ཏུན་ཧོང་ཡིག་ཚང་ལས་བྱུང་བའི་རེ་ལུང་བཟངས་ཞེས་པའི་ས་མིང་ལ་དཔྱད་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཕུར་བ་སྐྱབས། བོད་ལྗོངས་སློབ་གྲྭ་ཆེན་མོ།   

ཏུན་ཧོང་ཡིག་ཚང་ལས་བྱུང་བའི་རེ་ལུང་བཟངས་ཞེས་པའི་ཡུལ་གྱི་སྐོར།

ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ཀྱི་ཤོག་དྲིལB.M.8212or.8212(187)ལས། "བྱི་བའི་ལོ་མདོ་སྨད་ཀྱི་དབྱར་འདུན་བློན་ཁྲི་སྒྲང་དང་སྣང་བཞེར་རྩང་ཁོང་གྱིས་རེ་ལུང་བཟངས་སུ་བསྡུས། དབྱར་བཙན་པོེ་ཕོ་བྲང་ཟུ་སྤུགྀ་། ཕོ་བྲང་སྡྀངསྣ་བཞུགས།"ཞེས་དང་། ཡང་དེ་ཉིད་དུ། "བཙན་པོ་ཁྲི་བཙུག་ལེགས་བཙན་གྱི་བཀའ་སྐོས་དེ་མཆིས་པ་ཁོང་ཀྱིས་རེ་ལུང་ཟངས་སུ་བསྡུས་དབྱར་བཙན་ཕོ་ཕོ་བྲང་ཟུ་སྤོས་གྱིས་ཕོ་བྲང་སྡིང་སྣ་བཞུགས"ཞེས་རེ་ལུང་བཟངས་ལ་རེ་ལུང་བཇང་སྟེ་བཟངས་ལ་བཇང་ཞེས་འབྲི་ཚུལ་མི་འདྲ་བ་གཉིས་བྱུང་བ་ལ། དོན་གྱིས་རེ་ལུང་བཇང་ཞེས་པ་སོགས་ཀྱི་བརྗོད་དོན་འདི་ཡིག་ཚང་འདིའི་མཇུག་ཏུ་དོན་བསྐྱར་མའི་རང་བཞིན་ཅན་ལྟ་བུར་སོང་བས་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་གྱིས།"བཀོད་མ་ཐག་པ་རྣམས་བསྐྱར་ཟློས་བྱས་པ་ཙམ་བྱུང"ཞེས་གསུངས་པ་དང་། ཡང་ཁ་ཅིག་གིས། "ཡི་གེར་ཕབ་མཁན་གྱི་མི་རིགས་ལ་རྒྱ་གར་བ་དང་། བོད་པ། ཐང་གི་མི། སོག་ཏག་པ། འ་ཞ་བ་སོགས་སྐབས་དེའི་འབངས་མི་ཕལ་བ་དང་ནུབ་ལྗོངས་ཀྱི་མི་རིགས་མི་འདྲ་བ་མང་བོ་ཡོད་པས"ཏུན་ཧོང་ཡིག་ཚང་ཁྲོད་ཀྱི་ཁག་ཅིག་ལ་དག་ཆ་སོང་མིན་སྐོར་ལ་དོགས་སློང་མཛད་པ་འགའ་ཡོད་ཀྱང་། དོན་དུ་ཐ་སྙད་ལ་ཞིབ་ཏུ་གཞིགས་ཚེ་ཡི་གེ་ཟ་དང་ཇ་གཉིས་ཕན་ཚུན་བརྗེས་པའི་བརྡ་སྤྲོད་ཀྱི་ལུགས་འདི་གནའ་དེང་ཀུན་ལ་ཧ་ཅང་རྒྱུག་ཆེ་སྟེ། དེང་སང་བྲམ་ཟེ་བྱ་བ་ལ་སྔོན་གྱི་དུས་བྲམ་མཛེ་ཞེས་དང་། དེ་བཞིན་མཛེམ་པ་དང་གཟེམ་པ། འཛེར་ཏོ་དང་ཟེར་རོ། འཛད་པ་དང་ཟད་པ། འཛག་པ་དང་ཟག་པ། འཛེད་པ་ལ་ཟེད་པ་ལྟ་བུ་དེང་སང་ཡང་རེས་མོས་ཀྱིས་བྲིས་པ་ཤིན་ཏུ་མང་། གཞན"ཐུ་བྷོད་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ནི་བཙན་པོས་སྲོལ་ཕྱེས་པ་ཡིན་ལ།བཙན་པོ་སྐུ་དངོས་ཀྱིས་བསྡུ་བའམ་ཡང་ན་བཙན་པོས་བཀའ་ལྟར་བློན་པོ་མངགས་ནས་བསྡུ་བ་ཡིན།"ཞེས་པ་ལ་གཞིགས་ན་བཙན་པོ་ཁྲི་བཙུག་ལེགས་བཙན་གྱི་བཀའ་སྐོས་དེ་མཆིས་པ་ཁོང་ཀྱིས་རེ་ལུང་བཇང་སུ་བསྡུས་ཞེས་པའི་དོན་ནི་ཁྲི་གཙུག་ལེགས་བཙན་ནི་ཁྲི་སྲོང་ལྡེ་བཙན་དང་བྱི་བའི་ལོ་ནི་སྤྱི་ལོ760ལོ་ལ་གོ་བ་དང་། ལོ་དེར་མདོ་སྨད་ཀྱི་དབྱར་འདུན་རེ་ལུང་བཟངས་སུ་བློན་ཁྲི་སྒྲང་དང་བློན་སྣང་བཞེར་རྩང་ཁོང་གཉིས་ཀྱིས་བསྡུས་པ་དང་། ཕྱི་ལོ་གླང་ལོ་སྟེ་སྤྱི་ལོ761ལོར་མདོ་སྨད་ཀྱི་ཟངས་ཀར་དང་ཟོང་ཅུ་ཕབ་པའི་གྲོས་གཤོམ་པ་བཅས་ལ་བལྟས་ན་ལོ་ཚིགས་སྔ་ཕྱི་དང་བརྗོད་གཞིའི་ཡུལ་གྱི་གནད་དང་ཤིན་ཏུ་ཆ་ཉེ་བ་སོགས་ཀྱིས་རེ་ལུང་བཟངས་བྱ་བ་འདི་ནི་དེང་སང་གི་ལུང་ཟི་དང་འགྲེལ་ན་སྐབས་དེའི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན།

ཕྱིས་ཀྱི་ཡིག་ཚང་ལས་བྱུང་པའི་རེ་ལུང་བཟངས་ཞེས་པའི་ཡུལ་གྱི་སྐོར།

རེ་ལུང་བཟངས་ཞེས་པའི་ཡུལ་གྱི་མིང་འདི་ཏུན་ཧོང་ཡིག་ཚང་ཁྲོད་དུ་སྔ་ཕྱིར་ཐེངས་གཉིས་ཙམ་བྱུང་བ་ལས་ཕྱིས་ཀྱི་ཡིག་ཚང་རྒྱུགས་ཆེ་བ་ཁག་ཏུ་ཅུང་མཐོང་དཀོན་པའི་གནས་སུ་གྱུར་ཞིང་། ལྷག་པར་ས་མིང་འདི་ལ་དུས་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བརྗེད་ངས་ཀྱི་དབང་དུ་སོང་ནས་ངོས་འཛིན་བྱེད་དཀའ་བའི་གནས་སུ་གྱུར་པ་ཡིན་མོད། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