ནེ་ཙོ།
བདེན་སྒྲུབ་ཀྱིས་བརྩམས།
རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ།
1
གསེར་གྱི་གཟེབ་དྲའི་ནང་གི་ནེ་ཙོས་གྲིམ་ལྷོད་རན་པོར་སྐད་སྙན་ཀྱུ་རུ་རུར་བསྒྲགས་རྗེས། བཙུན་མ་དཔལ་མོ་ད་གཟོད་གཉིད་ལས་སད་བྱུང་། མོས་གླེགས་བམ་མང་པོ་བརྩེགས་པའི་གསེབ་ནས་ཞལ་འདོན་གྱི་དེབ་ཆུང་ཞིག་བླངས་ཏེ། ཁ་ཏོན་ཚར་གཅིག་བཀླགས་ནས་མགོ་བོར་བྱིལ་བྱིལ་ཅུང་ཙམ་བྱེད་ཅིང་། ཀ་བའི་ཡལ་གར་བཀལ་བའི་མེ་ལོང་ནང་ནས་རྩུབ་ཆ་ལྡན་པའི་ངོ་གདོང་དེར་རོབ་ཙམ་བལྟས་ཤིང་བལྟས་པས། དེ་འཕྲལ་ཅི་ཞིག་མི་བདེ་བའི་ཚུལ་དུ་ལྷ་ཁང་གི་མཆོད་སྟེགས་སུ་ཡོན་ཆབ་བཤམས་ཐོག ཕྱིར་ནང་ཁྱིམ་སོགས་ལ་བྱི་དོར་བྱེད་པའི་སྐབས་དེར། གྲོང་ཚོའི་ཀྲུའུ་རེན་ཚེ་ཐར་གྱིས་བྲེལ་འཚུབ་ངང་བཙུན་མ་དཔལ་མོའི་ཁྱིམ་གྱི་སྒོ་གླེགས་བརྡུངས་བྱུང་། དེ་མུར་བཙུན་མ་དཔལ་མོས་ཁང་པ་བྱི་དོར་བྱེད་མཚམས་བཞག་སྟེ་སྒོ་ཕྱེས་རྗེས།ཚེ་ཐར་གྱིས། བཙུན་མ་ལགས། མགྱོགས་པོར་ཤོག་ཅིག དེ་རིང་ཆུ་ཚོད་བཅུའི་སྟེང་དུ་གྲོང་ཚོར་ཚོགས་འདུ་གལ་ཆེན་ཞིག་འདུག་པས། དུད་ཁྱིམ་མི་རེ་ངོ་རེ་ཚོགས་འདུར་ཞུགས་དགོས་འདུག་ཅེས་འཕྲལ་མར་འཕྲིན་ཞིག་བཏང་རྗེས། སླར་ཡང་བྲེལ་བ་ཆེན་པོས་བུད་སོང་།
2
དེ་ལྟར་བཙུན་མས་ནང་ཁྱིམ་མུ་མཐུད་དུ་བྱི་དོར་བྱས་ཚར་རྗེས། སྒེའུ་ཁུང་གི་ངོགས་སུ་ཅེར་ནས་ཆུ་བོའི་ཕ་མཐའ་རུ་ཡོད་པའི་དགོན་སྡེ་དང་དགོན་སྡེའི་འགྲམ་གྱི་དུར་ཁྲོད་ལ་སྔར་བས་ཐལ་མདོག་ཅིག་འཐིབས་འདུག་ལ། རི་ཁྲོད་ཀྱི་མཁའ་རུ་རྒོད་པོ་ཁྱུ་ཞིག་ཕྱོགས་ངེས་མེད་དུ་ལྡིང་སྐོར་རྒྱག་པ་མཐོང་ཡོང་། མོས་ཆུ་ཡིས་ཕ་མཐའ་ཆོད་པའི་དུར་ཁྲོད་དེར་རྒྱུན་དུ་འཇིགས་པ་བསྐྱེད་ལ། ཉིན་ལྟར་མལ་ལས་ལངས་སྐབས་ཁྱིམ་གྱི་སྒེའུ་ཁུང་ནས་དུར་ཁྲོད་མཐོང་ཡོང་བ་ནི། མོའི་ཡིད་ལ་བཟོད་དུ་མེད་པ་ཞིག་སྟེ། སྐབས་རེར་མོས་དེ་ལས་ལྡོག་པའི་ཕྱིར་དུ་སྒེའུ་ཁུང་གི་ཁ་གཏན་སའི་ཕྱོགས་བསྒྱུར་དགོས་པ་ཡང་དྲན་མྱོང་། དེའི་ཡར་སྔོན་དུ་གྲོང་ཚོའི་ལས་ཀ་གང་ལ་ཡང་བྱང་ཆ་ལྡན་པའི་རྒན་པོ་ཨ་བརྟན་ནང་དུ་གདན་ཞུ་བྱས་ཏེ། མོས་མཚན་མོ་རྨི་ལམ་འཁྲུག་པའི་རྒྱུ་མཚན་སོགས་མང་དུ་བཤད་དེ། དུར་ཁྲོད་ཀྱི་ཕྱོགས་སུ་གཏད་པའི་སྒེའུ་ཁུང་དེ་མེད་པར་བཟོས་ཏེ་སོ་ཕག་བརྩིག་དགོས་པའི་རེ་བ་བརྒྱབ་ཀྱང་། ཨ་བརྟན་གྱིས་ཁྱོད་ཀྱི་ཡབ་མེས་དག་གིས་སྒེའུ་ཁུང་གི་སྒོ་མོ་དུར་ཁྲོད་ཀྱི་ཕྱོགས་སུ་གཏད་པ་ནི་རྒྱུ་མཚན་ཡོད་དེ། སྔོན་ཆད་ཁྱོད་ཀྱི་ཁྱིམ་གཞིས་དེ་རུ་བླ་མ་མང་པོས་རབ་གནས་མཛད་མྱོང་ཡོད་སྟབས། དེ་ནི་ཅིས་ཀྱང་མེད་པར་བཟོ་མི་ཉན་ཞེས་བཤད་མྱོང་།
3
