ད་ནི་བརྡ་གསར་རྙིང་གི་ཁྱད་པར་རམ་བོད་ཀྱི་བརྡ་དོན་ཤེས་དཀའ་བ་འགའ་ཞིག་འདིར་མངོན་བརྗོད་ཀྱི་ཚབ་བམ་དོད་དུ་བཤད་ན། དཔལ་ལྡན་ཚངས་པ་སྡེ་བཞི་ནི། འདོད་ཡོན་ལྔ་ལ་ལོངས་སྤྱོད་པ། ནོར་ཕྱུག་པ། ལུང་རྟོགས་ཀྱི་ཆོས་འཕེལ་བ། འདི་ཕྱིར་བདེ་ཞིང་ཐར་བ་ཐོབ་པའོ། ། ཞེས་རིན་འབྱུང་གི་དབང་གི་སྐབས་སུ། ཐར་པ་ཆོས་ནོར་འདོད་པ་སྟེར་མཛད་རྒྱལ། ཞེས་པ་དང་གནད་གཅིག་གོ །དེ་ཉི། དོན་དམ། གཟོད་མ་ནས་ཞི་བ། ཡེ་འབྱམས། བློ་འདས། སྡོད་ལུགས། གནས་ལུགས། གཤིས་ལུགས། ཀ་དག་རྣམས་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་སུ་བོད་སྔ་མ་དག་གིས་འདོད་དོ། །གཞི་མེད། ཞིག་པོ། རྩ་བྲལ། འཁྲུལ་ཞིག་ནི། སྟོང་ཉིད་རྟོགས་པའི་བློའམ་གང་ཟག་ཞིག་ལ་ཟེར། མུར་ཐུག་ནི་མཐར་ཐུག སྡུམ་པ་ནི་ཁང་ཁྱིམ། སྡུམ་མཚེས་ནི་ཁྱིམ་མཚེས། འདུན་ཁང་ནི་སྡོད་ས། བྲང་ཁང་ནི་རྒྱུན་པར་སྡོད་ས། བཀད་ས་ནི་རང་སྡོད་ས། རུང་ཁང་ནི་དགེ་འདུན་སྤྱི་རྫས་སམ་ཟས་སྐོལ་བཞག་ས། བསྲོ་ཁང་ངམ་དུགས་ཁང་ནི་དགུན་གྱི་དུས་མལ་ཁྲིའི་འོག་ན་མེ་འཇོག་ས་ཡོད་པ། སྨན་ཁང་ནི་སྨན་ལྟག་རོ ལ་རྣམས་འཇོག་ས། དགེ་སློང་མ་རྒྱུན་པར་སྡོད་ས་ལ་དབྱར་ཁང་། བགོ་རེའམ་བ་གམ་ནི་ཐོག་གི་སྤེན་པད་ལྟ་བུའམ་ཁང་པ་གྲུ་བཞིའི་དབྱིབས་ལའང་ཟེར། བླ་གབ་ནི་སྟེང་གི་གཡོག་གམ་ཐོག་ཁ། ཕྲུ་བ་ནི་རྫ་མ། ཕྲུ་མ་ནི་དམག་སྒར་རམ་རྫོང་། བླ་ནི་སྟེང་། བླ་འོག་ནི་སྟེང་གི་འོག བླ་གོས་ནི་གཉིས་ཡོད་དེ། ཁྱིམ་པའི་བླ་གོས། རབ་བྱུང་གི་བླ་གོས། རྒྱ་ཅང་ནི་སྐེ་རགས་སྦུབ་ཅན། ཤུར་བུ་ནི་སྐེ་རགས་རིང་པོ། ཤུར་བུ་ཕྲེའུ་ནི་སྐེ་རགས་ཐུང་ངུ་། ལྕགས་པོད་ནི་ཆབ་མགོ་ཅན་གྱི་སྐེ་རགས། བདུན་པ་ནི་བླ་གོས་ད་ལྟ་ཆོས་གོས་སུ་གྲགས་པ། ལྔ་བ་ནི་མཐང་གོས། གསིལ་བྱེད། གསེག་ཤང་། འཁར་གསིལ་གསུམ་དོན་གཅིག གིནྡ་ཐེའུ་ནི་གན་གཡོག