མགོ་ཡི་ཞྭ་ལ་ཝ་ཟུར་ཡོད།
མཛོད་རྒུ་ཏིང་འཛིན་འཕྲིན་ལས་ཀྱིས་བརྩམས།
རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ།
གཅིག
ཁོས་ཞྭ་མོ་རྙིང་པ་ཞིག་རྙེད་སོང་།
ཉིན་དེར། བཀྲ་ཤིས་ཆོས་ལྡན་གྱིས་སྔ་དྲོ་གཅིག་གི་རིང་དུ་ཁྱིམ་ལས་ཙག་ཙིག་བྱས། ཁོས་འདི་ལྟར་མི་ལོ་ལྔ་བཅུ་ཙམ་གྱི་རིང་དུ་ཁྱིམ་ལས་བྱེད་ཀྱི་ཡོད་ཟེར་ནས་ལུས་དང་ལག་པ་མ་ཁོམ་ཞིང་། ཁ་དང་མཆུ་ཏོའང་མ་དལ་བར་ཕུ་བཏབ་ཅིང་གད་བདར་བྱས་ནས་ཁྱིམ་ལས་ལ་འབད་མོད། གཞན་ལ་བསྟན་དུ་རི་བའི་ལས་ཀ་སྣ་གཅིག་ཀྱང་གྲུབ་མྱོང་མེད། གནས་ལ་ཡོང་བའི་མནའ་མར་ཅི་ཁག རང་གི་མི་ཚེའི་སྐྱ་ཡ་བཟའ་ཟླའི་ཐུགས་ལ་ཡང་ཁོས་ལས་པའི་ཁྱིམ་ལས་ཙག་ཙིག་དེ་ཡག་པོ་འགྲོ་ཡི་མེད།
ཁོས་ཁྱིམ་ལས་ཙག་ཙིག་དེ་བྱེད་དུས་བེད་མེད་དུ་ལུས་པའི་ཅ་དངོས་རེ་རེ་རྙེད་ན་ཁོ་རང་གི་སེམས་པ་དགའ་ལྷང་ངེར་འགྱུར་བ་དང་། དེ་ནི་ཁོས་ཁྱིམ་ལས་བྱས་པའི་གྲུབ་འབྲས་ཤིག་ཏུ་བརྩི་ཞིང་། ཐད་ཀར་སྙིགས་ཟོམ་དུ་འཕེན་ངེས་ཡིན། ཁོའི་ཁྱིམ་ལས་ཙག་ཙིག་དེའང་མདོར་བསྡུས་ན་ཁྱིམ་ནས་གད་སྙིགས་བསྒྲུགས་ཏེ། སྙིགས་ཟོམ་གྱི་ཆུ་ཁུག་སྒོ་རའི་ཕྱི་རོལ་གྱི་གད་སྙིགས་འཕེན་གནས་སུ་འཕེན་པ་དེ་ཙམ་ཡིན།
ཉིན་དེར། ཁོས་ཁྱིམ་གྱི་བེད་མེད་དུ་ལུས་པའི་ཅ་དངོས་དེ་དག་བཙལ་བཙལ་ཏེ། མཇུག་ཏུ་ཁོ་རང་གི་གོས་སྒམ་ལས་ཞྭ་མོ་རྙིང་པ་ཞིག་རྙེད་སོང་།
ཁོས་ཞྭ་མོ་རྙིང་པ་དེ་དང་གད་སྙིགས་གཞན་རྣམས་ལག་ཏུ་བཟུང་ནས་སྒོར་ཕྱིན་ཏེ། ཐད་ཀར་སྙིགས་ཟོམ་དུ་འཕངས་རྗེས་དམིགས་ཡུལ་ཅི་ཞིག་ཡོད་པ་ལྟར་སྒོ་རའི་ཕྱི་རོལ་ཏུ་ཕྱོགས་ཏེ་སོང་། སྒོ་རའི་སྒོ་ཁ་ནས་སྒོ་སྲུང་རྒན་པོ་དང་ཕན་ཚུན་ལ་ཁམས་འདྲི་བྱེད་པ་དང་། སྟབས་བདེ་བའི་ཁ་བརྡ་ཐུང་ཐུང་རེ་བྱས་རྗེས་ཚང་ལས་ཐོན་པའི་བྱིའུ་བཞིན་བྲེལ་མྱུར་གྱི་གོམ་སྟབས་ཆེན་པོས་མདུན་ནས་མདུན་དུ་སོང་།
