སྐར་མ།
ཀླད་ཀོར་གྱིས་བརྩམས།
ངས་ནམ་མཁའི་སྐར་མ་མཐོང་མ་ཐག་མིང་ལ་སྐར་མ་ཟེར་བའི་ངེད་ཚང་གི་མཛོ་དེ་དྲན་ཡོང་། ཁོའི་མིང་ལ་སྐར་མ་ཟེར་དོན་ནི་ཐོད་པར་སྐར་མ་དང་འདྲ་བའི་དཀར་ཐིག་ཅིག་ཡོད་པས་རེད། ངས་ངེད་ཚང་གི་ཆུ་ཟོམ་དང་སྤོ་བོའི་ཆང་ཕོར་ནང་ནས་ནམ་མཁའི་སྐར་མ་མཐོང་མྱོང་། མཛོ་སྐར་མའི་ཐོད་པའི་ནང་གི་སྐར་མ་ཡང་ལག་པས་རེག་མ་ཐག་ཏུ་ཡལ་འགྲོ་བ་དེ་འདྲ་ཞིག་ཨེ་ཡིན་སྙམ། ང་ལ་དྲན་ཤེས་ཡོད་པ་ཙམ་ནས་ཁྱིམ་མི་ཚོས“དེ་རིང་མཛོ་སྐར་མ་ལ་ཅིག་ཅིག་ལས་སུ་བཅུག་དགོས”དང“སང་ཉིན་མཛོ་སྐར་མ་ལ་ཉིག་ཉིག་ལས་སུ་བཅུག་དགོས”ཞེས་བཤད་པ་གོ་མྱོང་།
ངས་སྤོ་བོར“མཛོ་སྐར་མ་ནི་ནམ་མཁའི་སྐར་མ་སར་ལྷུང་ནས་མཛོ་རུ་གྱུར་པ་དེ་འདྲ་ཡིན་ནམ”ཞེས་དྲིས།
སྤོ་བོས“དེ་ནི་མཛོ་སྐར་མའི་ཐོད་པར་སྐར་མ་དང་འདྲ་བའི་དཀར་ཐིག་ཅིག་ཡོད་པས་རེད”ཅེས་བཤད།
“སྤོ་བོ། མཛོ་སྐར་མའི་ཐོད་པའི་སྐར་མ་དེ་ནམ་མཁའི་སྐར་མ་ཐོད་པར་ཤར་བ་རེད་དམ། ཁ་ཉིན་འུ་ཚང་གི་ཆུ་རྫིང་ནང་དུ་སྐར་མ་མང་པོ་ཡོད་པ་མཐོང་བྱུང་།”
“དེ་རེད”ཉིན་དེར་སྤོ་བོའི་སེམས་ནང་དུ་དོན་དག་ཅིག་ཡོད་པ་འདྲ་སྟེ། དུས་རྒྱུན་ངའི་དྲི་བ་ལ་བློ་རྣལ་མས་གསལ་བཤད་བྱས་མ་བྱུང་།
དུས་རྒྱུན་ཁྱིམ་མི་ཚོས“སྤྲེའུ། ཆུ་རྫིང་ཁར་མ་འགྲོ་མ་གཏོགས་ཆུའི་ནང་དུ་ལྷུང་འགྲོ”ཞེས་ཡང་ཡང་གདམས་མོད། མཚན་ལ་ངས་ཆུ་རྫིང་ཁར་སྐར་མ་ལེན་ཨེ་ཐུབ་ལྟ་བཞིན་ཡོད། ལག་པ་ཆུའི་ངོས་སུ་རེག་མ་ཐག་སྐར་ཚོགས་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་འགྲོ། ཕྱི་ཉིན་སླར་ཡང་ནམ་མཁའི་སྐར་མ་མཐོང་མ་ཐག་ང་རང་ཆུ་རྫིང་ཁར་འགྲོ་འདོད་སྐྱེ། གལ་སྲིད་ང་རང་ནི་ཁྱིམ་མི་ཚོས“སྤྲེའུ། ཆུ་རྫིང་ཁར་མ་འགྲོ་མ་གཏོགས་ཆུའི་ནང་དུ་ལྷུང་འགྲོ”ཟེར་མ་ཐག ཁ་རོག་གེར་སྡོད་ཐུབ་མཁན་ཞིག་ཡིན་ཚེ་སྤྲེའུ་ཞེས་པའི་མིང་འདི་འདྲ་ཞིག་ཀྱང་འདོགས་དོན་མེད།
“སྤོ་བོ། ང་རང་མཛོ་སྐར་མའི་ཐོད་པའི་སྐར་མ་དེ་ཆུ་རྫིང་ནང་གི་སྐར་མ་དང་གཅིག་པ་ཨེ་རེད་བལྟ་བར་འགྲོ་འདོད”ཅེས་བཤད།
སྤོ་བོས་དུས་རྒྱུན་བཞིན་ངའི་སྐད་ཆར་ལན་བརྒྱབ་མ་བྱུང་། ཕལ་ཆེར་ཉིན་དེར་ཁོ་ལ་འདང་རྒྱག་གཞན་ཞིག་ཡོད་པའམ་ཡང་ན་མཛོ་སྐར་མ་ནི་གཟུགས་ཆེ་ཞིང་རྭ་ཅོ་རྣོ་ན་ཡང་གཤིས་ཀ་འཇམ་པོ་ཞིག་ཡོད་པས་ཁོའི་ཐོད་པའི་སྐར་མར་རེག་པ་ནི་ཉེན་ཁ་གང་ཡང་མེད་པའི་དོན་དག་ཅིག་ཡིན་པས་ཡིན་ཡང་སྲིད།