ད་ནི་ཚོགས་འདུར་འགྲོ་རན་སོང་། ད་ནི་ཚོགས་འདུར་འགྲོ་རན་སོང་ཞེས་བཙུན་མས་ཆིག་ལབ་རྒྱག་གིན། གྲོང་ཚོའི་ཚོགས་འདུ་གལ་ཆེན་ཅི་ཞིག་ཡིན་ནམ་སྙམ་ནས་རེ་ཞིག་སེམས་འཚབ་ལངས་པའི་སྐབས་དེར། གློ་བུར་རང་ཉིད་ཀྱི་གཅུང་པོ་བསམ་དོན་ཡིད་ལ་འཁོར་ཅིང་། ཉིན་ཁ་ཤས་ཀྱི་སྔོན་དུ་རང་གི་ཁྱིམ་གྱི་ནེ་ཙོ་དེར། གློ་གཅོང་གི་ནད་ཀྱིས་མནར་ཏེ་འབྲས་དང་རྒུན་འབྲུམ་ཇི་ལྟར་བླུད་ཀྱང་། ལྟོ་ཆས་གང་ཡང་མི་འཕྲོད་པར་གྱུར་གཤིས། རྫོང་སྨན་ཁང་དུ་སྨན་པ་ཞིག་གི་མདུན་དུ་བཅར་ཏེ་བཀའ་འདྲི་ཞུས་པར། ནད་དེ་ནི་ནུབ་ལུགས་དང་རྒྱ་ལུགས་གང་གིས་ཀྱང་བཅོས་མི་ཐུབ་པར་ཤེས་ཏེ། ངེས་པར་དུ་གླ་རྩི་ཆུ་ཁོལ་ནང་དུ་སྦངས་ཏེ་ནེ་ཙོ་ལ་ལྡུག་དགོས་ཞེས་བསྒོས། ཡིན་ཡང་བཙུན་མའི་བསམ་པར། གླ་རྩི་ནི་གང་ལ་བཙལ་དུ་འགྲོ་སྟེ། གླ་བ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་ཡུལ་གྱི་སྲོག་ཆགས་ཀྱི་གྲལ་དུ་ཚུད་པས། བཙུན་མས་ཇི་ལྟར་བྱ་སྙམ་ནས་ཉིན་འགར་ཐབས་ཤེས་ཅི་རིགས་ཡིད་དུ་འཆར་མོད། ནེ་ཙོའི་ལྗང་མདོག་གི་སྒྲོ་ཐིག་དག་གི་གཟི་གདངས་ཉམས་ནས། དམར་ཅིང་གུག་པའི་མཆུ་ཏོ་དེ་ཟིལ་ཤུགས་མེད་པར་ཡང་ཡང་མཐོང་བས། མོའི་ཡིད་ལ་འདས་པའི་གནད་དོན་འབའ་ཞིག་ལྷམ་མེར་ཤར་བས། ཡེ་ནས་མ་བཟོད་པར་གཅུང་པོ་བསམ་དོན་གྲོང་ཚོའི་ཕ་རོལ་གྱི་དགུན་མཚེར་དུ་གནས་སྤོར་བའི་སྐབས་དང་བསྟུན་ནས། གསང་སྦས་ཀྱི་ཚུལ་དུ་གླ་བ་གསོད་པའི་སྐུལ་མ་བྱས་ཤིང། ལར་ཉིན་འགར་གཅུང་པོའི་གནས་ཚུལ་གོ་ཐོས་ཅི་ཡང་མ་བྱུང་སྟབས། གྲོང་ཚོའི་ནགས་ལས་རུ་ཁག་གིས་འཛིན་བཟུང་བྱས་པ་མིན་ནམ་བསམས་ནས། དེ་མུར་སེམས་ཁྲལ་དང་འཇིགས་སྐྲག་ལྷན་ཅིག་ཏུ་སྐྱེས། སྐབས་དེར། བཙུན་མ་དཔལ་མོས་དུས་ཚོད་ཅི་ཙམ་ཐོན་འདུག་པར་བལྟས་རྗེས། ཆུ་ཚོད་བཅུ་པར་ཟིན་ལ་ད་དུང་སྐར་མ་ཉི་ཤུ་ལས་མེད་པར་རྟོགས་ཤིང་། ད་གཟོད་རྟབ་རྟབ་པོར་སྒྲོག་ཙེའི་སྟེང་དུ་བཞག་པའི་གྲོ་སྐམ་རེ་གཉིས་དམུར་ནས་གྲོང་དབུས་ལྷན་ཁང་གི་ཕྱོགས་སུ་ཕྱིན། ཆུ་ཚོད་བཅུ་ལ་ཟིན་མ་ཐག་དཔལ་མོས་གྲོང་དབུས་ལྷན་ཁང་གི་འགྲམ་ཟུར་ནས་བལྟས་རྗེས། གྲོང་དབུས་ལྷན་ཁང་གི་ནང་དུ་གྲོང་མི་ཕལ་ཆེ་བ་ཚོགས་དང་ཚོགས་བྱས་ཏེ་གནས་ཚུལ་འབའ་ཞིག་གླེང་མོལ་བྱེད་བཞིན་ཡོད་དེ། ཅི་ཞིག་གླེང་མོལ་བྱེད་ཀྱིན་ཡོད་དམ་སྙམ་ནས་ཅུང་ཙམ་མནོ་བསམ་བཏང་བསྡད་པས། དེ་མུར་ཀྲུའུ་རེན་ཐར་པ་ཨུ་ལྷན་གྱི་སྒོ་ཁ་ནས་ཐོན་བྱུང་།ད་ཚོགས་འདུ་འགོ་རྩོམ་པར་བྱ། ད་ཚོགས་འདུ་འགོ་རྩོམ་པར་བྱ། འུ་ཚོ་ཚོགས་ཁང་ནང་དུ་འགྲོ་ཞེས་ལབ། དེ་མུར་གྲོང་མི་རྣམས་སྐད་ཆ་ལྡབ་ལྡིབ་སྨྲ་བཞིན་ཚོགས་ཁང་གི་ཕྱོགས་སུ་ཟང་ཟིང་ཆེན་པོས་འཚང་། དཔལ་མོ་ཚོགས་ཁང་དུ་སླེབས་མ་ཐག རང་གི་གཅུང་པོ་བསམ་དོན་གྲོང་ཚོའི་ནགས་ལས་པ་ཞིག་དང་འདུམ་སྒྲིག་པ་ཞིག་གིས་འདྲི་གཅོད་བྱེད་བཞིན་པའི་སྐབས་རེད་འདུག དེ་མ་ཐག