ལམ་དུ་འགྲོ་དུས་བྲེལ་སྟབས་ཆེ་བའི་ངང་ཚུལ་འདི་ནི་ཁོ་རང་གིས་གོམ་པའི་འདེགས་འཇོག་ཐུབ་པ་ནས་འདྲིས་ལོབས་སུ་གྱུར་པའི་གཤིས་ཀ་ཞིག་ཡིན་པས། ཁོའི་བཟའ་ཟླ་རྒན་མོས་རྟག་པར“ཁྱོད་རང་ང་དང་མཉམ་དུ་འགྲོ་དུས་ཀྱང་དེ་འདྲའི་བྲེལ་སྔངས་ཆེ་བ་ནི་ཅི་ཞིག་ལ་བྲེལ་བ་ལངས་བཞིན་ཡོད། ཁྱོད་ལ་བྲེལ་དགོས་པའི་དོན་དག་ཅི་ཞིག་ཡོད། ཡང་ན་ཁྱོད་རང་ང་དང་མཉམ་དུ་འགྲོ་བར་ངོ་ཚས་མནར་ཡོང་བ་ཡིན་ནམ”ཞེས་སྡིགས་མོ་བྱེད་ཀྱིན་འདུག་ཀྱང་། ཁོའི་ད་སོ་མ་སྒྲོག་ལས་ཤོར་བའི་རྟ་ཕོའི་གོམ་འགྲོས་ལྟ་བུ་དེ་ལ་འགྱུར་བ་གང་ཡང་ཐེབས་མ་ཐུབ། ད་ནི་ལོ་ན་སོ་ཡིས་དེད་ནས་ཁོའི་གོམ་འགྲོས་དེའང་འཁྱར་མ་འཁྱོར་ཞིག་ཏུ་གྱུར་འདུག་མོད། བྲེལ་སྔངས་ཆེ་ཞིང་ཅི་ཞིག་ཤོར་དོགས་ཀྱིས་རྒྱུག་མ་འདུར་གྱིས་འགྲོ་བའི་ཚུལ་དེ་ནི་ད་རུང་སྔར་བཞིན་ལུས་འདུག
དེ་རིང་ཡང་གསེར་མདོག་གི་ཉི་མ་ཚ་ལམ་ལམ་དུ་འཕྲོས་འདུག་ཅིང་། ཨར་འདམ་གྱི་ཐང་ལ་བརྒྱབ་པའི་ཉི་མའི་ལྡོག་འོད་ཀྱིས་ཁོའི་མིག་ཟུང་ཡང་ཕྱེ་དཀའ་བའི་ཚོད་དུ་འདུག མིག་གཉིས་ཆེ་རུ་ཕྱེ་དཀའ་བས་ཁོས་མིག་གཉིས་ཟིམ་ཟིམ་དང་ངོ་གདོང་གཉེར་གཉེར་གྱིས་འགྲོ་བ་དང་། མིག་ཕྱེ་མ་བཙུམ་དང་སྣ་གཉེར་གཉེར་བྱེད་པའི་ཡ་ཐོད་ན་བང་ཤིང་བརྩིགས་པ་དང་མཚུངས་པའི་རྒྱུ་མཚན་ཡང་ནམ་རྒྱུན་ངོ་གདོང་གཉེར་གཉེར་བྱས་དྲགས་སོང་བས་ཡིན་པའང་འདྲ།
ཁྱིམ་ལས་ཙག་ཙིག་དེ་གྲུབ་པ་དང་འཚབ་འཚུབ་ཀྱིས་སྒོར་བུད་པས་ཁོས་ཉི་ཞྭའང་གོན་རྒྱུ་བརྗེད་འདུག
ཉི་ཞྭ། ཁོས་འདས་སོང་གི་དོན་དག་ཅིག་ཡིད་ལ་ཝ་ལེར་དྲན།
གཉིས།
ལོ་དེའི་དབྱར་ཁར། ཁོ་དང་ཡུལ་ཕྱོགས་གཅིག་ཅིང་ལོ་གཅིག་ཟླ་བ་གཅིག་ལ་སྐྱེས་པའི་བསྟན་འཛིན་འཕྲིན་ལས་ཀྱིས་སྐྱེ་བ་སྔ་མའི་དབུ་ཞྭ་མཐོང་གྲོལ་ཆེན་མོ་དང་ཕྱག་དྲིལ་ངོས་ཟིན་པས་སྤྲུལ་སྐུ་ཡིན་པ་གཏན་འཁེལ་གནང་སོང་།
ཞྭ་དེ་ནི་ཨོ་རྒྱན་པད་ཞྭ་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དབུ་ཞྭའི་བཟོ་དབྱིབས་ལྟར་བཟོས་པའི་དབུ་ཞྭ་ཞིག་ཡིན་ལ། དབུ་ཞྭ་དེ་སྐུ་ཕྲེང་གསུམ་ཙམ་གྱི་སྤྲུལ་སྐུ་རིམ་བྱུང་གིས་མནབས་མྱོང་། སྐུ་ཕྲེང་དང་པོ་གྲོངས་རྗེས་ཀྱི་ལོ་བཞི་ཟིན་པ་ན་བུས་པ་ཞིག་གིས་མཐོང་གྲོལ་ཨོ་རྒྱན་པད་ཞུ་ཤེལ་སྒྲོམ་དུ་མཇལ་རྟེན་དུ་བཞག་ཡོད་པ་དེར་མཛུབ་མོ་བཙུགས་ཏེ“ཞྭ་འདི་ངའི་ཡིན”ཞེས་བཤད་རྗེས་ཡུལ་དགོན་གཉིས་ནས་ལུང་བསྟན་སོགས་ལ་ཡང་ཡང་བརྟགས་ཏེ་སྤྲུལ་སྐུ་རུ་ངོས་འཛིན་པའི་སྲོལ་བྱུང་བས། སྤྲུལ་སྐུའི་ཡང་སྲིད་བཙལ་བར་དབུ་ཞྭ་དེ་ངོས་ཟིན་མིན་གྱིས་ཐག་གཅོད་པ་ཞིག་ཡིན་པར་ཡང་བཤད།
བསྟན་འཛིན་འཕྲིན་ལས་དང་བཀྲ་ཤིས་ཆོས་ལྡན་གཉིས་ལོ་གཅིག་ཟླ་བ་གཅིག་ལ་སྐྱེས་པར་མ་ཟད། ཕ་ཡུལ་ཡང་གཅིག་ཏུ་སྐྱེས་པ་རེད། ལོ་ན་དྲུག་མ་ཟིན་བར་དུ་ཁོ་གཉིས་རྩེད་གྲོགས་བྱས་ཏེ་ཡོང་ཞིང་། བསྟན་འཛིན་འཕྲིན་ལས་ཀྱིས་བསླབ་དེབ་མགོ་ལ་བཞག་སྟེ“ང་ལ་ཞྭ་འདི་འདྲ་ཞིག་ཡོད། ངའི་ཞྭ་དེ་མྱུར་དུ་ཚོལ་ཤོག”ཟེར་བ་དང་། “ང་ཞྭ་འཚོལ་དུ་འགྲོ་དགོས”སོགས་མང་པོ་ཞིག་བཤད་རབས་ནི་ཕྱིས་ཀྱི་བགྲེས་སོང་དག་དང་། ཁོང་གི་མཛད་རྣམ་དུའང་གསལ།
ཉིན་མོ་དེར། དེ་རིང་ལྟ་བུའི་ཉི་མ་ཚ་ལམ་ལམ་དུ་འཕྲོ་ཞིང་། ཚ་ལམ་ལམ་གྱི་ཉི་ཟེར་གྱིས་དབྱར་ཁའི་སྤང་གི་རྩི་ཤིང་དང་། སྐྱེ་འགྲོའི་ཚོགས་རྣམས་སྲེག་ལ་ཁད་ཅིག་བྱས། དབྱར་བསིལ་བའི་གྲུ་ག་ནས་རང་ཉིད་སླ་ང་རུ་བརྔོས་པ་ལྟ་བུའི་ཚོར་བ་རེ་སྟེར། ཚ་ཟེར་གྱི་ཉི་མའི་འོག་གི་སྤང་ཐང་དུ་རྔུལ་ཆུ་སྐྲ་གསེང་ནས་འཛུམ་ཞིང་། ཡ་ཁའི་སྣབས་ཀྱང་ཉི་དྲེག་གིས་སྐམ་ནས་འཐོར་ལ་ཁད་དུ་བྱེད། འགྲམ་ངོས་དང་སྐེ་ཁུག་རྣམས་སུ་རྔུལ་ཆུའི་ཐིགས་རིས་འཐེན་པའི་བུས་པ་གཉིས་ཀྱིས་མེ་ཏོག་བཏུས་ཤིང་ཞྭ་མོ་བསླེས་ཏེ་བསྡད་འདུག རྔུལ་ཆུའི་ཐིགས་པ་ཤ་གསེང་ནས་བརྡོལ་ཡང་། ཁོ་གཉིས་ལ་ཚ་གདུང་ཆེ་བའི་ཉམས་སྣང་ཅི་ཡང་མེད་པ་འདྲ།
ཁོ་གཉིས་ཀྱི་གཟུགས་ཕུང་ལས་ཆེ་བའི་གླང་མའི་གསེབ་ཏུ་ཤང་དྲིལ་མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་བྱེད་པས་བཀྲ་ཤིས་ཆོས་ལྡན་ཤང་དྲིལ་མེ་ཏོག་འཐུ་བར་སོང་། མདུན་གྱི་མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་མེ་ཏོག་རེ་རེ་བཏུས་ཏེ་རོགས་པ་ལའང་མཉམ་མ་བཞག མེ་ཏོག་ཆག་པ་གང་བཏུས་ཏེ་ཕྱིར་ཡོང་དུས་བསྟན་འཛིན་འཕྲིན་ལས་ཁོ་རང་གི་ཕ་རྒན་དང་གྲྭ་པ་འགས་བསྐོར་འདུག བཀྲ་ཤིས་ཆོས་ལྡན་འཚབ་འཚུབ་ཀྱིས་སོང་ནས་བལྟས་པས། བསྟན་འཛིན་འཕྲིན་ལས་ཀྱིས་ཞྭ་མོ་ཆེན་པོ་ཞིག་ལ་ལག་པས་བསྙབས་ཏེ“འདི་ངའི་ཞྭ་རེད”ཟེར་ནས་མགོ་ལ་གྱོན་གྱི་འདུག་མོད། ཞྭ་མོ་ཆེ་དྲགས་ནས་སྐེ་དང་ཕྲག་པའི་བར་ཡང་ཁེབས་འགྲོ་བར་འདུག ད་དུང་དྲིལ་བུ་ཞིག་ལ་འཇུས་ཏེ་སིང་སིང་དུ་བཀྲོལ་བས། གྲྭ་པ་དེ་ཚོས“ད་འགྲིག་སོང”ཟེར་ནས་དགའ་བའི་ཚེམས་ཕྲེང་སྟོན་ཞིང་། གྱང་འགྱེལ་བ་ལྟར་ཕྱག་འཚལ། ཕ་རྒན་གྱིས“ངའི་བུ”ཟེར་ནས་དགའ་འཛུམ་སྟོན་པར་བྱེད། ཁོ་ཚོས་སྤྲུལ་སྐུ་ཟེར་བཞིན་ལག་འགོར་འཇུས་ཏེ་གདན་དྲངས་སོང་། བཀྲ་ཤིས་ཆོས་ལྡན་དེ་ཚོའི་ཕྱི་བཞིན་འབྲངས་ཏེ་འགྲོ་བ་ལས་གྲྭ་པ་དེ་ཚོས་ཁོ་རང་རྗེས་སུ་ཡོད་མེད་ཀྱང་མཉམ་མ་བཞག
བསྟན་འཛིན་འཕྲིན་ལས་ཀྱིས་ཞྭ་དང་རྡོར་དྲིལ་ངོས་ཟིན་ཅིང་། བཀའ་ལུང་སོགས་ལ་ཡང་ཡང་བརྟགས་མཐར་གྲུབ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ཐག་བཅད། དེའི་ཕྱི་ལོར་སྤྲེལ་ལོ་དང་ཁེལ་ཞིང་བོད་ཟླ་ལྔ་པའི་ཚེས་བཅུ་སྟེ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཉིན་ཁྲི་འདོན་ཆོ་ག་སྤེལ་བའི་བརྡ་ཁྱབ་བསྒྲགས།
ལོ་ཡི་འཁོར་མོ་བཅུ་གཉིས་རེའི་མཚམས་སུ་ཐེངས་རེ་ཚེས་པའི་སྤྲེལ་ལོ་སྤྲེལ་ཟླའི་དུས་ཚེས་ཁྱད་པར་ཅན་དེ་ཚེས་བྱུང་། ཉིན་དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་དུས་ཆེན་ཁྱད་པར་ཅན་དུ་བརྩི་བས། ལོ་རེ་བཞིན་གུ་རུའི་དུས་དྲན་གྱི་ཉིན་མོ་དེར་གུ་རུ་མཚན་བརྒྱད་སོགས་གར་འཆམ་པ་དང་། གུ་རུ་གདན་འདྲེན་པ་སོགས་བྱེད་བཞིན་ཡོད་ལ། གྲུབ་དབང་བསྟན་འཛིན་འཕྲིན་ལས་ཀྱི་ཁྲི་འདོན་མཛད་སྒོ་ཡང་ཉིན་དེར་སྤེལ། ཁྲི་སྟོན་གྱི་ཉིན་མོར་ཡུལ་སྡེ་ཡོད་དོ་ཅོག་ཚེས་བཅུའི་འཆམ་དང་། སྤྲུལ་སྐུ་མཇལ་བར་སོང་། མི་ཚོགས་ཀྱི་གསེང་དུ་བཀྲ་ཤིས་ཆོས་ལྡན་ཡང་ཚུད་ཡོད། དབུ་ལ་དབུ་ཞྭ་མནབས་ཤིང་སྐུ་ལ་གཟན་ཤམ་མནབས་པའི་བསྟན་འཛིན་འཕྲིན་ལས་ཁྲི་འཕང་བ་གམ་བརྩེགས་པའི་སྟེང་དུ་ལྷང་ངེ་ལྷན་ནེར་བཞུགས་འདུག མི་ཚོགས་བརྒྱ་སྟོང་མང་པོའི་ཁྲོད་དུ་མགོ་ལ་ཞྭ་མོ་གོན་མཁན་ནི་བསྟན་འཛིན་འཕྲིན་ལས་གཅིག་པུ་ལས་མི་འདུག་ལ། ཁོང་གི་དབུ་དང་རན་པའི་ཞྭ་སྙིང་རྗེ་པོ་དེར་བཀྲ་ཤིས་ཆོས་ལྡན་ཀྱིས་ཡིད་ཀྱི་གཏིང་རིམ་ནས་སྨོན་པ་དྲག་པོ་སྐྱེས་ལ། ཁོའི་ཡིད་སེམས་དཀར་གཙང་ཤོག་བུའི་ངོས་སུ་ཞྭ་མོ་ཞེས་པའི་ཡིག་འབྲུ་འདི་གཉིས་བྲིས་སོང་བ་འདྲ།