མཛོ་སྐར་མས་རྟ་རའི་ནང་དུ་སོག་མ་ཟ་བཞིན་འདུག དུས་རྒྱུན་མཛོ་སྐར་མ་ནི་ནག་པོ་ནག་རྐྱང་ཞིག་ཡིན་ཨང་སྙམ་མོད། དེ་རིང་ཁོའི་ཐོད་པའི་ངོས་སུ་ཆུ་རྫིང་ནང་དུ་ལྷུང་བའི་སྐར་མ་དག་དང་གཅིག་པ་གཅིག་རྐྱང་གི་སྐར་མ་གསལ་པོ་ཞིག་ཤར་ཡོད་པ་མཐོང་བས་ཡ་མཚན་པ་བྱུང་། “ཤུ་ཤུ”ངས་སྤོ་བོ་ནང་བཞིན་སྐད་འདི་ལྟར་རྒྱག་གིན་མཛོ་སྐར་མ་དང་ཁ་བརྡ་བྱས་པ་ཡིན། ཁོས་སྐད་ཆའི་ནང་དོན་གོ་བ་ཡིན་ནམ་ཡང་ན་ངས་ཁོ་ལ་ཞོག་ཁོག་གམ་ཅི་ཞིག་སྟེར་འདོད་པ་དྲན་པས་ཡིན། མགོ་བོ་ཡར་བཀྱགས་ཏེ་ང་ལ་བལྟས་བྱུང་ལ་ཁའི་ནང་གི་སོག་མ་དག་གཙང་མར་མིད་སོང་། གོ་སྐབས་དེ་དང་བསྟུན་ངས་ཁོའི་ཐོད་པའི་ངོས་ཀྱི་སྐར་མ་རིག་པ་ཡིན། ཡིན་ཡང་སྐར་མ་དེ་ཡལ་མ་སོང་། སྐར་མ་མུན་པའི་ནང་དུ་གསལ་བ་བཞིན་ཐོད་པ་ནག་ནག་དེའི་སྟེང་ན་དཀར་གསལ་ལེར་ཤར་འདུག ངས་ཡ་མཚན། ནམ་མཁའི་སྐར་མ་ཡང་མཚན་མོའི་སྤུ་ནག་ནག་ནང་གི་དཀར་དཀར་དག་ཡིན་ནམ་སྙམ། མཛོ་སྐར་མས་ངས་ཁོ་ལ་འདི་ཞེས་སྟེར་རྒྱུ་གང་ཡང་མེད་པར་ཤེས་ནས་ལྕེ་བསྲིངས་ནས་ངའི་མགོ་ལ་ཤུགས་ཀྱིས་བལྡག་བྱུང་བས་ང་ལ་གྲི་བཙུགས་པ་དང་འདྲ་བའི་ན་ཟུག་སྐྱེས། ངས“ཨ་ཚ་ཚ”ཟེར་བཞིན་ཁྱིམ་ལ་ལོག་པའི་ལམ་ཁར་ནམ་མཁའི་ངོས་སུ་སྐར་མ་ཁ་ཤས་འཛུམ་བཞིན་པ་མཐོང་།
སྟོན་ལོ་སར་ལྷུང་དུས་ནི་ཁ་སང་ཡིན་པར་བསམས་མོད། དེ་རིང་གི་སྡོང་མགོར་སྐར་མ་ཁ་ཤས་ལས་ལོ་མ་གཅིག་ཀྱང་ལྷག་མེད་པར་བལྟས་ན་དུས་ཚོད་རིང་པོ་ཞིག་ཕྱིན་ཚར་འདུག
ངས་སྤོ་བོར“མཛོ་སྐར་མའི་སྐར་མ་དེ་ངོ་མ་ནམ་མཁའི་སྐར་མ་རེད་འདུག”ཅེས་གསལ་བཤད་བྱེད་བསམས་མོད། སྒོ་ནས་མ་འཛུལ་གོང་ནས་ཐུག་པའི་དྲི་མ་ཞིམ་པོ་ཞིག་སྣ་ལ་བརྒྱབ་བྱུང་བས་སྐད་ཆ་བཤད་རྒྱུ་དེ་རྩ་བ་ནས་བརྗེད་སོང་།
ཨ་ཁུས་ཞིང་རྨོ་བཞིན་ཡོད་ལ། ང་རང་ཞིང་ཁར་ཙོག་སྟེ་ཤིང་ལོ་ཁ་ཤས་སྒོར་མོ་ཆག་པ་གཅིག་ཡིན་ཁུལ་གྱི་རྩེད་མོ་རྩེ་བཞིན་ཡོད། ངས“བྱེ་རིལ་ཨེ་ཉོ། སྒོར་གཅིག་རེད”ཅེས་ལག་གཡས་པས་སྟར་ག་རྡོག་པོ་ཞིག་ལག་གཡོན་པར་སྤྲད། “ཉོ་ཉོ། གོང་བདེ་མོ་རེད”ངའི་མགྲིན་པ་ནས་མི་གཞན་ཞིག་གི་སྐད་བརྒྱབ་བྱུང་། ལག་གཡོན་པས་ལག་གཡས་པར་སྟར་ག་ལོ་མ་ཞིག་སྤྲད། སྤོ་བོས་སྟར་སྡོང་གཡས་གཡོན་དུ་ཅི་ཞིག་བཙལ་བཙལ་རྗེས་ངའི་འགྲམ་དུ་ཐོན་བྱུང་། “ཆེན་པོ་ཆགས་ན་ཚོང་པ་དངུལ་དགའ་ཞིག་ཡོང་བསམ་པ་མ་རེད་དམ”ཟེར་བཞིན་ང་ལ་བཅག་ཟིན་པའི་སྟར་ག་རྡོག་པོ་ཁ་ཤས་སྤྲད། “ཟོ་དང་། རྩེད་མོར་མགོ་མ་འཁོར། ཁྱོད་ཞིང་རྨོ་མཁན་གྱི་ལག་རོགས་རེད”ཟེར། ངས་སྟར་ག་ཟོས། དེའི་ནང་སྙིང་ལེན་དཀའ་བས་སྤོ་བོས་རི་མགོའི་ར་ཁྱུ་ལ་སོ་ལྟ་བྱེད་པའི་གོ་སྐབས་དང་བསྟུན་སྟར་ག་ཆག་རོ་དག་ལོ་མ་མང་པོ་ཡོད་སར་འཕངས་པ་ཡིན།
སྤོ་བོས“སྟར་ག་གང་ན་ཡོད”ཅེས་དྲིས།
“ཟོས་ཚར”ངས་དེ་ལྟར་ལན་བཏབ།
“ཇི་འདྲའི་མགྱོགས་པ་ལ། ཁྱི་རྒན་ལ་རུས་པ་འཕངས་པ་དང་གཅིག་པ་རེད”ཟེར་བཞིན་དབྱུག་པ་ཞིག་གིས་སྟར་གའི་ལོ་མ་དག་ཕར་ཕྱགས་ཚུར་ཕྱགས་ལན་གཅིག་བྱས་པས། ཟ་འཕྲོར་ལུས་པའི་སྟར་ག་ཆག་རོ་དག་ཕྱིར་མངོན་བྱུང་། ཁོང་གིས་རྩྭ་སྡོང་སྐམ་པོ་ཞིག་གིས་ནང་སྙིང་དག་བརྐོས་ནས་ཟོས། “མཛོ་ལ་ལྟ་རྟོག་ཡག་པོ་བྱོས། ཁྱོད་ཀྱི་ཞིང་རྨོ་བྱེད་ཀྱི་ལག་རོགས་རེད”ཟེར་བཞིན་སྟར་སྡོང་གཞན་པ་ཞིག་གི་ཕྱོགས་སུ་ཕྱིན་སོང་། མཛོ་ལ་ལྟ་རྟོག་བྱེད་རྒྱུ་གང་ཡང་མི་འདུག ངས་མཛོ་སྐར་མའི་ལྕེ་ལེབ་བརྐྱངས་ཤིང་ཁ་ཆུ་སྣ་ཆུ་ཟགས་པའི་ཚུལ་དེ་མཐོང་མ་ཐག ཁོའི་སྣ་ཐག་ནས་འཐེན་ཏེ་རོགས་ཅུང་ཙམ་བྱེད་ཨེ་ཐུབ་བསམས་ཀྱང་། ཨ་ཁུས་རྒྱབ་ནས“ཕར་སོང་། རྭ་ཅོ་གཡུགས་ཡོང”ཟེར། མཛོ་སྐར་མའི་རྨོ་རོགས་ནི་ཁྱིམ་མཚེས་ཚང་གི་མཛོ་ཁྲ་རེད། ཕར་བལྟས་ན་དཀར་ས་དཀར་ལ་ནག་ས་ནག་པའི་མཛོ་ཡག་པོ་ཞིག་འདུག་མོད། གཤིས་ཀ་རྩུབ་པོ་ཞིག་ཡོད་གཤིས། ཕག་མཐོང་ན་ཕག་ལ་རྭ་ཅོ་གཡུགས་པ་དང་མི་མཐོང་ན་མི་ལ་རྭ་ཅོ་གཡུགས། མཛོ་མཐོང་ན་མཛོ་ལ་ཡང་རྭ་ཅོ་གཡུགས་པ་དེ་འདྲ་ཞིག་འདུག ང་རང་ཞིང་རྨོ་རོགས་ཡིན་ཡང་རོགས་པ་གང་ཡང་བྱེད་མ་ཐུབ། དེ་བས་ཞིང་ཁར་རྩེད་མོ་སྣ་ཚོགས་རོལ་བཞིན་ཞིང་རྨོ་ཚར་བར་བསྒུགས། ཞིང་རྨོས་ཚར་ན་ངས་རོགས་པ་ཞིག་བྱེད་ཐུབ། ལས་ཀ་དེ་ཡང་རྩེད་མོ་ཞིག་དང་འདྲ་བས་ང་རང་དེ་ལས་རྒྱུར་དགའ་པོ་ཡོད། ཐོང་གཤོལ་ཕབ་རྗེས། ཚབ་ཏུ་ཤལ་རྒྱག་བྱེད་ཤིང་ལེབ་ཅིག་བཞག