བྱ་དང་འཇོལ་མོ། ནམ་མཁའ་བཀྲ་ཤིས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

བྱ་དང་འཇོལ་མོ། 

ནམ་མཁའ་བཀྲ་ཤིས་ཀྱིས་བརྩམས།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ།

 

ལོ་དེར་ཁྱེད་རང་མོ་ལོ་སོ་གཉིས་དང་ང་རང་ཕོ་ལོ་སོ་གསུམ་ལ་སོན།

ཉིན་དེར། ངེད་གཉིས་ཚམ་ཚོམ་ཅི་ཡང་མེད་པར་རྨ་བྱ་ཞང་ལ་འགྲོ་བའི་འགྲུལ་སྐྱེལ་མོ་ཊའི་ནང་འཛུལ། རྐུབ་སྟེགས་ཉིས་གཤིབ་ཐོག་བསྡད་རྗེས་ངས་ཁྱེད་ཀྱི་ལག་པར་འཇུས་ཏེ་མཛུབ་མོ་བསྣོལ། གཞན་གྱིས་མི་མཐོང་ཆེད་སྟོད་གོས་ཕྱི་མ་ཕུད་དེ་པང་ཁར་གཡོགས་པས་ཁྱེད་ཀྱིས་ཡ་མཚན་དང་རྩེད་མཚར་ཡོད་པའི་མིག་གདངས་ཤིག་བསྟན།

ངེད་གཉིས་ཀྱི་གླེན་རྟགས་ལ་གྲ་སྒྲིག་ཅི་ཡང་མེད་པར……

ཁྱེད་ཀྱིས་དེ་སྐད་ཟེར།

དེ་རིང་གཟའ་མཇུག་ཡིན་པས་སྐྱོན་མེད། སླེབས་ན་གཅིག་བྱས་འགྲོ།

ཁྱེད་ཀྱིས་འཛུམ་ཆུང་ཞིག་བསྟན་རྗེས་སྒེའུ་ཁུང་ཕྱི་རོལ་ལ་ཕྱོགས་པས། ངས་ཀྱང་ཕྱི་ལ་བལྟས།

ཁྱེད་ཀྱིས་པང་ཁར་ཉར་བའི་ཀོ་ཁུག་ཆུང་ཆུང་ལས་ངོ་ལྟ་བླངས་ཏེ་མགོ་བོ་ཕར་ཀྱོག་ཚུར་ཀྱོག་ངང་གདོང་ལ་བལྟས། དེ་ནས་མཛུབ་མོ་གཉིས་དབར་བརྡབ་རྐྱལ་ཞིག་བཙིར་ནས་པུ་ཀྲ་ཏོག་ཙམ་བླངས་ཏེ་ངོ་ལ་རྡེབ་རྡེབ་བཏང་།

མོ་ཊ་བསྐྱོད་མགོ་ཚུགས་ལ་ཁ་ལོ་པས་སྒྲ་སྒམ་ལས་གླུ་དབྱངས་བཏང་།

བྱ་དང་འཇོལ་མོ།

མགོ་རས་ཡག་བྱུང་རྒྱ་དར་དཀར་པོ།

བྱ་དང་འཇོལ་མོ་ཁུ་བྱུག་བྱ་དང་གསུམ། ……

སྙན་དབྱངས་འཇམ་པོའི་ཁྲོད་ངས་ལག་པ་སླར་སྟོད་ཐུང་འོག་བཅུག་པས་ཁྱེད་ཀྱིས་ཀྱང་ལག་པ་ནང་དུ་བཅུག ནམ་ཟླ་སྟོན་གཞུག་ཟིན་པས། གཞུང་ལམ་གཡས་གཡོན་གྱི་ལྗོན་པའི་ཐོག་ཉི་འོད་ཀྱི་གསེར་ཕྱེ་བྱུགས་འདྲའི་ལོ་མ་དག་སང་བབས་གནངས་བབས་ཏུ་སྣང་། གལ་ཏེ་རླུང་བུ་དྲག་ཙམ་ཞིག་ལྡང་ཚེ་ཉིན་གཉིས་གསུམ་ནང་སྡོང་རྩེ་ཧྲེང་ཧྲེང་ཆགས་པར་ཐེ་མི་ཚོམ།

ཁྱེད་ཀྱིས་ཁ་ཚུར་འཁོར་ནས་མགོ་བོ་ངའི་དཔུང་ཁར་བཞག

དངོས་གནས་ཕན་པ་ཡོད་དམ།

ཚོད་ལྟ་ཐེངས་ཤིག་བྱེད་རྒྱུ་རེད།

ཁྱེད་ཀྱི་གདོང་ལ་སྐྱོ་ཉམས་ཕྲན་ཙམ་མངོན་ཞིང་སྐད་ཤུགས་ཤིན་ཏུ་ཆུང་། ངས་ལག་པ་ཅིག་ཤོས་དེས་ཁྱེད་ཀྱི་མིག་མདུན་ཟིང་བའི་སྐྲ་ལེའུ་གཅིག་པོ་དེ་རྣ་གཤོག་སྟེང་གཟེར།

གང་ལྟར་སང་ཉིན་ལོག་ཐུབ་པས་སྐྱོན་མེད།

ས་མཐོ་སར་བསྡད་དྲགས་པས་ཡིན་ནམ།ཁྱེད་ཀྱིས་དེ་སྐད་ཟེར།

མདང་དགོང་གཉིད་ཡག་པོ་མ་ཁུག་པའི་ཐོག་དེ་རིང་ལམ་ཐག་རིང་བས་གཉིད་ཅུང་ཟད་ཉོལ་ཅིག ལུས་པོ་ཐང་ཆད་ན་མི་ཡོང་།