ཁྲི་སྟོན་མཛད་སྒོའི་སྐབས་སུ་དགའ་བའི་གླུ་དང་། སྤྲོ་བའི་གར་འཁྲབ། ལྷ་དང་ལྷ་མོའི་གར་སྟབས་ཀྱི་འཆམ་བྱས། ལུས་ལ་ཟབ་བེར་དང་ངོ་ལ་འབག་གོན། དབུ་ལ་རྨོག་ཞུ་དང་ལྡེམ་ཕྲུ་བཙུགས་པའི་ཞྭ་མོ་གསོལ་བས། ཉིན་དེ་གའི་རིང་ལ་ཁོའི་མིག་ལམ་དུ་ཞྭ་མོའི་བསླུ་བྲིད་རྐྱང་རྐྱང་འཁོར། ཁོ་རང་ཞྭ་ལ་དམིགས་བསལ་གྱིས་དགའ་པོ་བྱུང་། ཁོ་ཡང་སྤྲུལ་སྐུ་ཞིག་བྱ་དགོས་སྙམ། མིན་ན་ལྷ་འཆམ་མཁན་ཞིག་བྱས་ཏེ་ཞྭ་གོན་དགོས་སྙམ་པས་ཕྱིར་ལོག་རྗེས་ཨ་ཕར་ཁོ་ལ་ཡང་ཞྭ་མོ་ཞིག་ཅིས་ཀྱང་དགོས་པའི་རེ་བ་ཞུས། ངུ་འབོད་བྱས། སར་ཙོག་ནས་འགྲེ་ལོག་དང་འཕག་ཚག་ཡང་ཡང་བྱས་མཐར། ཨ་ཕས་ཁོ་ལ་ཞྭ་མོ་ཞིག་ཉོ་རྒྱུའི་གཡར་དམ་བཅས།
ཉི་མ་རེ་རེའི་ཉི་ནུབ་ནི་ཁྲེལ་གཞུང་དང་ལྡན་པའི་སྒོ་ནས་ཚེས་ཡོང་། ཉི་མ་ཤར་ཞིང་ནུབ་པ་དང་། ཆར་བ་འབབ་ཅིང་ཐིང་བ། ཁ་བ་འབབ་ཅིང་ཞུ་བ། རླུང་བུ་གཡུག་ཅིང་འཇགས་པ་སོགས་ནི་རང་བྱུང་གི་སྣང་ཚུལ་ཞིག་ལས་མགོ་ཡི་ཞྭ་མོ་དང་འབྲེལ་བ་ཅི་ཡང་མེད་མོད། ཞྭ་མོས་ཉི་འོད་དང་ཆར་བ། གྲང་བའི་རེག་བྱ་འགོག་ཅིང་། མི་སེམས་ལ་བདེ་བ་བག་ཙམ་རེའང་སྦྱིན་ནུས་པ་འདྲ།
ཉི་མ་ལོ་ལས་རིང་ཟེར་བ་དཔེ་ཞིག་ཡིན་པ་ལས་དོན་ཞིག་མིན་མོད། རེ་སྒུག་གི་ཉི་མ་ནི་ཧ་ཅང་རིང་པོ་ཞིག་རེད། ཁོས་ཀྱང་རང་ཉིད་ལ་ཞྭ་མོ་ཞིག་འཐོབ་འདོད་ཀྱི་གདུང་བ་དྲག་པོ་བསྲིངས་ཏེ་ཡུན་རིང་འགོར་སོང་། ཨ་ཕས་ཁས་བླངས་པའི་ཞྭ་མོ་ནི་ད་དུང་ཡང་ལག་ཏུ་མ་སོན་པས་ཁོས་ཞྭ་མོ་གྱོན་འདོད་ཀྱི་རེ་བཞག་ནི་ཅིས་ཀྱང་འདོར་མ་ཐུབ། ཉིན་ཞིག་ཁོས་གློ་བུར་དུ་རང་ཉིད་ཀྱིས་ཞྭ་མོ་ཞིག་བཟོས་ཏེ་གྱོན་ན་འགྲིག་ཨང་སྙམ་པ་དང་། བསྟན་འཛིན་འཕྲིན་ལས་ཀྱི་ཞྭ་མོ་དང་གཉིས་སུ་མེད་པའི་ཞྭ་མོ་ཞིག་བཟོས་ཏེ་གོན་དགོས་སྙམ། ཁོས་རང་ཁྱིམ་དང་ཁྱིམ་མཚེས་ཚང་གི་གད་སྙིགས་གློང་གློང་བས་ཤོག་སྒམ་ཞིག་རྙེད། ཁོས་དེ་ལ་བཟོ་བཅོས་ཡང་ཡང་བྱས་ཏེ་རང་གི་མགོ་དང་འཚམ་པ་ཞིག་བྱས་རྗེས། མགོར་གོན་ཏེ་སྒོ་རའི་ནང་འཆམ་གྱི་ལད་མོ་བྱས། སྤོ་བོས་ཚུལ་དེ་མཐོང་བས་ངོ་མདོག་སྐྱ་བོར་གྱུར་ཅིང་ཁ་ཤ་འདར་ཙམ་བྱུང་བ་དང་མཉམ་དུ“ཁྱོད་རང་ཤོག་ཞྭ་གོན་མ་དགོས་ན་ལོས་དགའ”ཞེས་ཐལ་ལྕག་ཚ་བེར་བ་ཞིག་གཞུས་ཤིང་ཚམ་ཚོམ་མེད་པར་སྡིགས་བྱུང་།
གསུམ།
དུས་ཚོད་ཀྱིས་སྔུན་ནས་འཁྲིད་ཅིང་།ལོ་ཟླ་ཡིས་རྒྱབ་ནས་དེད་དེ། ཁོ་རང་སློབ་གྲྭར་ཞུགས་རན་སོང་། དགེ་རྒན་གྱིས་ཉིན་རེ་བཞིན་སློབ་ཚན་གསར་པ་ཁྲིད། དགེ་རྒན་གྱིས“ཞ་ཟ་འ་ཡ། ཞ་ནི་ཞ་སྨྱུག་གི་ཞ་ཡིན། ཟ་ནི་ཟ་མའི་ཟ་ཡིན། འ་ནི་འ་ཅག་གི་འ་ཡིན། ཡ་ནི་ཡ་རབས་ཀྱི་ཡ་ཡིན”ཞེས་ཁྲིད་མོད། ཕྱིར་ཉིན་རྒྱུགས་ལེན་དུས་ཁོས“ཞ་ཟ་འ་ཡ། ཞ་ནི་ཞ་མོའི་ཞ་ཡིན། ཟ་ནི་ཟ་མའི་ཟ་ཡིན། འ་ནི་འ་ཅག་གི་འ་ཡིན། ཡ་ནི་ཡ་རབས་ཀྱི་ཡ་ཡིན”ཞེས་ཤར་མར་བཀླགས། རྒན་ལགས་ཀྱིས“ཁྱོད་རང་གིས་ངེས་པར་བྱོས་ཤོག་ཨ། མགོ་ཡི་ཞྭ་ལ་ཝ་ཟུར་ཡོད་པ་རེད། ཞྭ་མོའི་ཞྭ་དེ་ཝ་ཟུར་ཅན་གྱི་ཞྭ་རེད”ཟེར། དེ་ནས་བཟུང་ཁོས་མགོ་ལ་གྱོན་རྒྱུ་མེད་ཀྱང་ཞྭ་མོའི་ཞྭ་ལ་ཝ་ཟུར་ཅན་འབྲི་དགོས་པའི་ཤེས་བྱ་རྟོགས་སོང་།
ཁོ་རང་ལོ་ན་ཉེར་དགུ་ལ་སོན་པའི་ལོ་དེར། སྤྲུལ་སྐུ་བསྟན་འཛིན་འཕྲིན་ལས་ལ་སླར་ཡང་ཞྭ་དམར་པོ་རྩེ་མོ་རྣོན་པོ་ཅན། སྐེད་དུ་དཀྲིས་གསུམ་བརྒྱབ་ཅིང་། ཡུ་བ་ཕྲག་པའི་གཡས་གཡོན་བར་དུ་དཔྱངས་པའི་ཞྭ་ཞིག་ཐོབ། དེ་ནི་མཁན་པོའི་གོ་སར་བཞེངས་པའི་མཁན་ཞྭ་ཡིན་བཟོ་འདུག ད་ནི་སྤྲུལ་སྐུ་བསྟན་འཛིན་འཕྲིན་ལས་ལ་བསྟུད་མར་ཞྭ་འདྲ་མིན་གཉིས་ཐོབ་སོང་། ཁོང་གིས་དབུ་ཞྭ་དེ་གཉིས་གཅིག་ཐོག་གཅིག་བརྩེགས་སུ་གོན་གྱི་མི་འདུག་མོད། ད་ཆ་ཁོང་ནི་མཁན་སྤྲུལ་གཉིས་ཀ་ཡིན་པ་རེད་ཟེར། ཁོང་གི་ཞལ་སློབ་ཇེ་མང་དུ་སོང་བས་ཁོང་གི་དབུ་ལ་མནབས་པ་ནི་ཞྭ་སྤྱིར་བཏང་བ་ཞིག་མིན་པའི་ངེས་ཤེས་སྐྱེས།
ཁོང་གི་དབུ་ཞྭ་གཉིས་ཐོབ་པའི་རིང་དུ་བཀྲ་ཤིས་ཆོས་ལྡན་ལའང་ཨ་ཕས་ལྷ་ས་ནས་ཉོས་ཡོང་བའི་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཤིག་དང་། མཛའ་མོས་ཉོས་པའི་རྒྱ་གར་ཞྭ་མོ་གཉིས་ཡོད་ནའང་། ཞྭ་དེ་གཉིས་ནི་ཁོའི་གཟབ་མཆོར་གྱི་ཞྭ་ཡིན་པས། ཁྱིམ་ནས་གྱོན་པར་མི་བྱེད། ཁྲོམ་ཆེན་འཛོམས་དུས་ཤོམ་ལྭ་དང་སྡེབ་ནས་གྱོན། ད་རུང་ཁོ་ལ་དགུན་གྱི་གྲང་ངར་འགོག་པའི་སྐུད་ཞྭ་དང་། དབྱར་གྱི་ཉི་འོད་འགོག་པའི་ཉི་ཞྭ། སྟོན་གྱི་ཆར་བ་འགོག་པའི་ཆར་ཞྭ་སོགས་ལོ་རེ་བཞིན་བརྗེ་པོ་རྒྱག་རྒྱུ་ཡོད་པས། ཨ་ཕས་ཁོ་ལ“དབྱར་ཟླ་གསུམ་ལ་ཞྭ་ཚགས་གྱིས། དགུན་ཟླ་གསུམ་ལ་ལྷམ་ཚགས་གྱིས”ཟེར་ནས་གཏམ་དཔེ་ཡང་ཡང་འདྲེན།
བཀྲ་ཤིས་ཆོས་ལྡན་གྱི་ཚ་བོ་ཚ་མོ་གཉིས་གྲོང་ཁྱེར་ནས་བཙས་པ་དང་། ཕ་ཡུལ་དང་མཐོ་སྒང་དུ་ཡུལ་སྐོར་དང་ལོ་སར་དུས་དང་དུས་སྟོན་རེ་འགའ་ལས་ལོག་མྱོང་མེད་ལ། རང་ཉིད་དང་ཁ་ཐག་རིང་དུ་བཞག་པའང་སེམས་ཀྱིས་མི་བཟོད། འོན་ཀྱང་ཁོས་རང་གི་ཚ་བོ་ཚ་མོ་གཉིས་ལ་བོད་ཡིག་ཡག་པོ་ཞིག་འཁྲིད་དགོས་སྙམ་པ་དང་། དེ་ལ་ཨུ་ཚུགས་ཆེན་པོས་གཟའ་མཇུག་དག་ཏུ་བོད་ཡིག་དགེ་རྒན་རེ་གདན་ཞུས་ཏེ་སློབ་ཁྲིད་བྱེད་ཀྱིན་ཡོད།
“ཨ་མྱེ། མགོ་ཡི་ཞྭ་ལ་ཝ་ཟུར་ཡོད་ཟེར་ན་ཅི་ཟེར་བ་རེད། དེ་རིང་རྒན་ལགས་ཀྱིས་ངེད་གཉིས་ལ་དེའི་དཔེར་བརྗོད་ཕྲིས་ཤོག་གསུངས་བྱུང་།”སྐབས་དེར་ཁོས་མགོ་ཡི་ཞྭ་ལ་ཝ་ཟུར་ཡོད་ཅེས་པའི་ཚིག་འགྲེལ་དཔྱིས་ཕྱིན་པ་ཞིག་བྱས་ཏེ། ཁེངས་ཉམས་དང་བཅས་ཟུར་འདུག་ཅིག་བྱས་ཀྱང་། ཚ་ལུ་གཉིས་ཀྱིས་ཅི་ཡང་མ་གོ་བ་ལྟར་ཁོའི་གདོང་ལ་གཟབ་ནན་གྱིས་ཅེར་འདུག
བཞི།
གཟའ་མཇུག་དེར་ཚ་བོ་ཚ་མོ་གཉིས་ཀྱི་བོད་ཡིག་སློབ་ཁྲིད་གྲོལ་རྗེས། ཁོ་ཚོའང་གཞིས་ཁུལ་དང་ཐག་ཉེ་སའི་སྤྱི་གླིང་དེར་སྒར་གདབ་པར་སོང་། གཟའ་ཉི་མར་ཉི་མ་སྤྲིན་པ་དང་སྨུག་ལོང་གིས་མ་བསྒྲིབས་པར་ནམ་མཁའི་དབྱིངས་སུ་འོད་ལམ་ལམ་གྱིས་འཕགས་འདུག་ལ། སེར་ལམ་མེར་མཁའ་རུ་འཕགས་པ་ན། མི་རྣམས་སྤྱི་གླིང་གི་སྤང་ཐང་ལག་མཐིལ་འདྲ་བ་དེ་རུ་བསིལ་གུར་རེ་ཕུབ་སྟེ་གཟའ་འཁོར་གཅིག་གི་ངལ་དུབ་མ་ལུས་སངས་བའི་ངལ་གསོ་བྱ་བར་གཡེང་། ཆེ་རྒྱུ་མེད་པའི་སྤང་ཐང་རེ་རེ་བསིལ་གུར་དང་ཉི་གདུགས་ཀྱིས་བཀང་སོང་།