་རྣམ་ཐར་དུ།"ཡར་ལམ་ཐང་སྐོར་གྱི་གདན་འདྲེན་པ་མང་པོ་ཡོང་བ་ཐམས་ཅད་ལ་ཕེབས་བཞུད་མཛད། དེར་ཡང་ཚ་ཁོ་ཟངས་དཀར་དང་། རོང་རུའི་ཆིབས་བསུ་པ་བཅས་འབྱོར། དེ་ནས་མཚམས་རིང་གི་ཆིབས་བསུ་བཅས་ཇ་ཐབ་སྟེང་བབས། བཅུ་གཅིག་ཉིན་ལྷུང་བཟེད་མཁར་རྙིང་དུ་བཞུགས་སྐབས། དམུ་དགེ་བླ་མ་ལས་སྣེ་རྣམས་གདན་འདྲེན་ལ་འབྱོར་བར་ཕེབས་པའི་ཞལ་བཞེས་གནང་།"ཞེས་ལུང་ཟི་བྱ་བ་ལ་ལྷུང་བཟེད་ཅེས་བྲིས་པ་དང་། ཀུན་མཁྱེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་དུ། "་་་ཉེར་བཞིར་ལུང་ཟིའི་མདར་བཞུགས།"ཞེས་ཏེ་ཡིག་ཚང་སྔ་མའི་ཁྲོད་དུ་ཡུལ་གྱི་མིང་དུ་ལྷུང་བཟེད་ཅེས་བྲིས་པ་ལ་ཕྱི་མས་ལུང་ཟི་ཞེས་བྲིས་པ་ལ་གཞིགས་ན། རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོ་མཆོག་གིས་ལྷུང་བཟེད་ཅེས་བྲིས་པ་ནི་ཡི་གེ་མ་དག་པར་དགོངས་པ་ཤུགས་ནས་ངེས་པ་དང་། དེར་བརྟེན། ས་གནས་དེ་གའི་རིག་གནས་ལོ་རྒྱུས་དཔེ་ཚོགས་ལས། "དེ་ཡང་། མདོ་སྨད་ལྷོ་རྒྱུད་དམ་སི་ཁྲོན་ནུབ་བྱང་མཐོ་སྒང་དུ་གཏོགས་པའི་ཤར་རྒྱལ་མོ་ཚ་བ་རོང་གི་ཁ་སྟོད་སོ་མང་ཆུ་བོའི་མགོ་ཁུངས་དང་སྐ་སྟོད་ལུང་ཟིའི་ཁོག་གི་སྤང་ལྗོངས་ཉམས་དགའ་བ་དེར་ཟངས་དཀར་མ་ཞེས་བཙན་པོའི་རུ་དམག་གི་གདུང་རྒྱུད་དུ་གྲགས་པའི་ཚོ་ཤོག་ཅིག་ཆགས་ཡོད། "ཅེས་ཏེ་ལུང་ཟི་ནི་ཡུལ་གྱི་མིང་དང་ཟངས་དཀར་ནི་རུ་མིང་ངམ་སྡེ་མིང་དུ་འབོད་པ་དང་། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དུ། "སྲོང་བཙན་དང་ཐང་འཁྲུགས་ཏེ་བོད་དམག་གིས་བཅོམ་པའི་མཁར་ཤུལ་ནི་རྔ་བའི་མཁར་ཤུལ་དག་ཡིན་ཏེ། ལུང་ཟིའི་མཁར་ཆག་ཅེས་གྲགས་པའི་མཁར་ཤུལ་དང་། ལུང་ཟིའི་ཉག་གའི་ལྷོ་ངོས་ཀྱི་ཆུ་དང་འོམ་བུའི་ཆུ། གསེར་ཐང་བརྒྱུད་དེ་འོངས་