ང་རང་ཤིང་ལེབ་ཀྱི་ཐོག་ཏུ་བསྡད་མ་ཐག་མཛོ་གཉིས་ཀྱིས་ཞིང་ནང་དུ་གང་སར་དྲུད་འགྲོ། ངའི་རྒྱབ་ཀྱི་ཁོད་མི་སྙོམས་པའི་རོལ་བརྒྱ་ཤལ་གཅིག་གིས་ཆོད་པ་ཡིན། ང་རང་ཤིང་ལེབ་དེའི་ཐོག་ཏུ་ལངས་ཏེ་རླུང་བུ་གདོང་གིས་བསུ་རྒྱུར་དགའ་པོ་ཡོད། ངས་མཛོ་སྐར་མ་ཐང་ཆད་ཨེ་ཡོད་སྙམ། ངས་ཤེད་ཤུགས་ཡོད་རྒུས་རང་ཉིད་ཀྱི་ལུས་པོ་ཇེ་ཡང་དུ་གཏོང་ཅི་ཐུབ་བྱས། ཨ་ཁུས“ལུས་པོ་ལྷོད་ལྷོད་བྱོས་མ་གཏོགས་འགྲེ་ཡོང་། ཤིང་ལེབ་རྐང་པར་བརྒྱབ་ན་དཔེ་བསགས་པ་རེད”ཟེར། སྔོན་ཏག་ཏག་ཞིང་ནང་ཧྲིལ་པོར་ཐོང་སོའི་རྗེས་ཤུལ་ཆེ་ཆུང་མི་འདྲ་བ་རྣམས་ད་ལྟ་བདེ་ཞིང་སྙོམས་པོ་གྱུར་འདུག་པས་བལྟས་པ་ཙམ་གྱིས་སེམས་ལ་དགའ་བ་སྐྱེས་ཡོང་བ་ཞིག་རེད། ཤལ་བརྒྱབ་རྗེས་གཉའ་ཤིང་ཕབ། མཛོ་གཉིས་ཀ་ཞིང་ཁར་བཏགས། མཛོ་སྐར་མས་སྣ་ཁུང་གཅིག་ནས་རླངས་པ་དཀར་པོ་སྐྱུག་གིན་སུག་པ་ལྷུག་ལྷུག་ཏུ་འདར། ངས་དེའི་རྒྱུ་མཚན་དྲིས་པས། ཨ་ཁུས“མཛོ་འདི་རྒས་འདུག”ཟེར། ངའི་སེམས་ནང་དུ་དགའ་བ་ཞིག་སྐྱེས། མཛོ་སྐར་མ་རྒས་ན་ཞིང་རྨོ་དགོས་ཀྱི་མ་རེད་སྙམ། དེ་སྔོན་ངས“སྤོ་བོ། རང་གིས་ཞིང་རྨོ་མི་དགོས་དོན་ཅི་ཡིན་ནམ”ཞེས་སྤོ་བོར་དྲིས་མྱོང་།
སྤོ་བོས“ང་རྒས་ཚར་བ་རེད”ཟེར།
“དེ་ན་སྐྱིད་གི་ཡ”
“སྐྱིད་རྒྱུ་གང་ཡང་མེད”སྤོ་བོས་བཤད། ཞིང་རྨོ་མི་དགོས་མཁན་དེ་རྨོ་མཁན་ལས་མི་སྐྱིད་པ་ཞིག་ཡིན་ནམ་སྙམ། ངས་བལྟས་ན་མི་ཡིན་ནའང་འདྲ། མཛོ་ཡིན་ནའང་འདྲ། ཞིང་རྨོ་མི་དགོས་ཚེ་སྐྱིད་པོ་རེད་སྙམ།
ཁྱིམ་གང་པོར་ཐུག་པ་འཐུང་བའི་ཤུར་སྒྲ་གྲག མཚན་མོ་དེར་སྤོ་བོས་དུས་རྒྱུན་ལྟར་གནའ་སྔ་མོའི་དུས་སུ་བྱུང་བའི་དོན་དག་བཤད་ནས་བསྡད་མ་སོང་། མ་ཎི་འདོན་གྱིན་འདང་རྒྱག་ཅིག་གི་ནང་དུ་ལྷུང་འདུག ང་རང་ཆུ་རྫིང་ཁར་སྐར་མ་ལེན་དུ་འགྲོ་དགོས་སྙམ་ཡང་། འཇམ་ཐིང་ཐིང་གི་ཁོར་ཡུག་འདིའི་ནང་དུ་གཉིད་བྲོ་བ་ཞིག་རེད། རྨི་ལམ་ནང་དུ་ང་རང་ཏག་ཏག་ཆུ་རྫིང་ཁར་འདུག སྐར་མ་མང་པོ་ཞིག་ཆུ་རྫིང་གི་ནང་དུ་ཉ་མོ་བཞིན་རྒྱུག་གིན་འདུག ངས་ལག་པ་རྐྱོང་ཐེངས་གཅིག་གིས་སྐར་མ་ཞིག་བཟུང་། ཆུའི་ནང་གི་འོད་ལམ་ལམ་གྱི་སྐར་མ་དེ་ངའི་ལག་པའི་ནང་དུ་དམར་པོར་གྱུར། མཛུབ་མོ་ནས་ཁྲག་ཐིགས་ཁ་ཤས་ཟགས་པས། ཆུ་རྫིང་ནང་གི་སྐར་མ་ཡོད་ཚད་འདྲོགས་སོང་། ང་རང་དེར་ཡུན་རིང་སྡོད་མི་ཕོད་པར་ཁྱིམ་དུ་ལོག ལམ་བར་དུ་རྟ་རའི་ནང་དུ་ནག་བོང་བོང་གི་རྒྱབ་གཟུགས་ཤིག་གིས་ཅི་ཞིག་འཚོལ་གྱིན་འདུག
