ཉེ་སྔོན། རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་གི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་བོད་ཡིག་གནའ་དཔེ་ཞིག་གསོའི་གྲུབ་འབྲས་འགྲེམ་སྟོན་ཏེ། ཏིང་འཕགས་བསྐལ་གསུམ་གྱི་དངུལ་བྲིས་གླེགས་བམ་ཆེན་མོ་ལེགས་འགྲུབ་ཀྱི་མཛད་སྒོ་ནི། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་ཡོད་པའི་རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་གི་ནང་ནས་འཚོགས།

མཛད་སྒོའི་ཐོག་འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན། རིག་གནས་རྒྱུན་འཛིན་པ། ཡིག་མཁན་སོགས་གདན་ཐོག་གཅིག་ཏུ་འཛོམས་ནས། རྔ་བ་ཁུལ་གྱི་གནའ་དཔེ་སྲུང་སྐྱོང་དང་ལེགས་སྒྲིག ཞིག་གསོ་བཅས་ཀྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། རང་རེའི་མཚར་སྡུག་བཀྲ་བའི་གསུང་རབ་བསྟན་བཅོས་ཀྱི་ཉིང་བཅུད་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། མི་རིགས་ཁག་གི་རིག་གནས་སྤེལ་རེས་ལ་ཇི་ལྟར་སྐུལ་མ་གཏོང་བ་སོགས་ཀྱི་སྐོར་ནས་བགྲོ་གླེང་ཟབ་མོ་གནང་ཡོད།

དེ་དང་ཆབས་ཅིག་ཏུ་རིག་གནས་རྒྱུན་འཛིན་པས་གསར་རྩོམ་གྱི་ཉམས་མྱོང་སྤེལ་རེས་བྱས་ཤིང་། མཛད་སྒོ་འཚོག་ས་ནས་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་འགྲེམ་སྟོན་དང་། ཡིག་གཟུགས་འབྲི་བར་མྱོང་རོལ་བྱེད་ས་སོགས་ཀྱང་བཀོད་སྒྲིག་བྱས་ཡོད་པས། ཡིག་གཟུགས་ཀྱི་མཛེས་པ་ཉམས་སུ་བཞེས་པ་དང་། ཡིག་གཟུགས་འབྲི་བར་མྱོང་རོལ་བྱེད་ཆོག་པ་བྱས་ཡོད།

དངུལ་བྲིས་གླེགས་བམ་ཆེན་མོ་དེ་ནི་རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་དང་། རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་གི་ཡན་ལག་དཔེ་མཛོད་ཁང་སྟེ་སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་། མཐོང་གྲོལ་གསེར་བྲིས་ཁང་བཅས་ཀྱིས་མཉམ་དུ་ལེགས་པར་བཞེངས་པ་ཡིན་ལ། ཆན་ལུང་བཀའ་འགྱུར་ལ་གཞི་བཅོལ་ནས། ལོ་ངོ་གཅིག་དང་ཕྱེད་ཀའི་རིང་བཞེངས་ནས་གྲུབ་ཅིང་། དེ་ནི་བོད་ཀྱི་པར་བཟོ་དང་ལྷ་བཟོ། ཤོག་བཟོ། སྣག་བཟོ། ཡིག་བྲིས་སོགས་བཟོ་རྩལ་མང་པོ་གཅིག་ཏུ་འདུས་པའི་དངུལ་བྲིས་ཀྱི་གླེགས་བམ་ཆེན་མོ་ཞིག་ཡིན་པ་དང་། འབྲི་བྱེད་ཡིག་གཟུགས་ཀྱི་ངོས་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་གྲས་སུ་ཚུད་ཡོད་པའི་དབུ་ཅན་སྙེ་བྲིས་ཀྱིས་བྲིས་ཡོད།

དངུལ་བྲིས་གླེགས་བམ་ཆེན་པོ་དེ་ལེགས་པར་གྲུབ་པ་ཡིས། གནའ་དཔེ་སྲུང་སྐྱོང་དང་ལེགས་སྒྲིག ཞིག་གསོ་བཅས་ཀྱི་བྱ་གཞག་གོང་འཕེལ་དུ་འགྲོ་བ་དང་། གནའ་དཔེའི་ཁྲོད་ཀྱི་ཡིག་འབྲུ་ལ་གསོན་ཤུགས་རྒྱས་སུ་འཇུག་པ། གཟུགས་མེད་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་བྱེད་པ། མི་རིགས་རིག་གནས་སྤེལ་རེས་བྱེད་པ་སོགས་ལ་ཡར་སྐུལ་གྱི་ནུས་པ་གང་ལེགས་ཐོན་ཡོད།