ཁྱེད་ཀྱིས་དེ་མུར་མིག་ཟུང་བཙུམས་པ་དང་སྟོད་གོས་འོག་འཇམ་མཉེན་ལག་ཆུང་གིས་ངའི་ལག་པ་བཙིར་ཙམ་བྱས། ངས་མགོ་བོ་ཡོན་ནས་ཁྱེད་ལ་འོ་ཞིག་བྱས། ཁ་ལོ་བའི་ཕྱོགས་སུ་ལྟ་དུས་མོ་ཊའི་ནང་ངོས་ཀྱི་རྒྱབ་མཐོང་ཤེལ་མིག་ལས་ཁོའི་མིག་མདའ་ངེད་གཉིས་ལ་ཅེར་བ་མཐོང་བས་ང་རང་ངོ་གདོང་ཚ་འོབ་འོབ་བྱས། དེ་མུར་མིག་མདའ་ཕྱི་ལ་གཡོལ།

གུ་རུ་འབུམ་པར་ཞག་གཅིག་སྡོད་ཅིག

ཨ་ལས། དེ་འདྲའི་ཤོད་སྲོལ་ཡོད་དམ།

ཡོད་དགོས་བྱུང་། སྣང་དོགས་མེད།

རོགས་པའི་བུ་མོ་དེའང་སོང་མྱོང་། ད་ལྟ་ཁྱིམ་ལ་ཚ་སོབ་སོབ་འདུག

རྒྱབ་ཕྱོགས་སུ་རྨོ་མོ་གསུམ་གསོལ་ཇ་མཆོད་ཀྱིན་ལབ་གླེང་འཁོལ།

རྨོ་མོ་ལགས། དེ་ས་ཆ་གང་དུ་ཡིན་ནམ།

ངས་དེ་སྐད་ཐལ་མ་ཐག་ཁྱེད་ཀྱི་གདོང་གཤིས་ལམ་སེང་འགྱུར་ཞིང་མཁུར་ཚོས་དམར་ཕིག་ཕིག་ཆགས།

རྨོ་མོ་དབུ་སྐྲ་དཀར་རྐྱང་ཆགས་པ་དེས་ང་ལ། བུ་རང་འགྲོའམ་གསུངས་མ་ཐག དབུ་སྐྲ་སྐྱ་སིང་ངེར་ཡོད་པའི་རྨོ་མོ་སྤྱན་ཤེལ་བསྐྱོན་པ་དེས་རྨོ་མོ་གཞན་པ་གཉིས་པོ་དང་ངེད་གཉིས་ལ་གཟིགས་ཙམ་གནང་རྗེས། ཧ་ཅང་དོགས་མི་བདེ་བའི་ངང་དབུ་ཕར་གཅུས་ནས། ས་སྐྱའི་རྨ་བྱ་ཞང་ལ་ཡོད་རེད། ལོ་ཆུང་ལ་དེ་འདྲ་ལབ་མཁན་རྣམ་རྟོག་ཅེས་གསུངས་པས་ཁོང་ཚོ་ལམ་སེང་ཁ་སྐྱེངས།

ངའི་རོགས་པ་ཞིག་སྨན་ཁང་དུ་སོང་རུང་ཐབས་མ་རྙེད།……

སྐད་ཆ་དེས་ཁྱེད་ཀྱི་ངོ་ཤ་དམར་ཕིག་ཕིག་རིམ་གྱིས་ཡལ་ལ། རྨོ་མོ་ཚོའི་དོགས་མི་བདེ་བའི་རྣམ་འགྱུར་ཡང་ལྷོད་པར་གྱུར།

ཉིན་གུང་ཆུ་ཚོད་དང་པོར་མོ་ཊ་ཐོན་གྱིན་ཡོད།

ད་གིན་ནས་ཁུ་སིམ་མེར་བཞུགས་པའི་རྨོ་མོ་གཞན་པ་དེས། རང་ཆུང་དུས་དེར་འགྲོ་མྱོང་ངམ་གསུངས་མ་ཐག་ཁོང་ཚོ་གསུམ་པོ་བཞད་མོ་ཧི་ཧི་ཞེས་ཤོར་ལ། ངེད་གཉིས་ཀྱང་རང་དབང་མེད་པར་དགོད་ཤོར།

ང་སྐྱེས་ས་རྨ་བྱ་ནས་རེད། རྨོ་མོ་དེས་གསུངས།

ཇ་ཁང་ནས་ཐོན་དུས་ཁྱེད་ཀྱིས་ངའི་ལག་པར་འཇུས། ཁྲོམ་པ་མང་བས་ངས་ལག་པ་གང་ཡིན་འདི་ཡིན་མེད་པར་ཕྱིར་བསྐུངས་དགོས་བྱུང་།

ཁྱེད་ཀྱི་གདོང་གཤིས་ལམ་སེང་ལོག ངས་དེ་མུར་ལག་པ་ཁུག་མར་བཅུག་པ་དང་གྲུ་མོ་ཕྱིར་བསྟན་པས་ཁྱེད་ཀྱིས་ལག་ཆུང་ངའི་གྲུ་ཁུག་ནང་བཅུག

གྲོང་ཁྱེར་གྱི་ཞོགས་པའི་མཁའ་རླུང་དྭངས་ལ་བསིལ་རླུང་དལ་གྱིས་ལྡང་། ལྗོན་པའི་ལོགས་ནས་སེར་རྐྱང་ཆགས་མེད་པའི་འདབ་ལོ་རེ་ཟུང་དལ་གྱིས་བབས། ཁྲོམ་གཞུང་དུ་ཁྱེད་ཀྱི་སྐྲ་ལེའུ་གཅིག་རླུང་བུས་སྐབས་རེ་རྒྱབ་ཏུ་གཡུགས་ལ་སྐབས་རེ་གདོང་ལ་ཤམ།