དཔལ་མོ་རེ་ཞིག་ངོ་གདོང་དམར་ནག་ཏུ་གྱུར་ཅིང་། ད་ནི་ཅི་བྱ་སྙམ་ནས་རེ་ཞིག་ཚོགས་གྲལ་དུ་འཁོད། ཀྲུའུ་རེན་ཐར་པ་ཡང་ཀྲུའུ་ཞིའི་བཤད་སྟེགས་སུ་འཛེགས་ནས་ཚོགས་འདུའི་འགོ་བཙུགས་བྱུང་། ཀྲུའུ་རེན་ཐར་པས་བཤད་རྒྱུར། གྲོང་མི་རྣམ་པ། དེ་རིང་གི་ཚོགས་འདུ་ནི་ཆེས་དམིགས་བསལ་ཞིག་སྟེ། དེ་ནི་ང་ཚོའི་གྲོང་ཚོའི་ནང་ཁུལ་གྱི་ཚོགས་འདུ་ཞིག་རེད་འདུག ཁ་སང་ང་ཚོའི་གྲོང་མི་བསམ་དོན་གྱིས་དགུན་མཚེར་ཏུ་གླ་བ་ཞིག་རྙི་རུ་བཟུང་ནས། སྟབས་ལེགས་པར་ང་ཚོའི་ནགས་ལས་པ་ཁ་ཅིག་གིས་འཛིན་བཟུང་ཐུབ་པ་བྱུང་འདུག་ཅེས་བཤད་མ་ཐག མི་རྣམས་ཕར་བལྟ་ཚུར་བལྟ་བྱས་ནས་ཧ་ལས་པ་གྱུར། གླ་བ་གསོད་པ་ནི་ཆོས་སྲིད་གཉིས་ཀྱི་ཐོག་ནས་ཅིས་ཀྱང་མི་འགྲིག་པས། ད་ནི་ང་ཚོས་བསམ་དོན་ཡང་ཞང་མངགས་གཏོང་ཁང་དུ་ཁྲིད་རྒྱུ་དང་ད་དུང་ཞང་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་རྒྱུ་ཡིན་སྟབས། དེ་རིང་ཆེད་དུ་ཚོགས་འདུ་འདི་ཚོགས་པ་ཡིན་ཞེས་ཐར་པས་མུ་མཐུད་དུ་དེ་ལྟར་བཤད། སྐབས་དེར། མི་ཞིག་གིས་དུད་ཚང་ཕྱུག་པོ་འདི་འདྲས་གླ་བ་བསད་ནས་ཅི་བྱ། དེ་བསམ་དོན་གྱིས་བསད་ཡོད་རྒྱུ་མ་རེད་ཅེས་བཤད་རྗེས། འདུམ་སྒྲིག་པས་དེ་ནི་ཁོས་བསད་པ་ཡིན་ཞེས་ཁས་བླངས་སོང་། ལོ་གོང་མར་ང་ཚོའི་གྲོང་ཚོའི་བཙུན་མ་དཔལ་མོས་རྫོང་ཐོག་ནས་ནེ་ཙོ་ཞིག་ཉོས་པ་ཤེས་སམ། ཉིན་ཁ་ཤས་ཀྱི་གོང་དུ་ནེ་ཙོ་དེ་ན་ཚ་འབའ་ཞིག་གིས་མནར་ནས། སྨན་པས་ངེས་པར་དུ་གླ་རྩི་དགོས་ལུགས་བཤད་འདུག་པས། བསམ་དོན་གྱིས་ནེ་ཙོ་སྐྱོབ་འདོད་ཀྱིས་ད་གཟོད་གླ་བ་དེ་བསད་འདུག་ཅེས་གསལ་བཤད་བྱེད་པའི་མཚམས་དེར། ལུང་པ་དེར་སྔར་ནས་ད་བར་ནེ་ཙོ་ཞེས་པ་བྱུང་མྱོང་མེད་ལ། ད་ནི་སྲོག་ཆགས་ཡ་མ་གཟུགས་དེ་འདྲ་འཁྱེར་ཡོང་བ་ནི་ལུང་ཁྲིམས་དང་མི་མཐུན་ཞེས།གྲོང་མི་ཞིག་གིས་དེ་ལྟར་བཤད། ཡང་མི་གཞན་ཞིག་གིས་ནད་ཡམས་ཀྱིས་ང་ཚོ་ལ་མནར་གཅོད་བཏང་མྱོང་བ་བརྗེད་ཟིན་པ་མིན་ནམ། ད་ནི་ནེ་ཙོ་དེར་ནད་ཅི་ཞིག་ཡོད་མིན་ང་ཚོས་ཀྱང་ཤེས་པར་དཀའ། ནེ་ཙོ་དེ་ཡང་ལྷན་ཅིག་ཏུ་ཞང་མི་དམངས་སྲིད་གཞུང་དུ་རྩིས་སྤྲོད་བྱ་རོགས་ཞེས་གྲོང་དབུས་ཚོགས་ཁང་དུ་སྐད་ཅིག་ཉིད་དུ་ཧབ་ཆ་དིར་དིར་དུ་གྱུར་བས། བཙུན་མ་དཔལ་མོ་སྙིང་ཁར་གྲི་ཕོག་པ་ལྟར་མི་ཚོགས་ཀྱི་གྲལ་དུ་དྲན་པ་འཐོར་ནས་འགྱེལ་ལོ།།
4
ནེ་ཙོ་དེ་བཙུན་མ་དཔལ་མོའི་ལག་ཏུ་འབྱོར་བ་ནི་དངོས་གནས་སྟེས་དབང་ཞིག་སྟེ། ལོ་གཅིག་གི་གོང་དུ་མོ་རྫོང་ཐོག་ཏུ་ཅ་ལག་ཙག་ཙིག་ཉོ་རུ་ཕྱིན་སྐབས། ཁྲོམ་གཞུང་དུ་ཡར་མར་ལན་འགར་སོང་སྟེ།་ལམ་གྱི་ཉིན་སྲིབ་གཉིས་སུ་བསྟར་དུ་འཁོད་པའི་ཚོང་ཁང་དག་ཏུ་གོ་རིམ་བཞིན་མྱུལ་རྗེས། ཚོང་པ་དཔྲལ་བར་སྨེ་བ་ནག་པོ་ཐོགས་པ་ཞིག་གིས་སྲང་ལམ་ཞིག་གི་རྡོ་གཅལ་དུ་ཚོང་ཆས་སྣ་མ་སྣ་ཚོགས་བཀྲམ་འདུག་པ་མཐོང་ཞིང་། དེའི་ཁྲོད་དུ་སྣོད་ཆས་དང་། བྱིས་པའི་རྩེད་ཆས། ད་དུང་བ་སོའི་ཕྲེང་བ་སོགས་དུ་མ་ཡོད་པ་མཐོང་སྟེ། མཐར་བཙུན་མས་ཚོང་པར་བ་སོའི་ཕྲེང་བ་ཉོ་འདོད་པའི་ཚུལ་བསྟན་ཡང་། ཚོང་པས་དེ་ནི་བསོད་རེ་སྦར་སྙོམས་ཡིན་པས། ཁྱོད་ཀྱིས་འགྱིག་སྒོར་དེ་ཉོས་ཏེ་གང་འདོད་དུ་ཅ་དངོས་གང་རུང་གི་གསེབ་ཏུ་ཕོངས་ཤིག འགྱིག་སྒོར་དེ་ཅ་དངོས་གང་གི་ཐོག་ལ་གོན་ན། ཅ་དངོས་དེ་གཟོད་ཁྱོད་ལ་དབང་བ་ཡིན་པས། དེ་ནི་བཙུན་མ་ཁྱོད་ཀྱི་བསོད་ནམས་དང་རླུང་རྟ་མཐོ་མིན་ལ་རག་ལས་པ་ཡིན་ཞེས་བཤད། དེ་མུར་བཙུན་མས་འགྱིག་སྒོར་རེ་ཟུང་ཉོས་ཏེ་བསྟུད་མར་བ་སོའི་ཕྲེང་བའི་ཕྱོགས་སུ་འཕངས་ཀྱང་། མཐར་འགྱིག་སྒོར་དེ་གཟེབ་ཀྱི་ནེ་ཙོ་ཞིག་གི་ཐོག་ཏུ་བབས་ལ་བསྐོན་པས། བྱ་ནེ་ཙོ་དེ་གཟེབ་ཀྱི་ནང་དུ་ཡར་ལྡིང་མར་ལྡིང་བྱས་ཏེ། ཙེ་ཙེ། ཙེ་ཙེ་ཞེས་སྐད་གྲག་པས། མོ་སྐྱི་གཡའ་བ་ཞིག་བྱུང་སྟེ། རེ་ཞིག་སྐད་ཆ་ཅི་ཡང་མ་འཕྲོས་པར་ལུས། དེ་འཕྲལ་ཚོང་པས་བཙུན་མའི་ཕྱོགས་སུ་བལྟས་ནས། ཁྱེད་རང་དངོས་གནས་རླུང་རྟ་ཡག་པོར་འདུག ལྟོས་དང་། ཀོང་པོའི་ཉི་འོད་དང་བསྡོངས་ནས་ཁྲིད་འོང་བའི་ནེ་ཙོ་དེ་བཙུན་མ་ཁྱོད་ལ་དབང་སོང་། གནས་འདིའི་སྐམ་བཞིན་པའི་ལྗོན་ཤིང་དེ་དང་། ད་དུང་འཐོར་བཞིན་པའི་ལོ་མ་དེ་དག་མཐོང་ཚེ་ནེ་ཙོ་དེ་སུན་སྣང་ཆེས་ཆེར་ལྡན་པ་སྨོས་མི་དགོས་ཏེ། ནེ་ཙོ་དེ་ཡང་ཁྱེད་ཀྱི་རྗེས་སུ་འཚོ་བ་ནི་སྣང་བ་སྐྱིད་པོ་ཞིག་ག་ལ་མིན་ནམ། མ་ཟད་ཁྱོད་ཉིད་གཅིག་པོར་གྲྭ་ཤག་ཏུ་སྐབས་རེར་ཁེར་རྐྱང་དུ་འཁོད་ཚེ། ནེ་ཙོ་འདི་ཁྱོད་ཀྱི་རོགས་སུ་གྱུར་བ་ནི་ཅིས་ནས་དགའ་འོས་པ་ཞིག་ཀྱང་ཡིན་འོས་ཞེས་གཟེབ་དྲའི་ནང་གི་ནེ་ཙོ་དེ་འཁྱེར་ཡོང་ནས་བཙུན་མའི་ལག་ཏུ་བཞག སྐབས་དེར་ཚོང་པས་བཙུན་མ་ཁྱོད་ཀྱི་མིང་ལ་ཇི་ལྟར་འབོད་ཅེས་བཤད་པས། བཙུན་མས་རེ་དོགས་གང་ཡང་མེད་པར་སྐྱ་མིང་ལ་ཚེ་རིང་དབང་མོ་དང་། བཙུན་མིང་ལ……ཞེས་མིང་ཤོད་གྲབས་བྱེད་པའི་ཚེ། ནེ་ཙོས་བཙུན་མའི་མིང་དེ་ཇི་ལྟ་བཞིན། ལེ་བདའ་བྱས་ཏེ་ཅིས་ཀྱང་འགྱོད་གདུང་ཆེ་བའི་སྒྲ་ཞིག་གིས་ཚེ་རིང་དབང་མོ། ཚེ་རིང་དབང་མོ་ཞེས་ཐེངས་གཉིས་གྲག་པས། གང་ཙམ་ན་བཙུན་མས་ཅི་ཞིག་གི་དོན་དུ་ཡིན་ཡང་མ་ཤེས་མོད། རེ་ཞིག་མིག་མཐའ་ནས་མཆི་མ་འཁོར་ཅིང་། གཟན་གོས་ཀྱི་ཟུར་ཅིག་ནས་བཟུང་ནས་མིག་གི་མཆི་མ་ཕྱིས་ཏེ། གཟེབ་ཀྱི་ནེ་ཙོ་དེ་འཁྱེར་ནས་ཚོང་པའི་གདོང་ལ་ཡང་བལྟ་མ་ཕོད་པར། ཕ་མཐའ་ནས་ཁྲོམ་གཞུང་གི་མི་ཚོགས་ཀྱི་གསེང་དུ་བུད་སོང་།
ཉིན་དེར་བཙུན་མས་གཟེབ་དྲར་བཙུད་པའི་ནེ་ཙོ་དེ་འཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་ཅིང་། གྲོང་ཚོའི་མི་རྣམས་དང་ལྷག་དོན་བྱིས་པ་རྣམ་ཀྱིས་གཏམ་དེ་ཐོས་རྗེས། བཙུན་མ་དཔལ་མོའི་ཁྱིམ་དུ་སོང་ནས་ལྟད་མོ་ལ་གཡེང་བར་བྱེད། མཚན་མོ་ཞིག་ལ་བཙུན་མ་དཔལ་མོས་རྨི་ལམ་ཞིག་རྨིས་ཤིང་། རྨི་ལམ་གྱི་ནང་དུ་དུར་ཁྲོད་ཀྱི་འགྲམ་དུ་བུ་ཆུང་སྐྱེས་གཟུགས་ལེགས་ཤིང་། གཞོན་པའི་ཉམས་སྣང་དོད་པའི་སྐྱེས་པ་ཞིག་མོའི་ཕྱོགས་སུ་སྐྱོ་སྣང་གི་གར་སྣ་ཚོགས་འཁྲབ་ཏེ་གླིང་བུ་འབུད་ཅིང་། གོམ་ཆུང་བགྲོད་ནས་ག་ལེར་བཙུན་མ་དཔལ་མོའི་ཕྱོགས་སུ་ཡོང་། དེ་མུར་དཔལ་མོའི་མདུན་དུ་སླེབས་མ་ཐག་སྐྱེས་པ་དེས་གསེར་གྱི་སྐེད་ཆབ་དེ་གང་དུ་ཡོད་དམ། གསེར་གྱི་སྐེད་ཆབ་དེ་གང་དུ་ཡོད་དམ་ཞེས། ཧ་ཅང་སེམས་ཁུར་ཆེན་པོས་བཤད་པས། ད་གཟོད་མོས་ཅི་ཞིག་ཡིན་ནམ་སྙམ་ནས་དངངས་སྐྲག་ཆེན་པོས་གཉིད་སད་ཅིང་། སྒེའུ་ཁུང་ནས་མགོ་བོ་བསྲིངས་ཏེ་ཕྱི་རུ་ལྟ་སྐབས། མཁའ་རུ་ཟླ་བ་གསལ་ལེར་འཆར་ཞིང་། ཆུ་བོའི་ཕ་མཐའ་རུ་དུར་ཁྲོད་ཀྱི་ཚལ་དེ་ཡང་རབ་རིབ་ཏུ་སྣང་། མཚན་དེར་མོ་གཉིད་གང་ཡང་མ་ཁུག་པར་སྔར་སོང་གི་དོན་དག་ཁ་ཤས་ཕྱིར་དྲན་བྱ་དགོས་བྱུང་། ད་བར་མོས་བཙུན་མའི་སྡོམ་པ་བླངས་ནས་བགྲང་བྱ་དྲུག་ལ་ཕྱིན་ཞིང་། མོས་བཙུན་མ་སྒྲུབ་པའི་ལོ་དེར་མོའི་ཕ་དྲིན་ཆེན་དེ་ཡང་ཏག་ཏག་ནད་ཀྱིས་གྲོངས་ཤིང་། དཔལ་མོའི་ཕ་འཚོ་བཞུགས་ཀྱི་སྐབས་སུ། ཆུ་ཡིས་ཕ་མཐའ་ཆོད་པའི་དུར་ཁྲོད་ཀྱི་འགྲམ་དུ་མ་ནིའི་རྡོ་རྐོ་བ་ཞིག་ཡོད་ཅིང་། རྡོ་རྐོ་བ་དེ་ལ་བུ་སྒེག་ཉམས་ལྡན་ཞིང་། སྐྱེས་གཟུགས་ལེགས་པ་ཞིག་ཡོད་དེ། དེ་ནི་མོས་སེམས་པ་འཁྲེང་བའི་སྐྱེས་པ་ཁོ་ན་དེ་ཡིན། ཁོ་ཚོའི་ཕ་མེས་དག་རྡོ་རྐོའི་ལས་ཀ་འབའ་ཞིག་ལ་འཚོ་རྟེན་བྱས་ནས་དུར་ཁྲོད་ཀྱི་འགྲམ་དུ་གནས་སྡོད་བྱས་ནས་མི་རབས་དུ་མ་འགོར་ལ། སྐབས་རེར་རྡོ་རྐོའི་བུ་དེ། ཆུ་རྡོ་བཙལ་བའི་སླད་དུ་ཆུ་བོའི་ཕ་རོལ་གྱི་དུར་ཁྲོད་ལས་ཤིང་ཟམ་བརྒལ་ཏེ་དཔལ་མོའི་གྲོང་ཚོའི་ཉེ་འདབས་སུ་ཡོང་ལ། ཉེ་འདབས་འདི་རུ་དཔལ་མོ་དང་རྡོ་རྐོའི་བུ་གཉིས་མཇལ་འཕྲད་ཐོག་མར་བྱས་པའི་གནས་ཀྱང་ཡིན། རྡོ་རྐོའི་ཕས་རྒྱུན་དུ་ཁོ་གཉིས་ཆུ་འགྲམ་དུ་ཆུ་རྡོ་འཚོལ་བར་མཉམ་དུ་བགྲོད་པ་མཐོང་ཞིང་། རང་ཉིད་ཀྱི་བུ་ཤིན་ཏུ་ནས་ལྐུགས་ཀྱང་། ཚེ་རིང་དབང་མོའི(དཔལ་མོའི་སྐྱ་མིང)མིང་ནི་ཉལ་བའི་དུས་སུ་ཡང་ཐེངས་མང་པོར་གཉིད་ལབ་ཀྱི་ཚུལ་དུ་སྨྲ་བ་ཐོས། ད་གཟོད་ཉིན་ཞིག་རྡོ་རྐོའི་ཕས་བློ་གསལ་གྱི་ཁྱིམ་ལ་ཆེད་དུ་ཚེ་རིང་དབང་མོ་བག་མར་སློང་བར་སླེབས་ཤིང་། མོས་སེམས་གཏིང་དུ་རྡོ་རྐོའི་བུ་ལ་ཤིན་ཏུ་དགའ་རུང་། ཕ་བློ་གསལ་གྱིས་རང་གིས་བུ་མོ་རྒྱུ་མེད་སྤྲང་ཕྲུག་ལ་སྟེར་བ་ལྟ་ཅི་སྨོས། བློ་གསལ་ནི་རྒྱུ་དང་རུས་ལ་རྔམས་པས། ཇི་ལྟར་བྱས་ཀྱང་རང་གི་བུ་མོ་རྡོ་རྐོ་བ་ཞིག་ལ་མི་སྟེར་ཟེར་ནས་མནའ་བསྐྱལ། ལོ་དེར་དཔལ་མོའི་ཕ་འདས་ཁར། ཕས་ལོ་ངོ་མང་པོར་བསགས་བསགས་པའི་རྒྱུ་དངོས་ཀྱིས་དཔལ་མོ་ལ་གསེར་གྱི་སྐེད་ཆབ་ཅིག་ཉོས་འདུག་ཅིང་། དེ་ཡང་དཔལ་མོ་ལ་གསང་ཐབས་བྱས་ནས་འཆི་ལ་ཉེ་ཁར་ད་གཟོད་དཔལ་མོའི་ལག་ཏུ་བཞག ཚེ་རིང་དབང་མོ། ཁྱོད་ཀྱི་གསེར་གྱི་སྐེད་ཆབ་དེ་མནའ་མར་སོང་རྗེས། གཉེན་སྟོན་གྱི་ཉིན་མོ་དེར་འདོགས་རྒྱུ་མ་བརྗེད་ཅིག ཡིན་ཡང་རྡོ་བརྐོའི་བུ་འདྲ་བའི་སྐྱེས་པ་དབུལ་པོ་དག་ནི་ཁྱོད་རང་བག་མར་འགྲོ་བའི་གནས་གཏན་ནས་མིན་གཤིས། རང་ཉིད་གཅིག་པུར་འཁོར་བའི་གྲོང་དུ་བགྲོད་དགོས་ཀྱང་། ཅིས་ནས་རྒྱུ་ནོར་ཕུན་ཚོགས་ཀྱིས་ཕྱུག་པའི་ཡུལ་ཤིག་ཏུ་བག་མར་འགྲོ་རྒྱུ་གཏན་དུ་མ་བརྗེད་ཅིག་ཅེས་བཤད་དེ་གྲོངས།