སྤང་ཐང་དུ་ཡོང་བའི་མི་རྣམས་ཀྱིས་ལག་ཏུ་ཉི་གདུགས་རེ་ཐོགས་པའམ་མགོ་རུ་ཉི་ཞྭ་རེ་གོན་ནས་ཉི་འོད་འགོག་ཐབས་བྱེད། བཀྲ་ཤིས་ཆོས་ལྡན་གྱིས་ཀྱང་ཉི་ཞྭ་ཞིག་གོན་འདུག་མོད། ཁོའི་ཉི་ཞྭ་དེ་ནི་རྙིང་སྟེ་ཐོག་མའི་ཚོན་མདངས་ཅི་ཡིན་ཧ་མི་གོ་བ་ཞིག་རེད། ཁོ་རང་ལོ་ན་གཞོན་དུས་ཤིག་ཡིན་ན་ཁོས་ཞྭ་མོ་དེ་འདྲ་ཞིག་གོན་མི་ཐུབ་མོད། ད་ནི་ལོ་ན་ཚོད་དམ་ཅི་ཞིག་གིས་བསྲེགས་བརྡར་ཡང་ཡང་བྱས་པས། ཉི་ཞྭས་ཉི་འོད་འགོག་པ་དང་། ཆར་ཞྭས་ཆར་པ་ཚོགས་ན་ཞྭ་མོའི་དབྱིབས་དང་ཁ་དོག་ལ་ཡིད་འཇོག་རྩ་བ་ནས་མི་བྱེད་པར་ཅི་མི་སྙམ་པའི་ངང་ཚུལ་དེ་མཐོང་བ་ན། ཁོས་ད་གཟོད་རང་ཉིད་འགྱུར་འདུག་པ་རྟོགས།
བཀྲ་ཤིས་ཆོས་ལྡན་སྤྱི་གླིང་གི་སྤྱིལ་བུ་དེར་སོང་། སྤྱིལ་བུ་དེ་རུ་མི་མང་པོ་ཞིག་འདུག་ལ། མང་པོའི་ནང་ན་རྒད་པོ་མགོ་ལ་ཉི་ཞྭ་སྐྱ་བོ་གོན་པ་ཞིག་འདུག་ཅིང་། དེས་ལག་མགོར་བྱིས་པ་ཞིག་ཁྲིད་འདུག་པ་དེས་མེ་ཏོག་གིས་བརྒྱན་པའི་ཞྭ་མོ་སྙིང་རྗེ་པོ་ཞིག་གོན་འདུག་པས། ཁོ་རང་ཞྭ་མོ་སྙིང་རྗེ་དེར་གཟས་ཏེ་ཁོང་གཉིས་ཀྱི་གམ་དུ་བཅར།
རྒད་པོ་དེས་ཁོའི་ངོ་ལ་ཅེར་ཙམ་བྱས་ཏེ“ཁྱོད་རང་བོད་པ་ཡིན་ནམ”ཟེར།
ཁོས“ཡིན། ཁྱོད་ཀྱང་བོད་པ་ཡིན་ནམ”ཟེར་ནས་ཕན་ཚུན་ལ་ཁ་བརྡ་བྱས།
བར་སྐབས་ཤིག་ནས་རྒད་པོ་དེས“ཨ་རོག ཁྱོད་བཀྲ་ཤིས་ཆོས་ལྡན་མ་རེད་དམ”ཞེས་བཤད་བྱུང་ཡང་།
ཁོས“ཡིན། ག་རེ། ཁྱོད་རང་སུ་ཡིན་ནམ”ཞེས་འདྲི་དགོས་བྱུང་།
“ཁྱོད་ཀྱིས་ང་མི་ཤེས་སམ། བསམ་བློ་ཞིབ་ཀྱིས་ཐོངས་དང”ཞེས་བཤད་པ་ན།
ཁོས་བསམ་བློ་ཇི་ལྟར་བཏང་ཡང་རྒད་པོ་དེ་ངོས་མ་ཟིན་པས་འུ་ཐུག་པའི་ཉམས་དང་བཅས་ཏེ་བཅོས་འཛུམ་ཞིག་ངང་གིས་ཕྱུང་དགོས་ཐུག
སྐབས་དེར་རྒད་པོ་དེས་ཀྱང་དོགས་མི་བདེ་བའི་ཉམས་ཀྱིས“ང་བསྟན་འཛིན་འཕྲིན་ལས་ཡིན། ཆུང་དུས་འུ་གཉིས་ཀྱིས་མཉམ་དུ་མེ་ཏོག་གི་ཞྭ་མོ་བསླེས་ཏེ་གྱོན་པ་ཡང་བརྗེད་སོང་ངམ”ཟེར།
ཁོ་རང་ཧ་ལས་ཤིང་ངག་ཀྱང་ལྐུགས་པར་གྱུར་སོང་། ཁོས་བསྟན་འཛིན་འཕྲིན་ལས་དང་འདི་ལྟར་འཕྲད་ཡོང་བ་བསམ་པའི་དགུ་ལའང་ཤར་མ་མྱོང་།
ཁོས་འཚབ་འཚུབ་ཀྱིས་མགོ་ཡི་ཞྭ་མོ་རྙིང་པ་དེ་མར་ཕུད་དེ་བལྟས་པ་ན། ཉི་འོད་ཤིན་ཏུ་བཙན་པས་ཡིན་ནམ་བསྟན་འཛིན་འཕྲིན་ལས་ཀྱི་སྐྲ་གསེང་ནས་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་ཏེ། གདོང་གི་ཟ་འགྲམ་ནས་དལ་གྱིས་ཟགས་སོང་བ་མཐོང་། །