གཏུར་བུ་ནི་ཆོས་གོས་ཀྱི་ཤུབས་སམ་ད་ལྟའི་དྲ་ཕད་ལྟ་བུ། འདུལ་ལུང་མ་མོ་ནི་ལུང་གཞི། གཙུག་ལག་ཀུན་གྱི་མ་མོ་ནི་དབྱངས་གསལ་གཉིས། ལྟ་འབངས་ནི་དགེ་འདུན་གྱི་མཆོད་གཞིས་གྲོང་པ། ཕོ་ལོང་ནི་སྣ་ཚོགས་ཡོད་ཀྱང་དགེ་སློང་ཞལ་ཏ་བས་འཛིན་རྒྱུའི་ཕོ་ལོང་ནི་གྲུ་གུ་ལྟ་བུའི་སྣེ་ལ་སྐུད་པ་རིང་པོ་བཏགས་པ། སྤོང་བ་པའི་དགེ་སློང་རྣམས་བསམ་གཏན་གྱི་ཁང་བུར་བསམ་གཏན་སྒོམ་སྐབས་གཉིད་དུ་སོང་བ་རྣམས་ཀྱི་མདུན་གྱི་སྐར་ཁུང་ནས་འཕངས་པས་གཉིད་སློང་བྱེད། གདོས་བུ་བཏགས་པ་ཡང་གཉིད་སློང་བྱེད། གདོས་བུ་བཙུག་ཅེས་པ་ནི་གྲུ་རྫིང་གི་ཕྱར་དར་རམ་རླུང་གཡོར། བོང་བ་དང་གསེར་མཉམ་ཞེས་པའི་བོང་བ་ནི་ས་ཕག་དང་འགའ་ཞིག་བྱེ་མ་ལ་ཡང་འཇུག བུང་བ་ལྟར་ནག་ཅེས་པའི་བུང་བ་ནི་སྲོག་ཆགས་སྦྲང་བུ་ནག་པོའམ་རྡོ་བུང་བ་ཟེར་བ་དང་མིག་སྨན་ཞེས་པ་དེ་གཉིས་ལ་འཇུག ལེབ་རྒན་གྱི་ཁ་དོག་ནི་ཁ་གཅིག་གིས་དམར་པོ་དང་། ལ་ལས་ལྗང་ཁུ་ཡིན་ཟེར། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། ལེབ་རྒན་རྩི་ནི་ཤིང་ཡིན་ལ། དེ་ཡི་འབྲུ་ནི་དཀར་པོའོ། ། ཞེས་གསུངས་སོ། ། བས་མཐའ་ནི་གྲོང་ཁྱེར་ཟད་པའི་མཐའ། བས་པ་ནི་དོན་གཉིས་ལ་འཇག་སྟེ། ཟད་པའི་དོན་དང་མི་ཁྲེལ་བའི་དོན། མི་བས་པ་ནི་མི་ཟད་པའི་དོན། རྔོ་ཐོགས་མི་ཐོགས་ནི་ནུས་མི་ནུས། གནོད་པ་ཆུང་ངམ་ཞེས་དྲིས་པ་ནི་སྐུ་གཟུགས་བདེའམ་ཞེས་དྲིས་པའོ། ། ཉམ་ང་བ་ཆུང་ངམ་ཞེས་དྲིས་པ་ནི་ཁམས་སྙོམས་སམ་ཞེས་དྲིས་པོའི། སྤྱོད་པ་ཡང་ངམ་ཞེས་དྲིས་པ་ནི་ཁྱོད་ཀྱི་ལས་ཀྱི་མཐའ་གྲུབ་བམ་ཞེས་དྲིས་པའོ། ། ཡང་ན་ཟས་འཕྲོད་དམ་ཞེས་དྲིས་པའོ། ། དཀྱེལ་ཆེ་བ་ནི་བློ་ཁོག་ཡངས་པ། དེས་པ་ནི་ངང་རྒྱུ་རིང་བའམ་མི་གཞི་བཟང་བ། གལ་གྱིས་ནི་ནན་གྱིས་ནོད་པ་ནི་ཐོབ་པ། བཀྲི་བ་ནི་གོ་རིམ་བཞིན་འཁྲིད་པ། འཛུད་པ་ནི་འཇུག་པ། ཕྱི་རོལ་མུ་སྟེགས་ཟིལ་གྱིས་གནོན་པས་བླ་མ། ཉན་རང་ཟིལ་གྱིས