5
མ་གཞི་རྡོ་རྐོའི་བུ་ནི་སྒེག་ཉམས་ལྡན་ལ་སྐྱེས་གཟུགས་ལེགས་པ་ཞིག་ཡིན་རུང་། རྒྱུན་དུ་དཔལ་མོ་དང་མཉམ་དུ་བགྲོད་སྐབས། ཧ་ཅང་ལྐུགས་ཤིང་། དཔལ་མོའི་མིང་ཙམ་ལས་གཞན་སྐད་ཆ་ཅི་ཡང་ཤོད་མི་ཤེས་ལ་ཤོད་ཀྱང་མི་ཐུབ་པའི་ངག་ལྐུགས་པ་ཞིག་རེད། རེད་དེ། ཁོ་མ་ནིའི་རྡོ་བརྐོས་ལ་ཤིན་ཏུ་བྱང་ཆ་ལྡན་པས། ལོ་དེར་དཔལ་མོའི་ཕ་གྲོངས་རྗེས། ཁོས་རིན་མེད་ངང་མ་ཎི་ཚར་གྲངས་སྟོང་ཙམ་རྐོ་རོགས་བྱས་སྟབས། དཔལ་མོའི་ཡིད་སེམས་རབ་ཏུ་འགུལ་བར་བྱས།སྐབས་རེར་དཔལ་མོས་སྐྱོ་གདུང་ཆེན་པོས་དུར་ཁྲོད་ཀྱི་འགྲམ་དུ་ཁང་བཟང་ཡོད་པ་སྐྱོ་བ་ལ་ཨང་། བྱམས་པ་སྐྱེས་གཟུགས་ལེགས་ཀྱང་ངག་ལྐུགས་པ་ནི་ཕངས་པ་ལ་ཨང་ཞེས་སྨྲེ་ངག་འདོན་ཞིང་། ཕ་དམ་པའི་གསུང་དང་འགལ་བའི་སྙིང་སྟོབས་ཅི་ཡང་མེད་པས། རྡོ་རྐོའི་བུ་དང་གཉེན་བསྡེབ་པར་ཚེ་འདིར་སྐལ་བ་མི་འདུག་སྙམ་ནས་ཡིད་སྐྱོ་བར་གྱུར།
6
ཆུ་བོས་ཕ་མཐའ་ཆོད་པའི་ཕ་རོལ་གྱི་ནམ་མཁའི་མཐོངས་སུ་བྱ་རྒོད་ཅི་ཡང་མེད་དེ། མི་རྣམས་ཀྱིས་དུར་ཁྲོད་དུ་ཕུང་པོ་གང་ཡང་མ་བསྐྱལ་པར་ལོ་གཅིག་ཙམ་འགོར་སོང་ལ། རྡོ་རྐོའི་བུ་དང་ཁྱིམ་མི་དག་གིས་རྡོ་རྐོའི་ལག་ཆ་གཟོང་དང་ཐོ་བ་སོགས་བཞོན་དྲེལ་ལ་བཀལ་ཏེ་ཡུལ་གཞན་ཞིག་ཏུ་མ་ནི་རྐོ་བར་ཕྱིན་ཏེ་ཕྱིར་ཡུལ་དུ་མ་སླེབས་པར་ལོ་གཅིག་ཙམ་འགོར་སོང་། མི་གཞན་གྱི་ཤོད་སྲོལ་བྱས་ན། ཆུ་བོའི་ཕ་མཐའི་དུར་ཁྲོད་དེ་རུ་རྩི་ཤིང་དང་སྐྱེ་དངོས་སོགས་སྦག་བཙོག་ཐེབས་ནས་ལྗན་ལྗིན་དུ་གྱུར་སྟབས། གནས་དེ་རུ་བྱ་གཏོར་བྱས་རུང་། རྒོད་པོ་དག་ཅི་ནས་མཁའ་ལས་དུར་ཁྲོད་དུ་མི་འབབ་པས། ད་ཆ་རྒོད་པོ་དག་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ནས། རྡོ་རྐོ་དག་དུར་ཁྲོད་གཞན་དུ་གནས་སྤར་བ་རེད་ཅེས་བརྗོད་དེ། ད་ནི་ཁོ་ཚོ་སླར་ཡང་ཡུལ་དེར་ལོག་མི་སྲིད་ཅེས་ཡུལ་མི་དག་གིས་དེ་ལྟར་བརྗོད། གཏམ་དེ་དག་དཔལ་མོའི་རྣ་ལམ་དུ་ཐོས་རྗེས། ད་གཟོད་དཔལ་མོ་སེམས་རབ་ཏུ་གདུང་ཞིང་། རྒྱུན་དུ་རྡོ་རྐོའི་བུས་ཞི་དུལ་དང་བརྩེ་བ་ཡི་སྒོ་ནས་མོར་ཚེ་རིང་དབང་མོ། ཚེ་རིང་དབང་མོ་ཞེས་བོས་པ་དྲན་ཡོང་ཞིང་། སྐབས་ཤིག་རྡོ་རྐོའི་བུ་ངག་ཤིན་ཏུ་ལྐུགས་པས་མོའི་པང་ཐོག་ཏུ་བརྩེ་བར་མོས་པའི་མིག་ཆུ་རྡོག་པོ་འགའ་ལྷུང་མྱོང་བའི་སྣང་བརྙན་ད་དུང་ཡིད་ལ་འཆར་ཡོང་བས། ཅིས་ནས་དེ་དག་མ་བཟོད་པར་དགོན་སྡེ་ཞིག་ཏུ་བཙུན་མ་བསྒྲུབས། སྐབས་རེར་བཙུན་མ་དཔལ་མོ་རང་གི་ཕ་ལགས་ཀྱིས་བཞག་པའི་གསེར་གྱི་སྐེད་ཆབ་དེ་བཙུན་མའི་གཟན་གོས་དང་མཉམ་དུ་གྱོན་ནས་གྲོང་ཚོའི་ཉེ་འགྲམ་དུ་འགྲོ་ཞིང་། མི་རྣམས་ཀྱིས་བཙུན་མ་དཔལ་མོ་སྨྱོས་འདུག་ཅེས་ཀྱང་བརྗོད།