ཆུ་ཚོད་བཅུ་དང་ཕྱེད་ཀ་ཟིན་ཙམ་རེད།

མོ་ཊའི་ནང་གླུ་སྒྲ་གཅིག་མཇུག་གཉིས་མཐུད་ངང་གྲག འགྲུལ་པ་རྣམས་ཁུ་སིམ་མེར་མཆིས། གྲོང་ཁྱེར་ནས་ཐོན་པ་དང་གཞུང་ལམ་གཡས་གཡོན་ཞིང་ཐང་ཐོག་གི་ལོ་ཏོག་བསྡུས་ཟིན་ལ། ཞིང་ཚིགས་བསྣོལ་མཚམས་མུ་ཁའི་ཐོག་སྔོ་རྩྭ་ཡོད་པ་དག་ཀྱང་སྐྱ་ཤག་ཤག་ཆགས། བ་ཕྱུགས་རེ་འགའ་མཇུག་མ་གཡུག་གཡུག་གིས་རྩྭ་སྐྱ་དག་ཟ་བཞིན་གནས། ཕྱི་རོལ་ལྗོན་ཤིང་སེར་ཤིག་ཤིག རི་བོའི་ངོས་སུ་སྤང་རྩྭ་སེར་སྨུག་སྨུག་ཆགས་པ་ཕུད་གཞན་ཕལ་ཆེ་སྐྱ་ཐེར་རེར་སྣང་།

དཔུང་པའི་ཐོག་མགོ་བསྙེས་ནས་གཉིད་མོད་བདེ་ཉམས་མེད་པས། ངས་རྐུབ་སྟེགས་ལས་ལུས་པོ་ཕྱིར་བཤིག་ཙམ་བྱས། ལག་པ་བསྣོལ་མ་གྲོལ་ནས་ཁྱེད་ཀྱི་མགོ་བོ་ངའི་པང་ཁར་བཞག་པས། ཁྱེད་ཀྱིས་མིག་སེར་ག་ཙམ་གདངས་ནས་འཛུམ་ཙམ་བྱས་རྗེས་སླར་ཟུམ། མིག་ཟུར་ལ་མངོན་མེད་འཁོར་བའི་གཉེར་སུལ་དག་ནི་མུག་ཟས་ལ་དགའ་བའི་ཙི་ཙི་འགའ་ཞིག་དང་མཚུངས།

ཉིན་གུང་ཟིན་པ་དང་གྲོང་རྡལ་ཆུང་ཆུང་གི་ཁྲོན་ཟས་ཁང་ཞིག་གི་སྒོ་ཁར་མོ་ཊ་ཁ་བཀག་སོང་།

དགུང་ཟས་ཟ་དགོས་ན་འདིར་ཟོ་ཞིག དེ་ནས་ཟ་ས་མེད།ཁ་ལོ་བས་དེ་སྐད་གསུངས།

འགྲུལ་པའང་རིམ་གྱིས་བབས་ནས་རེ་འགའ་ཆབ་ཁང་དང་རེ་འགའ་ཟ་ཁང་ནང་འཛུལ། ངེད་གཉིས་བབས་མ་ཐག་མོ་ཊའི་ནང་ཁ་རྩོད་བྲག་ཅ་འཐབ།

གྲོང་ཁྱེར་ལ་ལྟ་རྒྱུ་ཅི་འདུག ཉི་མ་མེད་པའི་ཁང་པ་དེར་ཟླ་རེར་ཁང་གླ་སྒོར་ཆིག་སྟོང་ཟེར་ན་སུའི་སྣང་བར་འགྲོའམ།

གྲོང་ཁྱེར་ནང་དེ་འདྲ་རྐྱང་རྐྱང་རེད།

ང་རྒན་མོ་ཞིག་གིས་ཀྱང་སྙིང་རྗེ་གི། ཁྱེད་རང་དུད་འགྲོ་ལས་སྡུག་ཟེར་རུང་ག་ནས་ཐལ། ཆ་ལུགས་ཡ་མ་གཟུགས་འདི་ལ་ལྟོས་དང་། ཕ་མ་ཞིག་གི་མདོག་ཀྱང་མེད།

ང་ལུང་ཁུག་ནང་སྡོད་མི་འདོད།

བྱོལ་སོང་ཡིན་རུང་སྙིང་རྗེ་མེད་པ་འདི་འདྲ་མ་རེད། ངས་ཚེ་གཞུག་འདྲེ་མཐོང་མཐོང་སོང་། འཇོན་པོ་ཡོད་ན་དང་ཐོག་ནས་ཁོག་བསམ་གཏོང་དགོས།

ཨ་མ་ནི་སྡུག་ཡུས་ལ། དེ་འདྲ་ཡིན་ན་ངས་ཁྲིད་ཆོག

ག་རེ། གྲོང་ཁྱེར་ནང་ཁྲིད་དེ་ལྷགས་པ་འགོམ་དུ་འཇུག་གམ།

ངེད་གཉིས་ཀྱིས་མོ་ཊའི་ཕྱི་རོལ་ཏུ་རྒྱང་རིང་ལ་ལྟ་ཁུལ་གྱིས་མོ་ཊའི་ནང་མ་སྨད་གཉིས་པོའི་ཁ་རྩོད་ལ་ཉན་རྣ་བརྒྱབ། ཨ་མ་ལགས་དེའི་གསུང་ནང་འགག་སྐད་ཅུང་ཟད་ཡོད་ལ། བུ་མོ་དེའི་སྐད་སྒྲའི་ནང་འུ་ཐུག་པའི་ཉམས་ཤིག་མངོན།

འགྲོ། ལྟོ་ག་རེ་ཟའམ།

ངས་དེ་སྐད་བཤད།

ཡོད་པས་དོར་འདོད། མེད་པས་དགོས་འདོད། ཁོ་གཉིས་ག་རེ་བྱས་པ་ཡིན་ནམ།

དེ་ལྟར་ཟེར་གྱིན་ཁྱེད་ཀྱི་གདོང་གི་ཐང་ཆད་པའི་ཉམས་ཅུང་ཟད་ཡལ་བར་གྱུར། ལག་པས་ངའི་ལག་ངར་ཤུགས་ཀྱིས་བཙིར་ཙམ་བྱས།

དགུང་ཟས་གྲུབ་རྗེས་ངེད་ཚོ་མུ་མཐུད་སོང་ཞིང་། ད་རེས་ཁ་ལོ་བས་སྒྲ་སྒམ་མ་ཕྱེ། འགྲུལ་པ་རྣམས་གླེང་མོལ་མེད་ཅིང་སྐབས་རེར་གློ་ལུ་བའི་སྒྲ་རེ་འཁོར། ཁྱེད་ཀྱིས་སླར་ཡང་ངའི་པང་ཁར་མགོ་བོ་བཞག་ནས་གཉིད། ལ་ཆེན་ལ་ཆུང་འགའ་ཤས་བརྒྱབ་རྗེས། ཉི་མ་རིམ་གྱིས་ནུབ་རིར་བྱོན། སྐབས་རེར་མིག་མདུན་དུ་མངོན་པའི་གྲོང་ཚོ་དག་ཀྱང་མི་ཁྱིམ་མང་པོ་མེད་པར་ཚང་མ་བྲག་འོག་གམ་རི་བོའི་སྣེ་ཟུར། ཡང་ན་ཐང་ཅུང་ཡངས་ལ་ས་ལྡིང་བ་དག་ན་ལག་པའི་མཛུབ་མགོ་བསྒྲིལ་འདྲ་རུ་རུབ་བེར་ཆགས་ཡོད།

གྲོང་ཚོ་རེར་སླེབས་པ་དང་མི་རེ་ཟུང་གིས། ཁ་ལོ་བ། འདིར་འབེབས་རོགས་ཟེར་ནས་བབས་འགྲོ། ནུབ་རིའི་ཕྲག་ནས་བཞུད་པའི་རྟ་བདུན་གྱི་འོད་སྣང་ཤར་རི་འཇོལ་འཇོལ་ལོགས་སུ་འཛེགས་འགྲོ་དུས་རི་ཟུར་འདབས་ཞོལ་ན་ཆགས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་འབྱོར།

ཁ་ལོ་བ། ངེད་གཉིས་འདིར་འབེབས་རོགས།

སྐད་གྲག་སའི་ཕྱོགས་སུ་ལྟ་དུས། མ་སྨད་གཉིས་རྐུབ་སྟེགས་ལས་ལངས་ལ་ཁད་དུ་འདུག

མོ་ཊའི་ཁ་བཀག་པ་དང་ཁྱེད་ཀྱིས་མགོ་བོ་ཡར་བཏེགས་ཏེ་སྒེའུ་ཁུང་ཕྱི་ལ་ཅེར། སྒོ་ཕྱེ་མ་ཐག་གྲང་རླུང་འཚངས་ཡོང་བས་དེ་མུར་གྲང་ཤུར་ཤུར་བྱེད། ཁྱེད་ཀྱིས་མིག་ཟུང་ཕྱི་ནས་མ་བསྡུས་པར་ལག་ཆུང་གཉིས་པོས་གཡས་གཞོགས་གཡོན་འདེགས་ངང་སྟོད་གོས་ཀྱི་འཇུར་འཐེན་ཡར་འཐེན་སོང་།

ཁོ་གཉིས་མར་བབས་དུས་བུ་མོ་ན་ཆུང་དེས་གོས་ཐུང་དཀར་རྐྱང་པུས་མོ་ཡོད་སར་དབྲལ་ནས་ནང་ཤ་མཐོང་བ་ཞིག་གྱོན་ལ། འབྱར་ཀིའི་སྟོད་གོས་དམར་སྨུག་ཐུང་ཐུང་སྐེད་ཤའང་ཕྱིར་མངོན་པའི་ཐོག་ཁུག་མ་རྒྱ་སྨུག་ཆུང་ཆུང་ལག་པའི་སྤར་མཐིལ་ཙམ་ཞིག་ཁུར་འདུག

ཁ་ལོ་བས་མོ་ཊའི་རྒྱབ་ཁུག་ནས་འགྱིག་ཕད་ཕབ། བལྟས་ཚོད་ན་སོ་ཅུང་ཟད་སླེབས་པའི་ཨ་མ་དེས་ཨམ་ཕྲག་ལས་འབའ་ཁུག་ནག་རིལ་ཞིག་བཏོན། སྒོར་ལྔ་བཅུའི་ལོར་ཞིག་བསྡད་གླར་སྤྲད་པ་དང་། དེ་ནས་བུ་མོར་ལྟ་གིན་རང་གི་བསྡད་གླ་སྤྲད་ཀྱི་མིན་པས་གསུངས།