པའི་ཆུ་འདྲེས་མཚམས་ཀྱི་གད་ཐོག་གི་རྒྱ་མཁར་ཞེས་གྲགས་པའི་ས་དེ་ཡང་དེ་དུས་ཀྱི་མཁར་ཤུལ་རེད།"ཅེས་དུས་རབས་བདུན་པའི་དུས་ནས་བོད་ཀྱིས་ལུང་ཟི་བརྒྱུད་དེ་ཐང་ལ་དམག་དྲངས་པར་མ་ཟད། ཡུལ་དེར་བཙན་རྗོང་གི་གནའ་ཤུལ་ཡོད་པ་དེང་སང་ཡང་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཤིང་། གུས་པ་ཡང་སྤྱི་ལོ2025ལོའི་དབྱར་གནང་གི་དུས་ལུང་ཟིའི་མཁར་ཆག་སོགས་སུ་ཡུལ་དངོས་རྟོག་ཞིབ་ལ་ཕྱིན་པ་ཡིན་ལ་། ལུང་ཟིའི་མཁར་ཤུལ་གྱི་ཤར་ལྷོ་ནུབ་གསུམ་བྲག་གི་རི་བོས་བསྐོར་ཞིང་། མཁར་གྱི་བྱང་གི་ཕྱོགས་ལ་མ་གཏོགས་འགྲུལ་བཞུད་བྱེད་སའི་ལམ་བུ་གང་ཡང་མེད་པ་དང་། ཉམས་དགའ་ཞིང་རྩ་ཆུ་འཛོམས་པ་ཞིག་ཡིན་པས་མི་སུ་ཞིག་སླེབས་ཀྱང་ཡུལ་འདི་ནི་གནའ་བོའི་སྤུ་རྒྱལ་དུས་ཀྱི་མཁར་རྫོང་ཞིག་ཡིན་སྙམ་པ་ཡིད་ལ་སྐྱེ་བར་བྱེད།ལྷག་པར་བྱི་བའི་ལོ་སྟེ་སྤྱི་ལོ760ལོར་མདོ་སྨད་ཀྱི་དབྱར་འདུན་རེ་ལུང་བཟངས་སུ་བསྡུས་ཤིང་།དེའི་ཕྱི་ལོ་གླང་གི་ལོར། "ཞང་སྡོང་སྩན་གྱིས་ཟོང་ཅུ་དང་ཟངས་ཀར་གཉིས་ཕབ་པ་ལོ་གཅག"ཅེས་པ་ལ་གཞིགས་ན་རེ་ལུང་བཟངས་ནི་ཟུང་ཅུ་དང་ཟངས་དཀར་སོགས་ཀྱི་ཡུལ་དང་ཉེ་བ་ཤུགས་ལ་ངེས་པར་མ་ཟད། ཡུལ་འདི་དག་དེང་སང་གི་རྔ་བ་ཁུལ་གྱི་ཁྱུང་མཆུ་རྫོང་དང་ཟུང་ཆུ་རྫོང་གཉིས་གྱི་ཁོངས་ལ་ངོས་འཛིན་བྱས་ཚེ་འགྲིག་པར་མཐོང་།

ངག་རྒྱུན་ལས་བྱུང་བའི་རེ་ལུང་བཟངས་ཀྱི་ས་མིང་གི་འགྱུར་བའི་སྐོར།

གུས་པས་གོང་ཞུས་ལྟར་ཁྱུང་མཆུ་རྫོང་དུ་ཡུལ་དངོས་རྟོག་ཞིབ་ལ་ཕྱིན་ནས། ལུང་ཟིའི་ཁོག་ཏུ་ཆགས་པའི་ཟངས་དཀར་སྟོད་མའི་སྡེ་མི་འབྲོང་ཚ་ཚེ་རིང་རྡོ་རྗེ་ལ་བཅར་འདྲི་བྱས་པར་ཡུལ་དེའི་ངག་རྒྱུན་ལྟར་ན། ད་ལྟའི་ཟངས་དཀར་སྟོད་མ་ལ་རོང་སྐད་དུ་ལུང་ཟི་ཟེར་བ་དང་། འབྲོག་སྐད་དུ་ལུང་བཟང་ཞེས་འབོད་པ་ཡིན། ཡུལ་འདི་ན་མིང་གྲགས་ཆེ་བའི་ས་ཆ་ནི་ལུང་ཟིའི་གད་དམར་དང་། ལུང་ཟིའི་མཁར་ཤུལ་སོགས་ཡོད། ལུང་ཟིའི་གད་དམར་ནི་གནའ་བོའི་དུས་ཀྱི་ས་མིང་ཞིག་ཡིན་ཞིང་། དམངས་ཁྲོད་དུ་"ལུང་ཟིའི་གད་དམར་འོ་མའི་མཛོད། འབྲི་ཐུལ་མ་གཅིག་གིས་བཟའ་དགུ་སོས།"ཞེས་ཡུལ་འདིའི་ས་ལ་གཡང་དང་དགེ་བཅུད་འཛོམས་པར་བཤད་པ་དང་། ད་དུང་ལུང་ཟིའི་ལུང་མདོ་དང་ཐག་མི་རིང་བའི་ཚལ་རྒན་ཉག་ག་ཞེས་པའི་ཕྱོགས་སུ་རེ་ཁོག་ཅེས་པའི་ས་མིང་ཞིག་འདུག་པ་ལ། རེ་ཁོག་ཅེས་པའི་མིང་ཐོགས་དོན་ནི་ཡུལ་འདིའི་ལུང་པ་མང་པོའི་ངོས་སུ་ནགས་ཚལ་སྐྱེས་ཡོད་པས་རྒྱང་རིང་པོ་ནས་བལྟས་ཚེ་སྦྲ་ནག་གི་རེ་ལྡེ་ལྟ་བུ་ཞིག་མཐོང་ཕྱིན་རེ་ཁོག་ཅེས་ས་མིང་ཐོགས་པར་གྲགས། དེར་བརྟེན་རེ་ལུང་བཟངས་ཞེས་པ་ནི་ད་ལྟའི་ལུང་ཟི་རང་དང་དེའི་ཡུལ་གྱི་ཆ་ཤས་འགའ་ཞིག་ལ་རེ་ཁོག་ཅེས་རྒྱུན་འབྱམས་སུ་ཆགས་པ་དང་། ད་དུང་"རེ་ཡི་འཕོངས་ནས་མཁར་དགུ་ཚང་དང་དམེ་ཚང་གཉིས་ཀྱིས་གཟི་འདུམ་བྱས་ཏེ་གཟུ་ཡིག་བྲིས་ཤིང་ཚལ་རྒན་ས་མཚམས་བྱས། དེ་ནས་བཟུང་རེ་ཁོག་དང་ཚལ་རྒན་གསེར་ཉའི་ཐང་། བ་མར་ཁོག་སོགས་རོང་རུ་མའི་རྩྭ་སར་གཏོགས།"ཞེས་པའི་ཀྱི་རེ་ཡི་འཕོངས་དང་རེ་ཁོག་ཅེས་པའི་རེ་ནི་རེ་ལུང་བཟངས་ཞེས་པའི་རེ་སྟེ་ད་ལྟའི་ལུང་ཟིའི་ལུང་པ་དང་མཚལ་རྒན་ཉག་གའི་ལྷོ་ངོས་ཕྱོགས་ལ་གོ་བ་ཡིན། དེས་ན་ལུང་ཟི་ནི་རོང་སྐད་ཡིན་ལ་ལུང་བཟང་ནི་འབྲོག་སྐད་དུ་བརྗོད་པས་རོང་སྐད་ནི་རྒྱལ་མོ་ཚ་བ་རོང་གི་སྐད་ལ་གོ་ཞིང་། ལུང་ཟི་དང་ཟངས་དཀར་སྟོད་སྨད་བར་གསུམ་ནི་རྒྱལ་མོ་ཚ་བ་རོང་གི་མངའ་ཁོངས་སུ་འདུ་ལ། ཟངས་དཀར་ཁ་གསུམ་ནི་སོ་མང་རྒྱལ་པོའི་འབྲོག་སྡེ་ཡིན་པས། ལུང་ཟིའི་འབྲོག་སྡེའི་ཁ་སྐད་ནང་དུ་རྒྱལ་རོང་གི་སྐད་ཀྱིས