7
བཙུན་མ་དཔལ་མོས་རྫོང་ཐོག་ནས་ནེ་ཙོ་འཁྱེར་བའི་ཉིན་དེ་ནས་བཟུང་། དཔལ་མོའི་སེམས་སུ་སྨྲ་བ་མེད་པའི་སྤྲོ་སྣང་ཞིག་གིས་བརྟས་ཏེ། མོས་གསེར་གྱི་སྐེད་ཆབ་དེ་སླར་ཡང་རྫོང་ཐོག་ཏུ་གསེར་བརྡུང་བཟོ་པ་ཞིག་ལ་བཞུ་རུ་བཅུག་ནས། དེ་ཡིས་གསེར་གྱི་གཟེབ་དྲ་ཞིག་བཟོས་ནས་ནེ་ཙོ་འདི་འཁོད་པའི་གནས་སུ་བྱས་ནས་ཡུལ་དུ་ལོག ཉིན་དེ་ནས་བཟུང་། ཞོགས་པ་སྔ་མོར་ནེ་ཙོས་སྐད་སྙན་ཀྱུ་རུ་རུ་སྒྲོག་སྟེ། ཚེ་རིང་དབང་མོ། ཚེ་རིང་དབང་མོ་ཞེས་གྲག་མ་ཐག མོས་ཅིས་ནས་རྡོ་རྐོ་བའི་བུ་སྐྱེས་གཟུགས་ལེགས་ཤིང་ངག་ལྐུགས་པ་དེ་ཡིད་ལ་ཡང་ཡང་དྲན་ཡོང་ལ། ལོ་དེར་རང་གི་གཅུང་པོ་བསམ་དོན་བཙོན་གྲོལ་བཏང་ཞིང་། ཕྱིར་ཡུལ་དུ་ལོག་མ་ཐག་ནེ་ཙོ་ལ་རྒུན་འབྲུམ་དང་སྟར་ཀ་སོགས་འཁྱེར་ནས་བཙུན་མ་དཔལ་མོའི་ཁྱིམ་དུ་སླེབས་ཤིང་། སྐབས་དེར་དཔལ་མོས་གཅུང་པོའི་སྐམ་ཞིང་རིད་པའི་ཞལ་རས་མཐོང་མ་ཐག ཅིས་ནས་ཀྲུའུ་རེན་ཐར་པ་ལ་ཁོང་ཁྲོ་སྐྱེ་ཞིང་། དཔལ་མོས། ཀྲུའུ་རིན་ཐར་པས་ལོ་དེར་ཁྱོད་རང་ཞང་མངགས་གཏོང་ཁང་དུ་མ་བསྐྱལ་ན། ཁྱོད་ཀྱང་བཟོད་དུ་མེད་པའི་དཀའ་ལས་དེ་ལྟར་མྱོང་མི་དགོས་ཞེས་སེམས་ཁུར་དོད་པོས་གཅུང་པོ་བསམ་དོན་ལ་བཤད་ཀྱང་། བསམ་དོན་གྱིས་དེ་ལས་ལྡོག་སྟེ་གཅེན་མོ་དཔལ་མོ། ང་ནི་བཙོན་ཁང་དུ་ལོ་གཅིག་ཏུ་སྡོད་རིང་། སེམས་པ་དཀའ་ངལ་ཆེ་ཤོས་ནི་ཁྱིམ་དང་ནང་མི་དག་དྲན་གདུང་གིས་མནར་བ་དེ་མ་ཡིན་ཞིང་། ངས་ཁྱོད་ཀྱིས་དེ་ལོར་ནེ་ཙོ་ཞིག་གི་ནད་བཅོ་བའི་ཆེད་དུ། ངོ་ཚར་མ་འཛེམ་པར་གླ་བ་ཞིག་བསད་དེ་གླ་རྩི་འཁྱེར་ཤོག་ཅེས་པའི་ཚིག་དེས་རྒྱུན་དུ་ང་མགོ་བོ་ན་བར་བྱས་ཅེས་བཤད། སྐབས་དེར་བཙུན་མ་དཔལ་མོའི་སེམས་སུ་ཤོད་མི་ཤེས་པའི་སྡུག་བསྔལ་ཞིག་དང་ངོ་གནོང་བའི་ཟོལ་དུ་མིག་མཐའ་ནས་མཆི་མ་དལ་མོར་བཞུར་བྱུང་།
8
ཕྱི་ཉིན་ས་སྲོད་དུ་ཁ་བ་ལྷབ་ལྷུབ་བབས་ཤིང་། ཆུ་བོའི་ཕ་མཐའི་དུར་ཁྲོད་ལས་བུ་ཡུག་ལྡང་སྟེ། བཙུན་མས་ཉེ་འབྲེལ་དང་གྲོང་མི་སུ་ལ་ཡང་གྱེས་བརྡ་ཅི་ཡང་མེད་པར། མོས་རྐྱལ་བ་ཞིག་ཁུར་ཏེ་ཆུ་བོའི་ཕ་རོལ་དུ་བགྲོད་པའི་ཤིང་ཟམ་དེ་བརྒལ་ཏེ་སོང་། ཉིན་ཤས་རྗེས་སུ་གྲོང་ཚོའི་མི་རྣམས་ཀྱིས་བཙུན་མ་དཔལ་མོར་མཐོང་ཐོས་ཅི་ཡང་མེད་པ་ཤེས་ནས། གྲོང་ཚོའི་ཀྲུའུ་རེན་ཐར་པ་དང་གཅུང་པོ་བསམ་དོན་སོགས་ཞོགས་པ་སྔ་མོར་བཙུན་མའི་ཁྱིམ་དུ་ཕྱིན་རུང་། ཀ་བའི་ཟུར་ངོས་སུ་བཀལ་བའི་གསེར་གྱི་གཟེབ་དྲ་ཞིག་ཡུག་ཡུག་ཏུ་གཡོ་བ་ལས། ནེ་ཙོ་དང་བཙུན་མ་དཔལ་མོའི་གྲིབ་མ་ཙམ་ཡང་མེད་པས། ད་གཟོད་གྲོང་མི་རྣམས་སེམས་འཚབ་རབ་ཏུ་ཆེ་བར་གྱུར། སྟབས་ལེགས་པ་ཞིག་ལ་དཔལ་མོ་ཡུལ་དུ་གྱར་བའི་ས་སྲོས་དེར། ནོར་རྫི་ཁག་ཅིག་གིས་ཆུ་བོའི་ཤིང་ཟམ་ལས་གཟན་གོས་