“སྤོ་བོ། ཁྱོད་ཀྱིས་ཅི་ཞིག་བོར་སོང་།”
རྒྱབ་གཟུགས་དེ་ཁ་ཚུར་འཁོར། མཛོ་སྐར་མ་རེད།
ངས“སྐར་མ། ཁྱོད་ཀྱིས་ཅི་ཞིག་བོར་སོང་། ཁྱོད་ལ་སོག་མ་དགོས་སམ་ཞོག་ཁོག་དགོས”ཞེས་དྲི་བ་ཤོར། ཁོས་མི་སྐད་ག་ལ་གོ་སྙམ།
“རྦད་དེ་འགྲིག་མ་སོང་།ངའི་ཐོད་པའི་སྐར་མ་བོར་འདུག རང་གིས་དེ་མཐོང་བྱུང་ངམ”ཁོས་ཚུར་ལན་འདི་ལྟར་བརྒྱབ་བྱུང་བས་ང་རང་སྐྲག་ནས་ཁྱིམ་དུ་བྲོས། མལ་ཐུལ་གྱིས་མགོ་བཏུམས། ལག་པས་རྣ་བཀབ། “སྐྲག་དགོས་དོན་མེད། འདི་རྨི་ལམ་ཡིན”རང་གིས་རང་ལ་གསལ་འདེབས་བྱས། ངའི་བརླ་འདར་བྱུང་། རྔུལ་ཆུས་ཐོད་པ་བརླན། “སྐྲག་དགོས་དོན་མེད། འདི་རྨི་ལམ་རེད་ཡ”ཞེས་རང་གིས་རང་ལ་འགྲམ་ལྕག་གཞུས། ང་རང་གཉིད་ལས་སད། ངའི་རྣ་ལམ་དུ་ཨ་ཁུས་རལ་གྲི་བྱེ་རྡོ་ལ་བརྡར་བའི་སྒྲ་གྲག ངའི་མགོ་བོ་མལ་ཐུལ་གྱི་མུན་པ་ནས་ཕྱིའི་འོད་སྣང་ཁྲོད་དུ་བཀྱགས། ཨ་ཁུས་སྒེའུ་ཁུང་ལས་འཕྲོ་བའི་ཉི་འོད་ནང་དུ་སྟངས་སྟབས་ལྡན་པའི་ངང་ནས་གྲི་དངུལ་ཤན་མ་དེ་བརྡར་གྱིན་འདུག རྩེད་མོ་རྩེ་བཞིན་པ་དང་འདྲ། ཡིན་ཡང་རྩེད་མོ་དེ་ང་རང་ལ་རྩེ་རུ་འཇུག་མི་སྲིད། ངས་རྩེད་མོ་ཅི་ཞིག་རྩེད་ཀྱང་ཁྱིམ་མི་ཚོ་ལ་བསམ་འཆར་གང་ཡང་ཡོད་མི་སྲིད་མོད། མེ་ཆ་དང་རལ་གྲིའི་རྩེད་མོ་ལ་བསམ་འཆར་མེད་མཁན་གཅིག་ཀྱང་མེད།
སྤོ་བོས་རྫ་མའི་ནང་དུ་བདུག་པ་གཏོར། ཉི་འོད་ཀྱི་ཀློང་ནས་དུ་བ་སྤྲིན་བཞིན་འཁྲིགས། ངའི་འགྲམ་ན་དུ་བ་མཐོང་རྒྱུ་མེད་ཀྱང་རྣ་ལམ་དུ་ཙན་དན་གྱི་དྲི་བསུང་འཐུལ། ངས་སྤོ་བོའི་ཕོར་བའི་ནང་གི་རྩམ་པ་ལྷག་མ་དེ་ཟོས། འོ་ཇ་ལྷག་མ་དེ་འཐུང་། ཁྱིམ་གྱི་ཟ་ཟུར་ཀུན་ཏུ་ཉུལ་བཞིན་ཁ་སང་དང་མི་འདྲ་བའི་འགྱུར་བ་འདྲ་བྱུང་ཨེ་འདུག་བལྟས། ཡོད་ཚད་ཁ་སང་གང་འདྲ་ཡོད་པ་དེ་བཞིན་འདུག ངས་སྒེའུ་ཁུང་ནས་ཕྱི་རོལ་དུ་འགྱུར་བ་ག་འདྲ་བྱུང་ཡོད་མེད་བལྟས། ཕྱི་རོལ་དུ་ཡང་འགྱུར་བ་མི་འདུག ཁ་སང་གི་སྐྱ་ཀ་དེས་དེ་རིང་ཡང་སྟར་སྡོང་གི་ཡལ་གའི་སྟེང་ན་སྐད་ཅོར་རྒྱག་གིན་འདུག སྤོ་བོས་བཤད་ན་དེ་ནི་མགྲོན་པོ་ཞིག་ཡོང་བའི་སྔར་ལྟས་རེད་ཟེར་མོད། ཁོས་ཉིན་ནས་ཉིན་དང་ཟླ་ནས་ཟླ་བྱས་ཏེ་སྐད་ཅོར་བརྒྱབ་ཀྱང་ངས་རེ་སྒུག་བྱེད་པའི་མགྲོན་པོ་དེ་སླེབས་མ་བྱུང་། ཁ་སང་གི་འཇོལ་མོ་དག་གཅིག་རྗེས་གཉིས་མཐུད་ཀྱིས་དེ་རིང་གི་ཞིང་ཁར་འཕུར། འགྱུར་བ་གཅིག་ཡོད་པ་ངེས་པར་བགྲང་དགོས་ན་རྟ་རའི་ནང་དུ་མཛོ་སྐར་མ་མི་འདུག དེ་མུར་ངས་མདང་གི་རྨི་ལམ་དེ་དྲན། རྨི་ལམ་དེ་ཧ་ཅང་སྐྲག་དགོས་པ་ཞིག་ཡིན་མོད། ད་ལྟ་ཕྱིར་དྲན་ཞིག་བྱས་ན་སྐྲག་རྒྱུ་གང་ཡང་མི་འདུག ངས་མཛོ་སྐར་མ་ལ་ཁོས་བོར་བའི་སྐར་མ་དེ་ཆུ་རྫིང་ནང་དུ་འདུག་ཅེས་བཤད་བསམས། ཁོས་རྨི་ལམ་ནང་དུ་ང་ལ་མི་སྐད་བཤད་པ་བཞིན“ཁ་བྲོ”ཞེས་ཟེར་ཡོང་ན་དེ་རིང་གི་འགྱུར་བ་ཆེ་ཤོས་དེ་ཡིན་ངེས་སྙམ།
“སྒེའུ་ཁུང་ནས་ཅི་ཞིག་ལྟ་རྒྱུ་འདུག ཕྱི་རོལ་དུ་འགྲོ་བསམས་ན་ཕྱི་ལ་སོང”སྤོ་བོས་ང་ལ་དེ་ལྟར་བཤད། སྒེའུ་ཁུང་ནི་ཕྱི་རོལ་ལ་ལྟ་བྱེད་དུ་བཟོས་པ་མིན་པ་དང་འདྲ་བར་སྤོ་བོ་ང་རང་སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་བར་དགའ་བའི་བྱ་སྤྱོད་དེ་ལ་མི་དགའ། སྤོ་བོས་ང་ལ་ཐེངས་རེ་གཉིས་སྡིགས་དོན་ཡང་དོན་དག་དེ་ལ་རག་ལས།
རྟ་རའི་ནང་དུ་མཛོ་སྐར་མ་ཐག་རིང་དུ་སོང་མེད་པའི་བདེན་དཔང་ལ་ལྕི་བར་ད་དུང་རླངས་པ་འཐུལ་གྱིན་འདུག མཛོ་སྐར་མའི་ལྕི་བ་སྐམ་པོ་ཆགས་ཡོད་ན་ཁོ་རང་རུ་བའི་སར་སོང་ཡོད་པའི་རྟགས་རེད། ང་རང་རུ་བའི་སར་འགྲོ་རྒྱུར་དགའ་བས་ཁྱིམ་མི་ཚོ་ང་རང་གཉིད་ལས་མ་སད་གོང་ནས་རུ་བའི་སར་ཆས་ཅི་ཐུབ་བྱེད། ང་རང་ཕྱི་རོལ་དུ་ཐོན་སྐབས་མཛོ་སྐར་མའི་ལྕི་བ་སྐམ་པོ་ཆགས་ཚར་བ་དང་ཞོག་ཁོག་སྒྱེ་མོ་གཉིས་ཀ་གར་སོང་ཆ་མེད་དུ་གྱུར་ཡོད་ཚེ། ང་རང་ངུ་བཞིན་རྟ་རའི་ནང་དུ་འགྲེ་ལྡོག་རྒྱག་སྲིད། དེ་རིང་ལྕི་བ་རླངས་པ་ཅན་དེ་མཐོང་བ་དང་ད་ལྟའི་དུས་ནི་དགུན་ཁ་ཡིན་པས་རི་མགོར་རུ་བར་འགྲོ་མཁན་མེད་སྙམ་ནས་སེམས་ཁམས་བདེ་རུ་སོང་། མཛོ་སྐར་མ་ཕལ་ཆེར་མདང་དགོང་བོར་བའི་སྐར་མ་དེ་འཚོལ་དུ་སོང་བ་ཡིན་རྒྱུ་རེད་སྙམ།