མཉམ་དུ་སྤྲོད་དང་། ནང་དུ་སླེབས་ན་སྐྱིན་པ་སྤྲད་ཆོག

ཧེ། གཅིན་གདན་ལྷེབ་ཙམ་ཡང་ཉོ་མྱོང་མེད་པར་ད་དུང་མུག་ཟས་ཁོ་ན་མ་རེད་པས། ཁོང་མོས་དེ་སྐད་གསུང་གིན། འབའ་ཁུག་ལས་སླར་ཡང་སྒོར་ལྔ་བཅུའི་ལོར་ཞིག་བཏོན་ནས་ཁ་ལོ་བར་སྣོན་མར་སྤྲད།

ཨ་མས་འགྱིག་ཕད་ཁུར་བ་དང་བུ་མོས་ལག་ཁུག་གཉིས་བཀྱགས་ནས་རླུང་འཚུབ་འཚུབ་ངང་ཁང་པ་ཕྱི་སྒོ་ལྗང་ནག་ལ་གཡུང་དྲུང་དཀར་པོའི་རི་མོ་བྲིས་པ་ཞིག་ལ་ཕྱོགས་ནས་སོང་། བསིལ་རླུང་གིས་བུ་མོ་དེའི་སྟོད་ཐུང་འབྱར་ཀི་དམར་པོ་ལྷེབ་ཙམ་ལྷེབ་ཙམ་གཡུགས་པས། ནང་ཤ་དཀར་པོ་དེའང་སྐྱ་ཤག་ཙམ་ཤག་ཙམ་བྱེད།

ཁ་ལོ་བས་ངེད་གཉིས་ཟམ་སྣེ་ཞིག་ཏུ་ཕབ་པ་དང་སྙིང་རྗེ་ཚ་མདོག་ངང་། ཕ་གིའི་སྒོ་ནུབ་ལ་གཏད་ཅིང་ཐོད་ན་གཡག་མགོ་བཀལ་བ་དེ་སྔགས་པ་བསམ་འཕེལ་ལགས་ཀྱི་གཟིམ་ཁང་རེད། ཁོང་ལ་དྲིས་དང་སྣང་དོགས་མེད་གསུངས།

མུན་རུབ་མགོ་ཚུགས་ལ། གྲོང་ཚོའི་ཕྱི་རྣམ་རབ་རིབ་ལས་མི་མཐོང་།

མོ་ཊ་གཞུང་ལམ་ཐོག་བསྐྱོད་མ་ཐག་རླུང་བུས་ས་སྣུམ་གྱི་དུད་དྲི་ཞིམ་པོ་ཞིག་ངེད་གཉིས་ཀྱི་སྣ་ལམ་དུ་བཞག

ཁྱེད་ཀྱིས་ཅུང་ཟད་ཡི་ཐང་ཆད་པའི་ངང་། དེ་རིང་མ་ཡོང་ན་ཏག་ཏག་རེད་ཟེར།

ད་སླེབས་ཚར་བས་སྐྱོ་དགོས་མེད།

ཉེ་འགྲམ་གྲོང་སྲང་ནས་ཁྱི་སྐད་རེ་ཟུང་རྣར་མཆེད་པས་ངས་ས་ནས་རྡོ་ལོག་གཉིས་སྒྲུག ཁྱེད་རང་ཡང་ཅུང་ཟད་སྐྲག་པ་འདྲ་སྟེ་ལག་པ་ངའི་གྲུ་མོར་འཇུས་པ་དང་ལུས་པོ་ངེད་ཀྱི་དཔུང་པར་འབྱར་ཡོང་།

རྒྱ་སྒོ་ཆེན་པོ་དེ་དམ་པོར་གཏན་ཡོད་པས་ལམ་སེང་རྡུང་མ་ཕོད། ཁྱི་དང་མ་འཕྲད་པས་རྡོ་ལོག་གཉིས་པོ་ཕར་གཡུགས་པར་ལྟིག་ལྟིག་གི་སྒྲ་གཉིས་ཅིག་ཅར་དུ་གྲག དེ་མུར་ཁྱེད་ཀྱིས་སྒོ་ཁྲོག་ཁྲོག་ཏུ་ལན་འགར་བརྡུངས།

ཝ་ཡེ། སུ་ཡིན།ཅུང་ཙམ་ནས་རྒྱ་སྒོའི་ནང་ངོས་ནས་དེ་སྐད་ཟེར།

རྒན་ལགས། ངེད་གཉིས་གུ་རུ་འབུམ་པར་ཞག་ཅིག་སྡོད་དུ་འཇུག་རོགས་ཞུ་མཁན་ཡིན་པས།……

ངས་བཤད་མ་ཚར་གོང་ཕྱི་སྒོ་ཨིར་ཞེས་ཕྱེ་སོང་ལ། སྐྱེས་པ་ལྕང་ལོ་དཀྲིས་པ་ཞིག་སྒོ་ནང་ནས་ཐོན། ཁོང་གིས་ལག་བཞུ་སྦི་བྱི་ལི་ངེད་གཉིས་ཀྱི་གདོང་ལ་གཏད་ཙམ་བྱས་རྗེས། མལ་ཆས་ཁུར་མེད་དམ་གསུངས།

མེད་ལགས། གློ་བུར་ཡོང་བས།མལ་ཆས་ཤིག་ཀྱང་གཡར་རོགས་ཞུ།

གུ་རུ་འབུམ་པར་ཆ་རྐྱེན་སྐྱོ་ཙམ་ཡོད་རེད།

མལ་ཆས་ཤིག་གཡར་པོ་གནང་ན་འགྲིག དགོང་མོ་གཅིག་ལ་སྡུག་རུས་འཁྱོངས་ཙམ་ཡོང་།ཁྱེད་ཀྱིས་དེ་སྐད་ཞུས།