དམར་པོ་གྱོན་པའི་མི་ཞིག་བགྲོད་པ་མཐོང་བར་བཤད། ཀྲུའུ་རེན་ཐར་པས་གྲོང་མི་འགའ་ཁྲིད་ནས་ཆུ་བོའི་ཕ་མཐའི་དུར་ཁྲོད་ཀྱི་ཕྱོགས་སུ་བསྙེགས། གང་ཙམ་ན། དུར་ཁྲོད་འགྲམ་དུ་དུད་ཚང་གསུམ་བཞི་འདུས་པའི་གནས་དེ་རུ་བཙུན་མ་མཐོང་ཨེ་བྱུང་ཞེས་དྲིས་མོད། གྲོང་ཚོ་དེ་གའི་མི་རྣམས་ཀྱིས་མཐོང་བྱུང་། ཉིན་གཉིས་གསུམ་གོང་གི་ཞོགས་པ་ཞིག་ལ་བཙུན་མ་རྡོག་ཁྲེས་ཁུར་བ་ཞིག་གྲོང་ཚོ་དེའི་ཕུ་རུ་དེད་ནས་ཕྱིན་སོང་ཞེས་བཤད། དེ་ནས་ཁོ་ཚོས་ཆུ་ཚོད་བཞི་ཙམ་རིང་ཡུལ་དེ་གའི་ཕུ་རུ་དེད་ནས་སོང་བས། མཐར་སྦྲུལ་ནག་ལ་ཞེས་པའི་ལ་དེའི་མདའ་རུ་སླེབས།གནས་དེར་ཉིན་མཚན་གསུམ་དུ་བསྟུད་མར་ཁ་བ་བབས་པས། སྦྲུལ་ནག་ལ་ཡང་ཁ་བས་ཡོངས་སུ་བཏུམས་འདུག ཀྲུའུ་རེན་ཐར་པ་དང་བསམ་དོན། དེ་བཞིན་ཡུལ་མི་ཁ་ཤས་སྦྲུལ་ནག་ལའི་ཕྱོགས་སུ་མུ་མཐུད་དུ་བསྐྱོད་ནས། མཐར་སྦྲུལ་ནག་ལ་ཡི་སྐེད་མཚམས་དེར་སླེབས་རྗེས། ཁོ་ཚོས་སྨུག་སྤྲིན་གྱི་ཀློང་དུ་གཟན་གོས་དམར་སྨུག་གྱོན་པའི་མི་ཞིག་ཀྲོང་ངེར་འགྱིང་འདུག་པར་སྣང་ལ་མ་ངེས་ཙམ་མཐོང་ཞིང་། གཅུང་པོ་བསམ་དོན་ཡིད་སྐྱོ་བའི་ངང་ནས་དེ་ནི་དཔལ་མོ་མིན་ནམ་ཞེས་ངུ་ངག་གི་ཚུལ་དུ་སྨྲས་པས། ཁོ་ཚོ་དེའི་ཕྱོགས་སུ་བརྒྱུགས། གང་ཙམ་ལ་དེ་གར་སླེབས་མ་ཐག དཔལ་མོའི་ངོ་གདོང་སྐྱ་བོར་གྱུར་ཅིང་། མིག་གི་རྫི་མ་གཡས་གཡོན་གཉིས་ལ་གངས་ཀྱི་ཟིལ་པ་བསྒོས་ལ། ད་དུང་ལག་གཉིས་ཀྱིས་ཞལ་འདོན་གྱི་པོ་ཏི་རྙིང་རུལ་ཅན་ཞིག་བཟུང་ཞིང་། ཤོག་བུ་ཁག་ཅིག་མོའི་ཉེ་འགྲམ་དང་ཕ་གའི་ཕྱོགས་སུ་བུ་ཡུག་གིས་སྤུར་བཞིན་འདུག ཀྲུའུ་རེན་ཐར་པས་མིག་གིས་ག་ལེར་དཔལ་མོའི་ཞལ་འདོན་གྱི་ཤོག་ངོས་སུ་ཅེར་བས། ཁ་བྱང་དུ་བདེ་མཆོག་སྨོན་ལམ་བཞུགས་སོ་ཞེས་པའི་ཚིག་འགའ་མཐོང་ཞིང་། དེར་སེམས་ཅན་ཐམས་ཅད་ཀུན་གྱིས་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀ་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་ཆོས་ལ་འགོད་པར་ཤོག་ཅེས་པ་དེ་འཁོད་འདུག །དེ་མུར་གཅུང་པོ་བསམ་དོན་ནི་རབ་ཏུ་གདུང་བར་གྱུར་ཏེ། འཁྱག་འདར་ཤོར་བའི་མཁུར་ཚོས་དམར་མོའི་ངོགས་སུ་མིག་ཆུ་ཉིལ་ལེར་ཤོར་ཞིང་། བཙུན་མ་དཔལ་མོར་འཐམ་འཁྱུད་བྱས་པས། ད་གཟོད་དཔལ་མོའི་སྟོད་འགག་གི་ཨམ་ཁྲག་ཏུ་ལྡིར་ལྡིར་དུ་ཡོད་པ་ཅི་ཞིག་ཡིན་སྙམ་ནས་ཉུལ་བས། ཁྲག་གིས་སྦགས་པའི་ནེ་ཙོའི་ཕུང་པོ་དེ་རེག་ཅིང་། ཕུང་པོ་དེ་ཕྱིར་བཏོན་རྗེས། ཀྲུའུ་རེན་ཐར་པ་དང་གྲོང་མི་རྣམས་རེ་ཞིག་ཧད་པར་གྱུར། སྐབས་དེར། སྦྲུལ་ནག་ལའི་འདབས་རོལ་དུ་གངས་ཀྱི་བུ་ཡུག་འུར་འུར་དུ་འཚུབ་ཏེ་གྲང་རླུང་ཤུར་ཤུར་ལྡང་བས། བསམ་དོན་གྱི་ལག་ཏུ་ཁྲག་གིས་བརྫིས་པའི་ནེ་ཙོའི་སྒྲོ་ཐིག་ཁ་ཤས་བུ་ཡུག་གིས་གྱེན་དུ་གྱ་གྱུར་དེད་པས། མཐར་སྦྲུལ་ནག་ལ་ཁའི་རྩེ་ནས་མངོན་མེད་དུ་གྱུར་སོང་། །