《ང་ལིའང་ཧྲན་ནས་ཡོང་བ་ཡིན》བཀླགས་པ། ཆོས་དབྱིངས་རྒྱ་མཚོ། དཀར་མཛེས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་སྔོན་དྲ་ལམ་ཁག་ན་ཨ་ཤེས་ཨ་སྐལ(阿西阿呷)ཞེས་པའི་དབྱིས་རིགས་བུད་མེད་རྩོམ་པ་པོ་ཞིག་གིས་གསར་དུ་བརྩམས་པའི་དེབ་ཅིག་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་ཉམས་སུ་ཆུད། ཁོ་བོས་མཚར་སྣང་དང་བཅས་དེབ་དེའི་ངོ་སྤྲོད་སོགས་ལ་རགས་ཙམ་བལྟས་པ་ན། དེབ་དེར་ཀློག་པ་པོའི་ཡིད་སེམས་སྒུལ་བའི་སྒྲུང་གཏམ་ཡག་པོ་བཅུ་བསྡུས་ཡོད་ཚུལ་དང་། དབྱིས་རིགས་མིའི་འཚོ་བའི་ཕྱི་ནང་གསང་གསུམ་ལ་ལྟ་བའི་མེ་ལོང་ཞིག་ཡིན་ཚུལ་བརྗོད་འདུག་པ་མཐོང་བས། ཡིད་གཉིས་ཐེ་ཚོམ་ཙམ་ཡང་མ་བྱས་པར་ལམ་སང་བླུས་པ་ཡིན། དེ་ནི་དེབ་དེར་ཡིད་སེམས་སྒུལ་བའི་གཏམ་རྒྱུད་བཅུ་ཡོད་པ་ཁོ་ན་ཙམ་གྱིས་མ་ཡིན་པར། ཕྱོགས་གཅིག་ནས་རྩོམ་པ་པོ་ཁོང་གིས་སྒྲུང་གཏམ་ཇི་ལྟར་འབྲི་བཞིན་ཡོད་པར་ཞིབ་འཇུག་དང་སློབ་སྦྱོང་བྱ་འདོད་པས་ཡིན་ལ། དེ་ལས་ཀྱང་དེབ་འདིའི་རྩོམ་པ་པོ་ངེད་གཉིས་ནི་གོ་ལྔ་ལོར་སྐྱེས་པ་སྟེ་ལོ་མཉམ་ཡིན་འདུག་པས། ན་མཉམ་རྩོམ་པ་པོའི་བརྩམས་ཆོས་ལ་ལྷག་ཏུ་ལྟ་སྙིང་བྲོད་པ་ཞིག་ཡིན་པས་སོ།།