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཅིང་། རྒྱལ་རོང་གི་སྐད་དུ་སྔོན་གྱི་བརྡའི་ཀློག་སྟངས་འགའ་ད་དུང་ཡང་མ་ཉམས་པར་ཡོད་པ་བཞིན་དུ་རེ་ལུང་བཟངས་བྱ་བར་རེ་ལུང་བཟངས་སི་ཞེས་ཡང་འཇུག་གི་སྒྲ་མ་མཉམ་པར་འབྱུང་བ་ནི་དཔེར་ན། ཟངས་དཀར་ལ་ཟངས་སི་དཀར། འཕགས་པ་ལ་འཕགས་སི་པ། དབུས་གཙང་ལ་དབུས་སི་གཙང་། མདོ་ཁམས་ལ་མདོ་ཁམས་སི་ཞེས་པ་ལྟ་བུར་ཀློག་པ་ཡིན་ཕྱིན་བཟངས་ལ་ལུང་བཟངས་སི་ཞེས་ཡང་འཇུག་ས་ཡིག་གི་སྒྲ་གསལ་པོར་ཐོན་པ་དང་། གཞན་ཏུན་ཧོང་ཡིག་ཚང་ཁག་ཏུ་དཔྱིད་ཟླ་ར་བ་ལ་དཔྱིད་སླ་ར་བ་ཞེས་པ་ལྟ་བུ་སྔོན་གྱི་ཀློག་ལ་ཟ་དང་ས་གཉིས་སྒྲ་ཉེ་བར་ཀློག་པས་ས་ཡིག་ཟ་ཡིག་ཏུ་སོང་བ་སྟེ་ཟ་མ་ཟོས་པ་ལ་ས་མ་སོས་ལྟ་བུར་ཀློག་པས། ལུང་སི་དང་ལུང་ཟི་གཉིས་ནི་དོན་གཅིག་ཏུ་སོང་བ་དང་། ཡང་ན་ལུང་ཟི་ཞེས་པ་ནི་ལུང་བཟངས་བྱ་བ་མགྱོགས་པར་ཀློག་ཚེ་བཟངས་ཀྱི་ཡི་གེ་ལས་མིང་གཞི་ཟ་ཡིག་རང་གི་ཀློག་ཐོན་པ་སྟེ། སྐལ་བཟང་སྐྱབས་ལ་སྐལ་སྐྱབས་དང་། བཀྲ་ཤིས་རྡོ་རྗེ་ལ་བཀྲ་རྡོར། བཀྲ་ཤིས་དོན་གྲུབ་ལ་བཀྲ་དོན་ཞེས་བསྡུས་པ་དང་། ཡུལ་གྱི་མིང་དུའང་ཀོང་པོ་རལ་གསུམ་དང་ཟ་གད་སྡེ་གསུམ། ཤ་གུ་ཉིང་གསུམ་ཞེས་པ་ལྟ་བུ་མང་དུ་འབྱུང་བ་ཡོད་ཅིང་། དེས་ན་ལུང་ཟི་བྱ་བའི་ཟི་ཡིག་ནི་ལུང་བཟངས་ཏེ་སྔོན་གྱི་དུས་བཟངས་ཀྱི་ཡང་འཇུག་ས་ཡིག་གི་སྒྲ་དཔྱིས་ཕྱིན་པར་ཐོན་པ་ཕྱིས་ཀྱི་ཚེ་དེང་གི་རྒྱལ་རོང་གི་ཀློག་ལྟར་ས་སྒྲ་ཟི་ཡིག་ཏུ་གྱུར་པའི་ལུགས་དང་། ཡང་ན་ལུང་བཟངས་ཞེས་པའི་བཟངས་གི་ཡི་གེ་ཟ་ཡིག་ཉིད་ལས་མ་འདས་ཕྱིན་མདོར་ན་དེང་སང་གི་ལུང་ཟི་དང་སྔོན་གྱི་ལུང་བཟངས་བྱ་བ་གཉིས་ནང་དོན་གཅིག་ཏུ་གནས་པའི་གཟུགས་འགྱུར་གྱི་ཐ་སྙད་ཁོ་ན་ཙམ་དུ་འཁུམས།།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།