་གནོན་པས་བླ་མ། ཡང་ན་ཉོན་སྒྲིབ་སྤངས་པས་བླ་མ། ཤེས་སྒྲིབ་སྤངས་པས་བླ་ན་མེད་པ་ཞེས་པ་སྡེ་ནས་བཤད། མི་མཇེད་འཇིག་རྟེན་ཞེས་པའི་ཚིག་ཟུར་གྱིས་མི་མཇེད་ནི། སྟོང་གསུམ་འཇིག་རྟེན་དེར་གནས་པའི་བྱང་སེམས་རྣམས་ཉོན་མོངས་ཀྱི་དབང་དུ་འགྲོ་བ་དཀོན་པ་ལ་ཟེར། སྒོ་འཕར་ནི་སྒོ། སྒོ་གླེགས་ཀྱང་སྒོ། ལག་གཟུང་ནི་སྒོ་ལུང་། ཡང་མིག་ནི་སྒོའི་རུ། གནམ་ཟེར་ནི་ཕྱིང་གུར་གྱི་གདན་ཤིང་ལྟ་བུ། འཁོར་གཏན་ནི་འཁྲུལ་ལྡེའམ་སྒོ་ཕྱི་ནང་གཉིས་ནས་དབྱེ་བའི་ཐབས་འཁོར་ལོ་བཞིན་དུ་སྐོར་དུ་ཡོད་པ། འཕྲེད་གཏན་ནི་འདད་ཤིང་ངམ་གཡའ་ཤིང་། དབྱུག་གུ་སྐམ་ཁ་ནི་ཤིང་གི་ལྡེ་མིག སྣམ་ཕྱིས་ནི་ཆང་ཁང་ངམ་ཕྱི་ས་ཁང་། གསང་ཁུང་ནི་བཤང་ལང་ཁུང་། ཆོས་ཟངས་ནི་ཤབ་ཏོག་གམ་བཙོག་ཆུ་ཐམས་ཅད་དོར་བའི་སྣོད། སླད་རོལ་ནི་ཕྱི་རོལ། སྟོར་ཁུང་ནི་བཙོག་ཆུ་ཐམས་ཅད་དོར་ས་ཝ་ཁའམ་དབོ་མཆུ། ཉེ་རེག་ནི་ཁྲུས། ལག་པ་མཉལ་བ་ལག་པ་འཁྲུ་བ། མཁར་ལེན་ནི་ཁང་པ་བཟོ་བ། ལག་གི་བླ་ནི་དགེ་འདུན་སྤྱིའི་ལས་བྱེད་མཁན། གནས་དེར་འོར་ཅིག་ཅེས་པ་ནི་གནས་དེར་དབོར་ཅིག་ཅེས་པའོ། ། འོན་ཅིག་ཅེས་པ་ཚུར་ང་ལ་ཕྲོད་ཅེས་པའམ་ཚུར་ལེན་ཅིག་དང་ཁྱེར་ཅིག་ཅེས་པའོ། །ཚོས་འཇན་པ་ནི། ཚོས་བཟང་པོ་བླངས་པའམ་བྱུང་བ་ལ་ཟེར། དགོན་དུང་ནི་ཆུ་མེད་པའི་ས་ཕྱོགས། གང་ཟག་ལ་མིང་མི་འདྲ་བ་བཅུ་དྲུག་ཡོད་དེ། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བདག་དང་། ཤེད་ལས་སྐྱེས་དང་། བྱེད་པ་བོ་དང་། བྱེད་དུ་འཇུག་པ་བོ་དང་། ཚོར་བ་བོ་དང་། ཤེས་པ་བོ་དང་། མཐོང་བ་བོ་དང་། ཟ་བ་བོ་དང་། སློང་བ་བོ་དང་། བཅུ་དྲུག་གོ། གྱོས་པོ་ནི་ཁྱིམ་དེའི་ཕ་རྒན། སྒྱུག་མོ་ནི་ཁྱིམ་དེའི་མ་རྒན། སྐྱེ་དགུའི་བདག་མོ་ཞེས་པའང་མ་རྒན་ལ་འཇུག