《ང་ལིའང་ཧྲན་ནས་ཡོང་བ་ཡིན》ཞེས་པའི་དེབ་འདི་དངོས་སུ་ལག་ལ་འབྱོར་བའི་ཉིན་དེར། ཁོ་བོས་ཏག་ཏག་ནམ་རྒྱུན་རྩོམ་རིག་དང་དཔེ་ཀློག་གི་སྐོར་ནས་ཁ་བརྡ་བྱེད་པར་སྤྲོ་བའི་གྲོགས་པོ་ཞིག་དང་འཕྲིན་ཕྲན་དུ་ཁ་བརྡ་བྱེད་བཞིན་ཡོད། ཁོ་མོའི་མིང་ལ་རིན་མེན(任敏)ཟེར་ཞིང་སྔོན་ཆད་ལི་ཐང་དུ་གྲོང་ཚོར་བཅའ་སྡོད་བྱེད་སྐབས་ང་ཚོ་ཕན་ཚུན་ངོ་ཤེས་ཤིང་གྲོགས་པོ་བཟང་པོར་ཆགས་པ་ཡིན། ངེད་གཉིས་ཀྱིས་དུས་ངེས་མེད་དུ་ཁོམ་ལོང་དང་བསྟུན་ཏེ་རྩོམ་རིག་དང་དཔེ་ཀློག་སྐོར་ནས་ཁ་བརྡ་བྱེད་པར་མ་ཟད། མོས་ནམ་རྒྱུན་ངའི་གསར་རྩོམ་གྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཅིང་སེམས་ཤུགས་ཆེན་པོ་སྩོལ་བ་རེད། ཉིན་དེར་ཡང་ངེད་གཉིས་ཀྱིས་མཚན་ཉིད་རིག་པ་དང་ལོ་རྒྱུས་སྐོར་གྱི་དཔེ་དེབ་དང་གློག་བརྙན་སོགས་ཕན་ཚུན་ལ་ངོ་སྤྲོད་བྱེད་བཞིན་ཁ་བརྡ་བཤད་པའི་སྐབས་ཤིག་ལ། རིན་མེན་གྱིས་ང་ལ《ང་ལིའང་ཧྲན་ནས་ཡོང་བ་ཡིན》ཞེས་པའི་དེབ་ཀྱི་རྒྱབ་ཤའི་པར་ཞིག་བསྐུར་ཡོང་སྟེ“གཞི་ནས་དེབ་འདི་ལ་བལྟས་ཚར་བ་ཡིན། དེབ་འདི་ཁོ་མོའི་གྲོགས་པོ་ཞིག་གིས་བརྩམས་པ་རེད”ཅེས་བསྐུར་བྱུང་བས། ངས་མོ་ལ“དེབ་དེ་ད་ལྟ་དྲ་སྒང་ན་སྐད་གྲགས་ཆེན་པོ་འདུག ངས་ཀྱང་དྲ་ལམ་ནས་བླུས་ཏེ་དེ་རིང་གཞི་ནས་ལག་ཏུ་འབྱོར། ད་རུང་ཐུམ་སྒྲིལ་ཡང་བཤིག་མེད”ཅེས་བཤད་པ་ཡིན། གྲོགས་པོ་རིན་མེན་དང་དེབ་འདིའི་རྩོམ་པ་པོ་གཉིས་ནི་དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་འདུག ད་ལྟ་དེབ་འདིའི་རྩོམ་པ་པོ་དྲ་སྒང་ན་སྐད་གྲགས་ཆོད་བཞིན་འདུག་ལ། ངའི་གྲོགས་པོ་རིན་མེན་ནི་སྔོན་ཆད་ཅིག་ནས“དཔེ་ཁུག་ཁུར་བའི་ཧྲུའུ་ཅི”ཞེས་སྐད་གྲགས་ཆེན་པོ་ཆགས་ཚར་བ་རེད།

《ང་ལིའང་ཧྲན་ནས་ཡོང་བ་ཡིན》ཞེས་པའི་དེབ་འདིའི་མགོ་མཇུག་བར་གསུམ་དུ་སི་ཁྲོན་ལའང་ཧྲན་གྱི་དབྱིས་རིགས་མིའི་འཚོ་བ་འབའ་ཞིག་དངོས་བྲིས་ཀྱི་ལམ་ནས་ཀློག་པ་པོའི་སྤྱན་སྔར་བསྟར་འདུག་ཅིང་། དེ་ལས་ཀྱང་རྩོམ་པ་པོ་རང་ཉིད་ཀྱི་ཁྱིམ་ཚང་དང་གཉེན་ཉེ། གྲོགས་པོ་སོགས་ཀྱི་འཚོ་བ་འབའ་ཞིག་བརྗོད་གཞིར་བཟུང་སྟེ། འཇིག་རྟེན་འཚོ་བའི་ཁྲོད་ཀྱི་འཆི་བ་དང་འབྲལ་བ། དཀའ་ཁག་སོགས་ཧ་ཅང་སྐྱོ་ཤས་ལྡན་པའི་གཏམ་རྒྱུད་ཁག་ཅིག་ཐང་མར་བརྡལ་འདུག གཏམ་རྒྱུད་འདི་དག་བཀླགས་ན་རྩོམ་པ་པོ་ནི་སྐྱོ་སྣང་རིང་ལུགས་པ་ཞིག་ཡིན་པ་ལས་སླ་བོའི་སྒོ་ནས་རྟོགས་ཐུབ་སྟེ། རྩོམ་པ་པོས་དེབ་འདིར་བརྩམས་ཆོས་བཅུ་བཏུས་ཡོད་པ་ཐམས་ཅད་མི་ལ་སྐྱོ་སྣང་སྩོལ་བའི་བརྩམས་ཆོས་ཤ་སྟག་སྟེ། རྩོམ་པ་པོས་གསར་རྩོམ་བྱེད་སྐབས་གཏམ་རྒྱུད་དང་བྱུང་བ་གང་དེའི་སྐྱོ་ཤས་ཀྱི་ངོས་ཁོ་ན་འབུར་དུ་ཐོན་པ་བྱས་ནས་དེའི་ལྡོག་ཕྱོགས་བྲིས་པ་ཤིན་ཏུ་ཉུང་། གཅིག་བྱས་ན། དེ་ནི་རྩོམ་པ་པོའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་ནར་སོན་གྱི་ཁོར་ཡུག་ཅིག་ལ་རག་ལས་པ་ཡིན་ཤས་ཆེ།