སྒོ་རའི་ཡོ་པོ་རྡོ་གསུམ་ཡོད་སར་ཨ་མས་མེ་འབུད་ཀྱིན། བེ་ཤིང་གི་གསེབ་དུ་ཁོལ་མོ་བརྒྱབ་པ་ན་དུ་བ་དཀར་ཐོལ་ཐོལ་དེ་མེ་ལྕེ་དམར་ལམ་ལམ་དུ་གྱུར། “ཨ་མ། ཁྱོད་ཀྱིས་སྒོ་རའི་ནང་དུ་མེ་ཁ་གསོས་ནས་ཅི་བྱེད། ཡོས་བརྔོའམ་ཡང་ན་ཨ་རག་འཚོད་བསམ་པ་ཡིན”ངས་འདི་ལྟར་དྲིས། མི་དར་མ་ཚོས་ལས་ཀ་རེ་བྱས་པར་ང་ལ་དེ་ལུགས་ཀྱིས་སྒེར་དོན་རེ་བསྒྲུབ་རྒྱུ་ཡོད་པས། ངས་ཅི་བྱེད། གང་དུ་འགྲོ་ཞེས་སྐད་ཆ་འདྲི་རྒྱུར་དགའ། གལ་སྲིད་ཨ་མས་ཡོས་བརྔོ་བ་ཡིན་ཟེར་ན། ངས་སྒོ་ང་ཡོས་སྤུངས་ཀྱི་དཀྱིལ་དུ་གཅུད་ནས་ཚོས་སུ་འཇུག་དགོས། དུས་རྒྱུན་ཨ་མས“སྒོ་ང་ཆུའི་ནང་དུ་བཙོས་ན་གཅིག་པ་རེད”ཅེས་ཟེར་སྲིད། ངའི་སྣང་བར་ཡོས་སྤུངས་ནང་དུ་བཅུག་པ་དེ་ལྡབ་ཀྱིས་ཞིམ་པ་འདུག གལ་སྲིད་ཨ་མས་ཨ་རག་འཚོད་ཀྱིན་ཡིན་ཟེར་ན་ང་རང་སྦང་མ་བཟའ་བར་ཡོང་དགོས་ཡོད། དེ་རིང་ཨ་མས་འདི་ཡིན་གྱི་ལན་སྤྲད་མ་བྱུང་། མོའི་མིག་ནང་ལ་དུ་བ་སོང་ནས་མིག་ཆུ་བཞུར་གིན་འདུག ངས“ཨ་མ། ཁྱོད་རང་ངུ་བཞིན་ཡོད་དམ”ཞེས་དྲིས། ཨ་མས“སྤྲེའུ། ཕར་སོང་།གནོད་མ་སྐྱེལ”ཟེར།
ང་རང་ཆུ་རྫིང་ཁར་སོང་། དེའི་ནང་དུ་ཁ་སང་གི་སྐར་མ་དམར་པོ་དེ་ཡོད་མེད་བལྟས། ཆུ་རྫིང་གི་ནང་ལ་ཉི་མ་སེར་པོ་ཞིག་དང་སྤྲིན་པ་ཚོམ་བུ་ཞིག་ལས་མི་འདུག ངས་རྡོ་ཞིག་འཕངས་པས་ཉི་མ་དང་སྤྲིན་པའང་མེད་པར་གྱུར། ཕར་འགྲོ་ཚུར་འགྲོ་བྱེད་པའི་ཆུ་རིས་སྒོར་སྒོར་གྱི་དཀྱིལ་ན་སྦྲང་བུ་ཤི་མ་གསོན་ཁ་ཤས་ཀྱིས་འཕག་འཚག་རྒྱག་བཞིན་པ་གཞི་ནས་མཐོང་། དེ་དག་སྙིང་མ་རྗེ། ངས་སྟར་གའི་ཡལ་ག་ཞིག་གིས་དེ་དག་རེ་རེ་བཞིན་བླངས། མཚན་གྱི་སྐར་མ་དག་འདི་ལྟར་ལེན་ཐུབ་ན་ཅི་མ་རུང་སྙམ། སྦྲང་བུ་དེ་དག་གིས་རང་ཉིད་ཀྱི་ངོ་གདོང་དང་གཤོག་པར་གཙང་སྦྲ་ཡང་ཡང་བྱས་རྗེས་ནམ་མཁར་འཕུར་སོང་། དེ་ནི་མཚན་མོར་སྐར་ཚོགས་རྫིང་བུའི་ནང་ཁྲུས་ལ་ཞུགས་རྗེས་མུན་པ་གསལ་བ་དང་མཉམ་དུ་ནམ་མཁར་འཕུར་འགྲོ་བ་དང་གཅིག་པ་རེད། མཛོ་སྐར་མའི་ཐོད་པའི་སྟེང་གི་སྐར་མ་ཡང་འདི་ལྟར་ནམ་མཁར་འཕུར་འགྲོ་ཚུལ་ཁོས་ཤེས་སོང་ན་སེམས་པ་སྡུག་གིས་མནར་རྒྱུ་རེད་སྙམ།
སྟོན་ཁ་ཞིང་རྨོ་ལས་བྱེད་པའི་ལས་ཀ་དེ་ཁ་སང་ཡིན་པ་འདྲ་མོད། ཞིང་ཁར་སྐྱེས་པའི་དགུན་གྲོའི་ལྗང་བུས་དུས་ཚོད་ཡུན་རིང་ཞིག་འདས་ཟིན་པ་གསལ་འདེབས་བྱེད། སྔོ་ལྗང་གི་ཞིང་ཁའི་ངོས་སུ་ཉི་འོད་སེར་པོ་ལྡོག་འཕྲོ་བྱས། ལྗང་བུ་དང་ཉི་འོད་མཉམ་དུ་འདྲེས་པའི་དྲི་མ་ཞིམ་པོ་ཞིག་ངའི་སྣ་ལམ་དུ་འཐུལ། ཞོགས་པའི་ཉི་འོད་དང་གྲིབ་མ་གཉིས་ཀྱིས་རི་བོ་ཆེན་པོ་གཉིས་ཀྱི་བར་དུ་ཆགས་པའི་ལུང་པ་འདི་ཁག་གཉིས་སུ་བགོས་འདུག