སྔོན་ལ་ཡར་ཤོག་ལ་ཇ་ཚ་པོ་རེ་ཐུངས།

ལགས་སོ། ཐུགས་རྗེ་ཆེ།

ངེད་གཉིས་ཀྱིས་ཁོང་གི་རྗེས་དེད་ནས་བར་སྒོ་བརྒྱུད་ཅིང་སྐས་གདང་བུ་བདུན་བྱས་པ་ཞིག་འཛེགས། ཐབ་ཚང་ནང་སླེབས་མ་ཐག་ངོ་གདོང་ཚ་སོབ་སོབ་བྱས་བྱུང་།

ཕ་གིར་སྡོད་དང་། ཕྲུ་གུ་ཁྱེད་ཚོ་ཕར་ཙམ་རྒྱུག

ལྕགས་ཐབ་འགྲམ་དུ་ཕྲུ་གུ་གསུམ་ཁའང་ཅུང་ཟད་གདངས་ཏེ་བརྙན་འཕྲིན་ལྟ་གིན་འདུག་པར་ཁོང་གི་སྐད་གོ་བ་དང་ལམ་སེང་གདན་ཁྲི་ལས་བབས་ཏེ་འཁྲིས་ཀྱི་གདན་ཁྲིའི་ཐོག་གོ་རིམ་ངང་བསྡད་རྗེས་ངེད་གཉིས་ལ་ལྟ་ཙམ་བྱས་པ་དང་། དེ་ནས་མིག་ཟུང་གཡེང་བ་མེད་པར་བརྙན་འཕྲིན་ལ་ཅེར་ནས་སྐབས་སྐབས་སུ་གད་མོ་ཧ་ཧ་ཞེས་དགོད།

ངེད་གཉིས་གདན་ཁྲིའི་ཐོག་བསྡད། ལྕགས་ཐབ་ནང་མེ་དམར་ལམ་ལམ་འབར་ཞིང་། བུད་ཤིང་འཚིག་པའི་ཚགས་ཚགས་ཀྱི་སྒྲ་གྲག་འོང་། དཀྱིལ་ཐབ་སྟེང་བཀབ་པའི་དེམ་ནག་རིལ་དེ་ལས་སིང་སིང་ཞེས་གླུ་ལེན་ལ་ཟུར་ཐབ་ཐོག་གི་ཧ་ཡང་ཁེབས་གཅོད་ཕྱེ་ཡོད་པ་ལས་ཐུག་པ་རླངས་པ་ཆིལ་ཆིལ་ངང་འཁོལ།

ཨ་མ། ཁོ་གཉིས་ལ་ཇ་རེ་བླུག་དང་།

ཁོང་གིས་དེ་སྐད་གསུང་གིན་ལྕགས་ཐབ་ཀྱི་ངོས་གཞན་དེར་རྐུབ་སྟེགས་རྒྱབ་བསྙེས་མ་ཞིག་ཡོད་པའི་ཐོག་བཞུགས།

དཀར་ཡོལ་ནང་ཇ་རེ་བླུག་པ་དང་དེའི་ཁར་ཕོར་མར་བསྐྱོན་པར་ཁྱེད་ཀྱིས་མོ་ཊའི་ནང་ཞེ་མེར་ཅུང་ཟད་ལངས་བྱུང་བས་རྒྱག་གི་མིན་ཞུས། ཁོང་མོའི་ཕྱུ་པ་དྲེག་པས་འཚོས་ཤིང་། ལག་པ་དང་ངོ་གདོང་ལ་ཀྲེ་ནག་འབྱར་བས་ནང་ཨ་མ་ཞིག་གི་ཉམས་མངོན།

གོ་སྟོད་གདན་ཁྲིའི་ཐོག་རྨོ་མོ་ལགས་ཤིག་མ་ཎི་ལག་འཁོར་སྐོར་གྱིན་སྤྱན་ཟུང་ངེད་གཉིས་ཀྱི་ལུས་ཐོག་ནས་མ་བྲལ་བར་གཟིགས། ཁྱེད་རང་ཅུང་ཟད་དོགས་མི་བདེ་བར་གྱུར་ཏེ་མགོ་བོ་སྒུར་ཙམ་དང་ལག་གཉིས་ཀྱིས་སྟོད་གོས་སྣེ་མོ་ལྟེབས་ཙམ་བཤིག་ཙམ་བྱེད་ཀྱིན་འདུག་ལ། ང་ཡང་འདུག་བཟོད་མི་བདེ་བ་བྱུང་བས་མགོ་བོ་སྒུར་དགོས་བྱུང་།

བདག་གི་ཨ་མ་རེད། ན་ནིང་བརྒྱད་ཅུའི་གོས་དཀར་བཞེས་སོང་། ཡིན་ནའང་རྣ་འོན་པ་ཡིན། རྒྱུས་མེད་སླེབས་ན་བལྟས་བལྟས་པར་བཞུགས་པས་འཚེར་སྣང་མ་བྱེད།

སྔགས་པ་ལགས་ཀྱིས་དེ་སྐད་གསུང་དུས་ངས་ཀྱང་རྨོ་མོ་ལགས་ལ་ཕྱོགས་ནས་དགོད་ཙམ་བྱས། ཁོང་གིས་ཀྱང་ང་ལ་དགོད་ཙམ་གནང་དུས་ཞལ་ནང་སོ་མུ་ཏིག་ཙམ་ཡང་མེད་པར་ནག་ཧུ་རེར་མཆིས།

ཁྱེད་གཉིས་ཅུང་ཟད་འཕྱི་དྲགས། སྔར་སྲོལ་ལ་སྟོན་ཐོག་བསྡུ་སྒང་ཡོང་ན་ཕན་པ་ཆེ་ཟེར།སྔགས་པ་ལགས་ཀྱིས་དེ་སྐད་གསུངས།

སླེབས་ཚར་ནས་མེད་པར་དེ་འདྲ་གསུང་རིན་གང་ཡོང་།ད་གིན་ནས་ཁུ་སིམ་མེར་བཞུགས་པའི་ནང་གི་ཨ་མས་དེ་སྐད་ཟེར་གྱིན་ཟུར་ཐབ་ལས་ཐུག་ཁོག་སར་ཕབ།

ཁོ་གཉིས་ལའང་ཐུག་པ་གང་རེ་ཐེག་ཅིག ས་ཐག་རིང་ནས་ཡོང་བས་གྲོད་པ་སྟོང་པ་ཡིན་འགྲོ།

ཐུགས་རྗེ་ཆེ། ཁ་ལག་ཞུ་དགོས་མེད། ད་གིན་ལམ་ཁར་ཟོས་པ་ཡིན།

ངས་དེ་སྐད་ཞུས་པར་ཨ་མ་ལགས་ཁོང་གིས།ཐེམ་པ་རེ་ལ་གྲོད་པ་རེ་ཟེར་བས། དེ་འདྲ་མི་འཐུང་བའི་སྲོལ་གང་ན་ཡོད་གསུངས་ཏེ་ངེད་གཉིས་ལ་བག་ཐུག་དཀར་ཡོལ་ལྡེམ་མེ་བ་རེ་བཏེགས། ཐུག་པ་ཤིན་ཏུ་ཞིམ་པས་གཉིས་ཀས་ངོ་ཚ་སྤངས་ཏེ་ཕོར་པ་དོ་རེ་ཞུས།

འགྲོ་ཁར། ཨ་མ་ལགས་ཁོང་གིས་ངེད་གཉིས་ལ་བཙུགས་ཕྲུག་ཅིག་དང་ཁ་གྱོན་སླེ་གཉིས་གཡར་བ་དང་། ད་དུང་ཆབ་འཁོལ་བརྒྱད་དམ་ཞིག་བསྐུར་གནང་། སྔགས་པ་ལགས་ཀྱིས་ཚོན་རིས་བརྒྱན་པའི་ཀ་བའི་ལོགས་ནས་ལྡེ་ཆག་སྐུད་པ་དྲེག་པས་འཚོས་མོད་ལྡེ་མིག་སྐྱ་སིང་སིང་བྱེད་པ་དེ་བླངས་རྗེས། ངས་ཁྱོད་གཉིས་ལ་ལམ་སྟོན་གསུངས་ཏེ་ཕེབས།

ཕྱི་རོལ་ནག་ཐུམ་མེར་ཡོད་ལ་གྲོང་ཚོའི་ནང་ནས་ཁྱི་སྐད་རེ་འགའ་ཐོས། གནམ་ལ་སྐར་མའི་གྲལ་གཅལ་བཏིང་ཞིང་བསིལ་རླུང་དལ་གྱིས་ལྡང་། ངས་བཙུགས་ཕྲུག་པང་ལ་བཏབ་པ་དང་ཁྱེད་ཀྱིས་ཁ་གྱོན་གྱི་སླེ་གཉིས་པོ་མཆན་ལ་བཅུག སྔགས་པ་ལགས་ཀྱི་རྗེས་བསྙེགས་ནས་སོང་།

གསོལ་བ་སྨོན་ལམ་ཡག་པོ་ཐོབས་ཤིག དོ་དགོང་མ་ཉལ་གོང་འབུམ་པར་བསྐོར་བ་མང་ཙམ་གསོག་ཅིག

ཁྱེད་ཀྱིས་ལགས་སོ་ཞེས་བཤད་མ་ཐག་ངས་ཀྱང་ཐུགས་རྗེ་ཆེ་ཞུས།

སང་ཞོགས་ཡར་ལངས་པ་དང་བསྐོར་བ་འགའ་གསོག་རྒྱུ་མ་བརྗེད། རྒོད་མ་རྟེའུ་མེད་ལ་རྟེའུ་ཟེར་བས་སྐལ་ལྡན་ལས་འཕྲོ་ཅན་ལ་བསོད་ནམས་དངོས་གྲུབ་ཐེ་ཚོམ་མེད།

ངེད་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་ལགས་སོ་ཞུས།

ཁང་པ་ཀ་གཅིག་མ་དེའི་སྒོ་ཕྱེ་ནས་ཅ་ལག་རྣམས་ནང་དུ་སྤར། ལག་བཞུ་ཁང་པའི་སྒེའུ་ཁུང་ཤེལ་གླིང་གཅིག་ཆག་པ་དེའི་སྟེགས་བུའི་ཐོག་ནས་ཁ་འབུམ་པར་གཏད་དེ་བཞག་པས་བསྐོར་ལམ་སྐྱ་སིང་ངེར་མཐོང་། ངེད་གཉིས་ཀྱིས་འབུམ་པར་བསྐོར་བ་རྒྱག་མགོ་ཚུགས། སྔགས་པ་ལགས་གྲོང་ཚོར་ཕྱོགས་པའི་སྐྱ་ལམ་ཐོག་ཕྱིར་ཕེབས་ཤིང་། ངག་ནས་མ་ཎི་མུག་མུག་འདོན་པའི་གསུང་སྒྲ་བསིལ་བསིལ་རླུང་བུས་ཁུར་ནས་ངེད་གཉིས་ཀྱི་རྣ་ལམ་དུ་འབྱོར།