ཁྱོ་ཤུག་ནི་བཟའ་ཚོའམ་བཟའ་མི། ཕུ་བོ་ནི་སྤུན་ཆེ་བ། ནུ་བོ་ནི་སྤུན་ཆུང་བ། གཅེན་ཡང་སྤུན་ཆེ་བ། གཅུང་ནི་སྤུན་ཆུང་བ། ཕུ་ནུ་ནི་སྤུན་ཆེ་ཆུང་གཉིས། སྲིང་མོ་ནི་སྤུན་ཆུང་བ། སྤུན་ཆེ་བ་ཕུ་མོ། ཆུང་བ་ནུ་མོ། ལྕམ་མོ་ནི་སྲིང་མོ། ལྕམ་དྲལ་གྱི་དྲལ་ནི་མིང་པོ། མཆིས་འབྲང་ནི་ཆུང་མ། སྨྱན་ནི་ཉེ་གཏམ་པ། སྐུད་པོ་མནའ་མའི་སྤུན། རྩ་འཇིང་ནི་གཉེན་ཉེ་དུའི་མིང་། རྩ་ལག་ནི་དེ་དང་འདྲའོ། ། ཕ་སྤད་ནི་ཕ་བུ་གཉིས། རིགས་རུས་ནི་ཕ་ཕྱོགས་ཀྱི་གཉེན། ཆོ་འབྲང་ནི་མའོ་ཕྱོགས་ཀྱི་གཉེན། ཉེ་དུ་དང་གཉེན་ནི་མི་ཚིགས་བདུན་གྱི་བར་བྱེད། དེ་ཕན་ཆད་གཉེན་མིན་པར་འདུལ་བ་ལས་གསུངས་སོ། ། བྱན་ཕོ་ནི་ཟས་གཡོ་ལྟ་མཁན། བྱན་མོའང་དེ་དང་འདྲའོ། ། བྱ་ན་ནི་ཟས་མས། ཟས་ཀྱི་ཁ་སྒྱུར་བའི་ལན་ཚྭ་ལྟ་བུ། གཡུང་མོ་ནི་རིགས་ངན་མོ། གཡུང་ཕོ་ནི་རིགས་ངན་ཕོ། གཡུང་བ་ནི་གཟུགས་སམ་ལུས་ཞན་པ། ཉིད་འགྲུལ་ནི་རིགས་ངན། ཐ་ག་པ་ནི་འཐག་མཁན། ལྷམ་མཁན་ནི་ལྷམ་བཟོ་མཁན། མདའ་མཁན་ནི་མདའ་བཟོ་མཁན། བཙོ་ལག་མཁན་ནི་ཚོས་མཁན། རུས་གཅིག་པ་གསོད་པ་བོ་ནི་དམེ་ཕོ། མི་གསོད་པའི་བུད་མེད་ནི་དམེ་མོ། མྱིག་མ་མཁན། ཕང་མཁན་རྣམས་རིགས་ངན་གྱི་མིང་ཡིན། དཀོས་ཐག་ཅན་ནི་ཉམ་ཐག་པ། བཟོད་དཀའ་བ་ནི་སྡུག་བསྔལ་ཆེ་བ། བརྟན་དཀའ་བ་ནི་ཉམས་པ། འཇན་ཕོ་སྐྱེས་པ། འཇན་མོ་བུད་མེད། འཇུད་མཐུན་མ། འཇུད་འགྲོ་མ། འདོད་འགྲོ་མ། གཟུགས་ཅན་མ། གཟུགས་འཚོང་མ། ནམ་མཁའི་གོས་ཅན་མ། འཕྱོན་མ། ཚེགས་ཅན་རྣམས་ནི་སྨད་འཚོང་མའི་མིང་གི་རྣམ་གྲངས། གཡེར་པོ་གྲུང་བོ། རྒོད་བག་ཅན། སྣང་གཡེལ་ཅན་བཞི་ནི་ཡོན་ཏན་མེད་ཅིང་སེམས་དཔང་མཐོ་བ་ལ་ཟེར། གཡར་དམ་ནི་དམ་བཅས་པ། གཡར་ཁྲལ་ནི་ཁ་ཁྲལ། གཡར་ཁམས་ནི་སྐུ་ཁམས། གཡར་ཁང་ནི་སྐུ་གཟུགས། ཤེས་ཅན་ནི་ཡིད་ཅན། ཤེད་བདག་ནི་གང་ཟག