སྤྱིར་དེབ་འདི་ཁོ་བོའི་ལག་ཏུ་འབྱོར་བ་ན་སླར་ཡང་སྒྲུང་དེབ་ཡག་པོ་ཞིག་ཀློག་སྐལ་བྱུང་སོང་སྙམ་ནས་དགའ་བ་ཆེན་པོ་བསྒོམས་པ་ཡིན། འོན་ཀྱང་། དེབ་འདི་ཀློག་པའི་གོ་རིམ་ཧྲིལ་པོར་བརྩམས་ཆོས་འདི་དག་ནི་སྒྲུང་གཏམ་དུ་བརྗོད་པ་ལས་དངོས་ཟིན་རྩོམ་རིག་གི་ཁོངས་སུ་བགྲང་ན་འོས་ཤིང་འཚམས་པར་འདོད་སོང་། དེབ་དེར་བསྡུས་པའི་བརྩམས་ཆོས་གང་ལ་མཚོན་ནའང་གཏམ་རྒྱུད་ཀྱི་ཤུགས་ཆེ་སོང་བའི་སྟབས་ཀྱིས་དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་དེ་ཙམ་མངོན་ཐུབ་མེད་པའི་སྣང་བ་སྟེར་ཡོང་།

དངོས་བྲིས་རྩོམ་རིག་གི་ཤུགས་ཆེ་སོང་བའི་སྟབས་ཀྱིས། ཡང་ན་གཏམ་རྒྱུད་ཀྱི་ཤུགས་ཆེ་སོང་བའི་སྟབས་ཀྱིས། བརྩམས་ཆོས་འདི་དག་བརྩམས་སྒྲུང་གི་ངོས་ནས་བཀླགས་ན་བརྩམས་སྒྲུང་ཀློག་པའི་ཚོར་སྣང་དམིགས་བསལ་བ་དེ་འདྲ་འབྱུང་མི་ཐུབ་པ་འདྲ་མོད། འོན་ཀྱང་། ཁྱིམ་ཚང་ཞིག་གི་འདས་སོང་དང་གཏམ་རྒྱུད། ཡང་ན་མི་རིགས་ཤིག་གི་ལུགས་སྲོལ་དང་འཚོ་སྟངས་སོགས་ལ་རྒྱུས་མངའ་བྱུང་སླད་དུ་བཀླག་ན་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་སོ་སོའི་ཁྲོད་དུ་ང་ཚོས་སློབ་སྦྱོང་བྱེད་ཆོག་པའི་གནས་ཀྱང་མང་པོ་ཡོད་པ་རྟོགས་ཐུབ། དཔེར་ན། རྩོམ་པ་པོས་འཚོ་བའི་སྐྱིད་སྡུག་དང་སེམས་ཀྱི་འགལ་འདུ་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་བྲིས་འདུག་པ་དང་། རང་གི་མི་རིགས་གང་དེའི་གཤིན་ཆོས་དང་གཉེན་སྟོན་གྱི་ཆོ་ག་སོགས་ཐུན་མིན་ལུགས་སྲོལ་རྣམས་གྲ་མ་ཉམས་གྲུ་མ་ཞིག་པའི་སྒོ་ནས་བྲིས་གནང་འདུག་པས། བརྩམས་སྒྲུང་གསར་རྩོམ་པ་ཞིག་གི་ངོས་ནས་ཀྱང་ཞིབ་འབྲི་བྱེད་སྟངས་དང་མི་རིགས་རིག་གནས་ཀྱི་རྐང་འཛིན་ལུགས་སོགས་སློབ་སྦྱོང་བྱེད་ཆོག་པ་ཤིན་ཏུ་མང་། ཁྱད་པར་དུ་རྩོམ་པ་པོས་རྣམ་དཔྱོད་ལྡན་པའི་སྒོ་ནས་འཚོ་བའི་དཀའ་ཁག་དང་ཤི་གསོན་གྱི་གནད་འགག་ལ་འཕྲད་སྐབས་དད་མོས་ཀྱིས་བསྩལ་བའི་ཕན་པ་དང་གནོད་པ་སོགས་ལེགས་ཉེས་ཀྱི་ངོས་གཉིས་ནས་བརྗོད་འདུག་པ་དེས། ང་ལ་བསམ་གཞིག་གི་སྒོ་འཕར་གསར་པ་ཞིག་ཕྱེས་བྱུང་སྟེ། རང་རེའི་སྤྱི་ཚོགས་དང་འཚོ་བའི་ངོས་ནས་བརྗོད་ནའང་དེ་འདྲའི་གནད་དོན་མང་པོ་ཞིག་མཆིས་ཀྱང་། ང་ཚོས་སྐབས་མང་པོར་ཤིན་ཏུ་ཕྱོགས་ལྷུང་གི་བསམ་བློ་དང་བྱེད་སྟངས་ཤིག་བཟུང་ཡོད་པ་རེད། དེས་ཏན་ཏན་ང་རང་ཚོ་དོན་མེད་ཀྱི་དཀའ་ལས་མང་པོར་ཡང་གཏད་ཀྱིན་ཡོད་པ་རེད།

