འདིར་ལུས་རྟེན་མང་དུ་བརྗེ། །
ཏ་ཐ་ག་དའི་རྒྱལ་བའི་གསུང་ལ་དད་ཅིང་དད་པ་ཐ་དད་ཉིད། །
ཉ་ཉོག་རྨོངས་པའི་དད་པ་སྤངས་ཏེ་དངོས་ཡོད་རྗེན་པའི་ལྟ་བར་འཁྲེང་། །
ཇ་ལོ་ཕོར་ཁར་གཡེང་བ་ཙམ་མིན་དྲང་བདེན་རེ་བའི་ནམ་མཁའ་ཡངས། །
ཆ་འཕྲིན་ཞན་ཀྱང་རིག་པ་ཡག་པས་ཆུ་ལ་ཤོག་བུའི་གྲུ་ཆུང་བཟོས། །
ཅ་ཅོའི་ལབ་བརྡོལ་མུ་ཅོར་སྨྲ་ལ་བླ་བྲང་ཀ་རྩོམ་བྲིས་ལ་ལྟོས། །
ངའོ་སྙམ་པའི་ང་རྒྱལ་དོར་ནས་བླང་དོར་གནས་ལ་མཁྱེན་པ་ཟབ། །
ག་ལེར་ཕལ་བའི་མི་རུ་རྫུས་ཏེ་དབུས་དང་ཁམས་ནས་ཆུང་མ་བླངས། །
ཁ་ན་ཅི་བཤད་འདི་བཤད་མེད་པས་ཁ་ཅིག་སྤྲང་བོ་དམན་པར་བརྩི། །
ཀ་ཅིའི་ཡན་གྱི་ཞོ་འོང་དཔྱིད་ཀྱི་དགེ་ཆོས་སྐུ་ཚེ་དབུས་ནས་ཟད། །