ཤེད་ནི་ཡིད། ཤེད་མ་བྱེ་བ་ནི་བརྡ་དོན་མི་འབྱེད་པའམ། བྱིས་པ་ཤེད་མ་བྱེ་བ་ནི་ཕན་གནོད་ངོ་མ་ཤེས་པ། ཤེད་དབྱེ་མཁས་པ་ནི་རྒན་པོ་བརྡ་ལ་འབྱོང་བ། སྒྲིན་པོ་ནི་མཁས་པ། བཤེས་ཀྱི་ཁེ་འདོད་པ་ནི་དངུལ་ལ་ཟངས་ཤས་ཆེ་ཟེར་བཞིན་ཆོས་སྒྲུབ་པའི་ཞར་ལ་འཇིག་རྟེན་གྱི་ཁེ་འདོད་པར་ཐོབ་པའོ། ། བྲམ་ཟེ་ནི་རྣམ་པ་གསུམ་སྟེ། མིང་བྲམ་ཟེ། རིགས་བྲམ་ཟེ། སྒྲུབ་པ་བྲམ་ཟེའོ། ། བྲམ་ཟེའི་ལས་དྲུག་ནི། མཆོད་སྦྱིན་བྱེད་པ་བྱེད་དུ་འཇུག་པ། བསྟན་བཅོས་ཀློག་པ་བཀླག་ཏུ་འཇུག་པ། སྦྱིན་པ་ལེན་པ་ལེན་དུ་འཇུག་པ་མཁས་པ་དྲུག་གོ ། མིང་བྲམ་ཟེ་ནི་དངོས་གནས་པ་མིན་ནོ། ཚོང་ཁང་ནི་ཚོང་ཆས་ཚོང་ཟོག་འཇོག་ས། ཚོང་རྡལ་ནི་ཚོང་ནོར་རྣམས་བཀྲམ་ས། རོལ་མོའི་སྤོང་ས་རོལ་མོ་སློབ་མཁན་རྣམས་སྡོད་ས། འཕོང་ནི་སྤོང་ས་མདའ་འཕང་བ་སློབ་མཁན་རྣམས་སྡོད་ས། གནམས་རུ་ནི་གཞུ། ཉག་ཕྲན་ནི་མདའ། རྣ་སྒྲང་ནི་མདའི་མདེའུ་། རྣ་གྲུ་བཀང་ནི་མདའ་འཕེན་པ། རལ་བསྐོར་མཁན་ནི་རལ་གྲིས་གཅོད་པ་ལ་ཤིན་ཏུ་མཁས་པ། ཡ་ལད་ནི་གོ་ཁྲབ། ཡ་གད་ནི་རྐང་སྟེགས། རྒྱལ་པོའི་སླས་སམ་ཕོ་བྲང་འཁོར་ནི་བཙུན་མོའི་འཁོར་རམ་བཙུན་མོ་སྡོད་ས་ལ་ཟེར། རྒྱལ་སྲིད་ནི་ཆབ་སྲིད། བཀའ་ཤོག་ལ་ཆབ་ཤོག ཆབ་སྒོ་བ་ནི་སྒོ་རག་པ། ཆབ་འབྲངས་ནི་འཁོར་གཡོག ཞམ་འབྲིང་པ་ནི་པྱག་གཡོག ཕྱག་བརྙན་ནི་འཁོར་གཡོག བྱ་མ་རྟ་བང་ཆེན། ཕོ་ཉ་བ་བང་ཆེན་གྱི་མིང་། སུག་པ་ནི་ལག་པ། བུག་བྲིས་ནི་ཕྱག་བྲིས། རེག་གཟིགས་ནི་ཟིན་བྲིས། ཆེ་གཞི་དཔང་པོ། གཉའ་བོ་ནི་དཔང་པོ། སྣ་བོ་ནི་གཙོ་བོ། བཀར་བཏག་ནི་ཁྲིམས། དཔང་རྒྱ་ནི་ཡེ་གེ་བཞག་པ། རྒྱ་ནི་ཐེའུ་རྩའམ་དམ་ཕྲུག རྒྱ་ཡི་འབུར་ནི་དམ་ཕྲུག་གི་རི་མོ། ཆགས་རྒྱ་ནི་བུ་ལོན་བཏང་བའི་ཡི་གེ ། དཔྱ་ནི་ཁྲལ། སྒོ་ལ་ཁྲལ་སྡུད་པ་བོ་ལ་ཤོ་གམ་པ། ལ་ལ་ཁྲལ་སྡུད་པ་ལ་ཅ་ན་པ། ཆུ་ལ་ཁྲལ་སྡུད་པ་ལ་གྲུ་བཙས་པ། ཀུན་ཤེས་པའི་ཤོ་གམ་པ་ནི་ཆོས་ལྡན་ཁྲིམས་སུ་བཅོས་ཤིང་ལྟོགས་འདོད་ཆུང་བ། ཉེས་པ་བྱེད་པའི་ཤོ་གམ་པ་ནི་རྒྱལ་བོ་ངན་པས་ཁྲིམས་སུ་བཅོས་ཀིང་ཧ་ཅང་ལྟོགས་པ། རིགས་བཟང་བས་རྒྱགས་པ། གཟུགས་ཀྱིས་རྒྱགས་པ། ལང་ཚོས་རྒྱགས་པ། ནད་མེད་པས་རྒྱགས་པ། ནོར་གྱིས་རྒྱགས་པ། དབང་ཡོད་པས་རྒྱགས་པ། བཟོ་རིགས་ཤེས་པས་རྒྱགས་པ། མང་དུ་ཐོས་པས་རྒྱགས་པ་བཅས་རྒྱས་པ་བརྒྱད། སྡིག་སྤྱོད་རྒྱལ་བོ་ལ་བྱ་བ་ངན་པ་བཅུ་ཡོད་པས་གང་ཞེ་ན། རིགས་མི་བཙུན་པ་ཡིན། རང་དབང་ཚོད་མེད་པ་ཡིན། རང་བཞིན་གྱི་གཏུམ་པ་ཡིན། འཁྲུག་པ་ཤས་ཆེ་བ་ཡིན། གཞན་ལ་བྱ་དགའ་ཆུང་བ་ཡིན། དམ་པ་མ་ཡིན་པ་རྣམས་ཀྱི་ངག་ཉན་པ་ཡིན། མི་བརེྟན་པ་བྱ་ཞིང་ཆོས་ལུགས་དང་མི་ལྡན་པ་ཡིན། ཆོས་ལ་མི་ལྟ་བ་ཡིན། བྱེ་བྲག་མི་ཤེས་ཤིང་བྱ་པ་མི་གཟོ་བ་ཡིན། རབ་ཏུ་མྱོས་ཤིང་གཅིག་པུ་བག་མེད་པར་སྤྱོད་པ་ཡིན། ཚུལ་ཁྲིམས་ཀྱིས་དྲེགས། ཐོས་པས་དྲེགས། སྤོབས་པས་དྲེགས། རྙེད་པས་དྲེགས། བཀུར་སྟིས་དྲེགས། རིག་གནས་མཁས་པས་དྲེགས། དབེན་གནས་ཀྱིས་དྲེགས། སྦྱངས་པའི་ཡོན་ཏན་གྱིས་དྲེགས། ཡོ་བྱང་ཉུང་བས་དྲེགས། གཟུགས་བཟང་བས་དྲེགས། ལོང་སྤྱོད་ཀྱིས་དྲེགས། དབང་ཆེ་བས་དྲེགས། འཁོར་གཡོག་བཟང་བས་དྲེགས། བསམ་གཏན་མངོན་ཤེས་ཀྱིས་དྲེགས། ལྟ་ཀླུ་སོགས་ཀྱི་བཀོད་པས་དྲེགས་པས་བཅོ་ལྔ། མདུད་དོར་ནི་རྒྱན་བཞག་པ། སྐྱོ་མ་ནི་ཁ་མཆུ། ཞལ་ལྕེའང་དེ་དང་འདྲ། སྐྱོ་མ་སྔ་བཙན་ནི་སྔོན་རྩོད་པ་བྱུང་བའི་དུས་སུ་ཁྲིམས་ཀྱིས་བཅད་པ། སྣང་བ་གདོང་དེད་ནི་སྔ་བསམ་ཕྱི་བསམ་མ་དྲན་པ་འཕྲལ་གྱི་བྱ་བ་ལ་དུས་ཀུན་ཏུ་འཇུག་པ། སྐྱོ་ངོགས་ནི་སྔར་གྱི་རྩོད་པ་སླར་ཡང་སློང་བ། གོ་རྭ་ནི་བཙོན་རྭ། ཕྱག་སྦལ་ནི་བཙོན་ཁང་། འགེམ་པ་ནི་འཇོམ་པ། གཞོམ་པ་ནི་བཅོམ་པ། ཆང་ཁུ་འཚོགས་ནི་ཁུ་ཚུར་གྱིས་འཚོགས་པ། དབྲོག་པ་ནི་འཕྲོག དབྲལ་བ་ནི་ཕྲལ་བ། དབྲད་པ་ནི་བྲད་པ། དཔྲག་ནི་བར་དུ་ཆུད་པ། འགུམ་པ་ནད་ཀྱིས་ཤི་བ། བཀུམས་པ་ནི་གསོད་པ། བཀྲོངས་པ་ནི་བསད་པ། གྲོངས་པ་ནི་ཤི་བ། གཤིན་པོ་ནི་ཤི་པོ། གཤིན་རྫས་ནི་བསྔོ་རྟེན་དད་རