ངས་བྲིས་པའི་སྙན་ངག་འདི་དག
རིང་རིང་མི་ཉན
ཐུང་ཐུང་མི་ཉན
ལྕི་ལྕི་ན་མི་མཛའ
ཡང་ཡང་ན་མི་མཛའ
གསལ་གསལ་ན་མི་ཡག
གབ་གབ་ན་མི་ཡག
སྙན་ངག་འདི་དག་ངའི་ལུས་ཕུང་གི་རིང་ཐུང་དང་མཉམ
སྙན་ངག་འདི་དག་ངའི་རྣམ་ཤེས་ཀྱི་དྲོ་གྲང་དང་མཉམ
དྲང་མོར་བཤད་ན
འདི་དག་ནི་ངའི་སེམས་ཀྱི་མཛེས་སྡུག་ཡིན
ལུས་ཀྱི་རྩ་བ་ཡིན
བརྩེ་བ་དང་ན་ཟུག་ཡིན
ངའི་མེ་ལྕེ་དང་རྨེག་མེད་ཡིན
ངའི་ཞེ་སྡང་གི་རྡོ་བ་དང་ཉམས་རྒུད་ཀྱི་ཐལ་བ་ཡིན
ངའི་འཕུར་བསྐྱོད་ཀྱི་སྒྲོ་གཤོག་ཡིན
ལྕེ་ཡིན
ངའི་ཕོ་མཚན་ལས་བཞུར་བའི་ཁུ་བ་ཡིན
རྔུལ་ཆུ་ཡིན
ང་གཏན་ནས་དགའ་མ་མྱོང་བའི་མིག་ནང་དུ་འཛུལ་བའི་བྱེ་ཟེགས་ཡིན
འཐེབ་གཞོང་སྟེང་བར་མེད་འགུལ་བའི་མཛུབ་གུ་ཡིན
དམར་ཞིང་འཕྱུར་བའི་ཁྲག་ཡིན
ཁ་ཞིང་དྭངས་བའི་མིག་ཆུ་ཡིན
གདུག་རྩུབ་དང་གཉའ་གནོན
འཕྲོག་བཅོམ་དང་གཡོ་རྫུན་གྱིས་ཁེངས་བའི
འཇིག་རྟེན་འདི་ལ་བལྟས་ཏེ
ཡོམ་ཡོམ་དུ་འདར་བའི་སེམས་པ་ཡིན
འདི་དག་ནི་སྙན་ངག་འགའ་ཞིག་ཡིན
ཡ་མཚན་དགོས་པ་ཅི་ཡང་མེད
ཡིན་ནའང འདི་དག་ནི་ངའི་ཚེ་སྲོག་ཡིན
ངའི་རེ་བ་ཡིན་ན
སྙན་ངག་འདི་དག་ཁྱོད་ཚོ་བརྒྱུད་ནས
མྱང་འདས་ཐོབ་པར་སྨོན་ལམ་འདེབས་བཞིན་ཡོད