ཁོ་བོས་བརྩམས་ཆོས་འདི་དག་ཀློག་པའི་བརྒྱུད་རིམ་ཁྲོད་དུ་དོན་གནད་གལ་ཆེ་བ་གཞན་ཞིག་མཐོང་བ་ནི། རྩོམ་པ་པོའི་སྨྱུག་འོག་གི་མི་སྣ་སུ་དང་གང་ཞིག་ཡིན་ཡང་། ཁྱད་པར་དུ་ཁྱིམ་མི་གང་བོར་ཨེ་ཛི་ནད་ཡམས་བགོས་པའི་མ་ཡུམ་དེ་དང་། བྱིས་པ་ཚོར་ཁ་ཡ་མི་བྱེད་པའི་ཕ་རྒན་སོགས་འབྲི་སྐབས་ཀྱང་། མི་སྣ་དེ་དག་གི་ཉེས་པ་ཁོ་ན་མ་བྲིས་པར་དེ་དག་ལའང་བརྗོད་མི་ཐུབ་པའི་དཀའ་ཁག་མང་པོ་ཡོད་པར་བསམ་ཤེས་བཅའ་ཐུབ་ཡོད་པ་ནི་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་གཞན་ལས་ལྷག་པའི་རྣམ་དཔྱོད་ཅིག་ཏུ་མཐོང་ལ། རྩོམ་རིག་གསར་རྩོམ་སྟེ། ཁྱད་པར་བརྩམས་སྒྲུང་འབྲི་མཁན་ཞིག་གི་ངོས་ནས་བརྗོད་ན་དེ་འདྲའི་འབྲི་སྟངས་སམ་གོ་རྟོགས་ནི་མེད་ཐབས་མེད་པ་ཞིག་ཡིན་པར་འདོད།

བཤད་སྟངས་གཞན་ཞིག་གིས་བརྗོད་ན། དེབ་འདིའི་ནང་གི་བརྩམས་ཆོས་དག་ལ་གཏམ་རྒྱུད་ཤུགས་ཆེ་སོང་བའི་སྟབས་ཀྱིས། དེ་དག་ཀློག་སྐབས་སྒྱུ་རྩལ་བརྩམས་ཆོས་ཤིག་ཀློག་པ་ལྟ་བུའི་ཚོར་བ་ཁྱད་པར་བ་ཞིག་མྱོང་མི་ཐུབ་སྟེ། དཔེར་ན་བརྩམས་སྒྲུང་རྩེ་གྲ་ཞིག་ཀློག་སྐབས་ཁྱོད་རང་དེ་མ་ཐག་ཏུ་འཇིག་རྟེན་གཞན་པ་ཞིག་ཏུ་ཁྲིད་འགྲོ་ཞིང་། ཀློག་བཞིན་ཀློག་བཞིན་ལུས་ཀྱི་བ་སྤུ་ཐམས་ཅད་གཟེངས་ནས་དབུགས་ཀྱང་གཏོང་ལེན་དཀའ་བའི་ཚད་དུ་སྐྱེལ་སྲིད། དེབ་འདིའི་ནང་གི་བརྩམས་ཆོས་དག་ཀློག་པ་ནི་སྐབས་མང་པོ་ཞིག་ལ་ཁྱིམ་ཚང་ཞིག་གི་བྱུང་བའམ་སྐྱིད་སྡུག་ཁོ་ན་ཀློག་པ་ཙམ་ལས་སྒྲུང་གཏམ་ཡག་པོ་ཞིག་ཀློག་པ་ལྟ་བུའི་བྲིད་ཤུགས་ཤིག་མི་འདུག་མོད། འོན་ཀྱང་། 《ཨ་སྐལ། ཉོན་དང་། མེ་འཁོར་སླེབས་བྱུང》ཞེས་པའི་གཏམ་རྒྱུད་ནས་འགོ་བརྩམས་ཏེ་མི་སེམས་ཚལ་བར་གཤགས་པའི་སྐྱོ་གར་གྱི་གཏམ་རྒྱུད་མང་པོ་ཞིག་ཕྲེང་བར་སྤེལ་འདུག་པ་དེས། ཏན་ཏན་ཀློག་པ་པོའི་ཡ་ཁོག་ལ་སྐྱོ་བའི་སྤྲིན་པ་འཐིབས་ཤིང་ཡ་ཐོད་ནས་སྡུག་གི་མཆི་མ་ལྷུང་ཡོང་བར་བྱེད་པས། དེ་ཡང་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་གསེས་ཤིག་ཏུ་མི་བགྲང་ཐབས་མེད་ཡིན། 

མདོར་ན། 《ང་ལིའང་ཧྲན་ནས་ཡོང་བ་ཡིན》ཞེས་པའི་དེབ་ཏུ་བཀོད་པའི་བརྩམས་ཆོས་དག་ནི་སྐྱོ་གར་འབའ་ཞིག་ཏུ་གཏོགས་པས་ཀློག་པ་པོར་བག་ཆགས་ཟབ་མོ་འཇོག་ངེས་ཤིང་། རྩོམ་པ་པོའི་སྨྱུག་རྩེ་ནས་འདི་དང་འདི་ལྟ་བུའི་བརྩམས་ཆོས་དེ་ལས་མང་པོ་ཐོན་པ་ནི་ཀློག་པ་པོ་ཚང་མའི་རེ་སྒུག་ཡང་ཡིན་སྲིད་པས། རྩོམ་པ་པོས་དེ་བཞིན་དུ་མི་རིགས་གང་གི་འཚོ་བ་དང་ལུགས་སྲོལ་མཚོན་པའི་བརྩམས་ཆོས་མང་ཙམ་རྩོམ་པ་དང་། བརྩམས་ཆོས་དེ་དག་ཀྱང་གོམ་གང་མདུན་སྤོས་ཀྱི་ཚུལ་གྱིས་རྩོམ་རིག་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱིས་བརྒྱན་ཐུབ་པའི་རེ་བ་ཡོད་ལ། དེ་དང་མཉམ་དུ་རྩོམ་པ་པོའི་མ་འོངས་པའི་འཚོ་བ་བདེ་སྐྱིད་ཀྱིས་ཁེངས་ཤིང་། འཚོ་བའི་ཁྲོད་དུ་སྐྱོ་སྡུག་གི་ངོས་ཁོ་ན་མ་ཡིན་པར་བདེ་ཞིང་སྐྱིད་པའི་ངོས་ཤིག་ཀྱང་མྱོང་ཐུབ་པའི་སྨོན་ལམ་བཏབ་པ་ཡིན།

མཇུག་ཏུ་གསལ་བཤད་བྱེད་འདོད་པ་ཞིག་ནི། ཁོ་བོ་རང་ཉིད་འཛིན་པ་ཆེ་སོང་བའི་སྟབས་ཀྱིས་དེབ་འདིའི་ནང་གི་བརྩམས་ཆོས་ཆ་ཚང་སྒྲུང་གཏམ་གྱི་ཚུལ་དུ་བཀླགས་བཞག་པ་ལས། རྩོམ་པ་པོ་རང་གིས་བྲིས་པའི་མཇུག་གཏམ་དང་། རྩོམ་པ་པོ་གཞན་ཞིག་གིས་བྲིས་པའི་མགོ་བརྗོད་སོགས་གང་དུའང་བརྩམས་ཆོས་འདི་དག་སྒྲུང་གཏམ་དུ་གཏོགས་ཞེས་པའི་ཚིག་ཟུར་ཙམ་ཡང་མི་འདུག་པས། ཁོ་བོས་སྒྲུང་གཏམ་གྱི་ངོས་ཁོ་ན་ནས་བཀླགས་ཤིང་དཔྱད་པ་ནི་ནོར་འཁྲུལ་ཞིག་ཡིན་ངེས། ཡིན་ནའང་དེ་ལྟར་བཀླགས་ཤིང་དཔྱད་པའི་དབང་དུ་བཏང་ནའང་སློབ་སྦྱོང་བྱེད་ཆོག་པའི་གནས་མང་པོ་མཐོང་སོང་ངོ་།།

2026ལོའི་ཟླ5ཚེས15ན་བྲིས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།