བསྐོར་བ་བཅུ་གྲངས་གྲུབ། འབུམ་པའི་ཟུར་དྲིལ་གཅིག་པོས་ཐིང་ཐིང་དྲིལ་སྒྲ་ཡིད་ལ་འཇེབས་པ་གྲག

ཁང་པའི་ནང་མལ་ཁྲི་གཅིག་ཡོད་པ་དེའི་མགོར་ཅོག་ཙེ་དྲེག་པས་འཚོས་པ་ཞིག་བརྒྱབ་ཡོད། གློག་བཞུའི་ངོགས་ནས་ཕན་ཚུན་ལ་བལྟས་པས་ཅི་འདི་མེད་པར་དགོད་ཁ་ཤོར། ཁྱེད་ཀྱི་མཁུར་ཚོས་དམར་ཆིལ་ཆིལ་མངོན།

ཐུག་པ་འཐུང་གི་མིན་ལབ། ཕོར་པ་གཉིས་རེ་བཏུངས། ངོ་ཚ་རྒྱུ་མི་འདུག

ཕྱི་ལ་སོང་ན་འཛེམ་དོན་མེད་ཟེར་བས་སྐྱོན་མེད།

གློག་འོད་འོག ཁང་པའི་ལྕམ་དྲལ་ལོགས་སྡོམ་ཐག་ཕར་སྣོལ་ཚུར་སྣོལ་དུ་སྣང་།

ངེད་གཉིས་འདིར་ཤོང་ངམ།

མ་ཤོང་རུང་ཤོང་དགོས།

ངེད་གཉིས་ཀྱིས་བཙུགས་ཕྲུག་སྦུབས་རིལ་དེའི་ཁར་སླེ་གཉིས་པོ་གཡོགས་ཏེ་མལ་ས་བཅོས། ཁྱེད་ཀྱིས་ཨ་ཆུ་ཆུ་ཟེར་གྱིན་གྱོན་པ་ཡོད་ཚད་ཕུད་ནས་ནང་དུ་འཛུལ་རྗེས། འདིའི་ནང་ངེད་གཉིས་ཤོང་ཁག་ཙམ་བྱེད་པ་འདུག་ཟེར།

ད་ཐབས་ཤེས་མེད།

ང་ཡང་གཅེར་བུར་བཙུགས་ཕྲུག་སྦུབས་རིལ་མ་དེའི་ནང་འཛུལ།

ངེད་གཉིས་སྨྲ་བ་མེད་པར་དམ་དུ་འཐམ། ལུས་པོ་ཅུང་ཟད་དྲོས་པ་ན་ངས་ཁྱེད་ལ་ག་ལེར་མཆུ་སྦྱར་བས་ཁྱེད་ནས་ཀྱང་ང་ལ་མཆུ་སྦྱར་བྱུང་།

གཉིས་ཀས་སྨོན་ལམ་འདེབས་དགོས།

ཁྱེད་ཀྱིས་དེ་སྐད་བཤད།

……

གཉིད་ལས་སད་དུས་བྱ་སྐྱུང་ཀའི་སྐད་སྒྲ་ལྷང་ལྷང་བྱེད།

ངེད་གཉིས་ཀས་གང་མགྱོགས་ཀྱིས་བསྡུ་གསོག་བརྒྱབ། བྲེལ་འཚུབ་འཚུབ་ངང་སྐོར་བ་བཅུ་གྲངས་བསགས།

མལ་ཆས་དང་ཇ་དེམ། བཞུ་མར་སྦི་བྱི་ལི་བཅས་སྔགས་པ་ལགས་ཀྱི་ཁྱིམ་དུ་བསྐྱལ། གནས་གླ་སྦྲགས་གཅིག་སྒོར་ཉིས་བརྒྱ་ཨུ་ཚུགས་ཀྱིས་བཞག

ཉི་འོད་ཐང་ལ་བབས་པ་དང་ངེད་གཉིས་ཀྱིས་མདང་དགོང་རླངས་འཁོར་ལས་བབས་སའི་ཟམ་སྣེར་བསྒུགས། ཞོགས་པའི་ཉི་འོད་འོག་གྲོང་ཚོའི་མི་ཁྱིམ་རེ་རེའི་ཁང་མགོ་ནས་དུ་བ་སྔོ་འཁྱུག་འཁྱུག་ངང་གཏོང་ཞིང་། ལུག་གི་འབའ་སྒྲ་དང་བོང་བུའི་མགྲིན་སྐད། དེ་བཞིན་ཁྱི་སྐད་རེ་ཟུང་ཆོས་ཉིད་མེད་པའི་སྒོ་ནས་ཐོས་འོང་།

ལྟོས་དང་། མོ་ཊ་ཡོང་གིས།

རྒྱང་མིག་ཆོད་མཚམས་སུ་རླངས་འཁོར་སེར་རིལ་རིལ་ཡོང་བཞིན་འདུག

ཞོགས་པའི་བསིལ་རླུང་ཁྲོད། ད་གིན་སྒོ་ཁར་སྔགས་པ་ལགས་ཀྱིས་ངེད་ལ་གཟིགས་པའི་འཛུམ་མདངས་དེ་ཡིད་ལ་དྲན་དུས། ངའི་ངོ་གདོང་ཅི་ཡིན་འདི་ཡིན་མེད་པར་ཚ་འོབ་འོབ་བྱས་བྱུང་།

རང་གི་ངོ་གདོང་གྲང་རླུང་གིས་དམར་པོར་ཆགས་འདུག

ཁྱེད་ཀྱིས་དེ་སྐད་ཟེར་བས། ངས་ཀྱང་ཁྱེད་ཀྱི་གདོང་དམར་ཕིག་ཕིག་ཏུ་ཆགས་ཡོད་པ་མཐོང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།