དཀར་ནག་གཉིས་ཀྱི་འདྲེས་མཚམས་སུ་ངེད་ཚང་གི་བོད་ཁང་དཀར་པོའི་རྩེ་རུ་དུ་བ་ཞིག་ནམ་མཁར་དམུ་ཐག་བཞིན་འཐེན་འདུག ཡུལ་ལྗོངས་འདི་ནི་སྤོ་བོས་ང་ལ་ཡང་ཡང་བཤད་མྱོང་བའི་གནའ་སྔ་མོ་སྔ་མོའི་ནང་གི་ལྷ་ཡུལ་ཟེར་བ་དེ་མིན་ན་ཅི་ཡིན་སྙམ། ཏག་ཏག་སྐབས་དེར་ངས་མཛོ་སྐར་མས་ཞིང་དཀྱིལ་དུ་འཕག་འཚག་རྒྱག་བཞིན་པ་མཐོང་བྱུང་། ཁོའི་འགྲམ་དུ་ངའི་ཨ་ཁུ་དང་གེ་སར་གྱི་སྒྲུང་བཤད་ཤེས་པའི་ཡུན་རིང་མ་འཕྲད་པའི་ཨ་ཞང་ཉི་མ། ད་དུང་ངོ་མི་ཤེས་པའི་མགྲོན་པོ་རྒྱ་གར་ཞྭ་མོ་གྱོན་མཁན་ཞིག་ཀྱང་འདུག ང་རང་དགའ་སྟེ་ཁོ་ཚོའི་ཕྱོགས་སུ་བརྒྱུགས།
ཨ་ཁུས་རལ་གྲི་དངུལ་ཤན་མ་མཛོ་སྐར་མའི་སྐེ་ལ་བཙུགས་འདུག ཨ་ཞང་གིས“གནད་ལ་མ་ཁེལ་བ་འདྲ། ད་དུང་ཐེངས་གཅིག་ཚུགས་དང”ཟེར། མཛོ་སྐར་མའི་ཐོད་པའི་སྟེང་གི་སྐར་མ་དེ་མདང་དགོང་རྨི་ལམ་ནང་གི་སྐར་མ་དང་འདྲ་བར་དམར་པོར་གྱུར་འདུག ཤེལ་ཏོག་དང་འདྲ་བའི་མིག་གཉིས་པོ་ང་ལ་བགྲད་འདུག དེའི་དཀྱིལ་དུ་ངའི་གཟུགས་བརྙན་ཤར། ན་ཟུག་མ་བཟོད་པ་བཞིན་ཐེངས་ཁ་ཤས་ལ་རྡེབ། མིག་འབྲས་ནང་གི་ངའི་གཟུགས་བརྙན་ཡང་སྐར་མ་བཞིན་ཡལ་སོང་། མིག་ནི་བསྐམས་ཟིན་པའི་ཆུ་རྫིང་བཞིན་གསོན་ཉམས་གང་ཡང་མེད་པར་གྱུར། ཁྲག་རྒྱུན་དམར་པོ་རླངས་པ་དང་བཅས་སྡེར་མའི་ནང་དུ་ཤང་ཤང་བབས།
“སྐར་མ། སྐར་མ”ང་རང་ངུས། མིག་ཆུ་དང་མཉམ་དུ་སྐར་མ་ཁྲ་ཆིལ་ལེར་ཤར་བྱུང་། ངའི་ལུས་པོ་ཞིང་དཀྱིལ་དུ་ལྷུང་། མཐའ་མེད་པའི་མུན་པའི་ནང་དུ་ལྷུང་།
“ད་ཟོ། ཧ་ཅང་ཞིམ་པོ་ཞིག་འདུག”ང་རང་བརྒྱལ་བ་ལས་སད་པ་ན་སྤོ་བོས་ང་ལ་འདི་ལྟར་ལབ་བཞིན་འདུག ཁྱིམ་མི་ཚང་མས་ཟ་མ་ཟ་བཞིན་པའི་སྒང་རེད། ཁོ་ཚོས་ཕོར་བ་སར་བཞག་ཏེ་ང་ལ་སེམས་ཁུར་བྱེད་པའི་རྣམ་འགྱུར་བསྟན། ངའི་མགོ་བོ་ན་ཡི་མི་འདུག་ལ་མིག་ནང་དུ་སྐར་མ་ཡང་ཤར་བཞིན་མི་འདུག “ཟོ་དང་ཁྱོད་རང་དགའ་པོ་ཡོད་པའི་ལ་ཕུག་ཤ་ཁུ་རེད”ཟེར།
ང་རང་སྤོ་བོའི་པང་དུ་ཙོག་བཞིན་སྤོ་བོའི་ཅ་ནེའི་ནང་དུ་འཐུང་འཕྲོར་ལུས་པའི་ལ་ཕུག་ཤ་ཁུ་འཐུངས་པ་ཡིན། ཤ་གསར་པ་དང་བག་ལེབ་ཚ་པོ་མཉམ་བཟའ་བྱས་པ་ཡིན། །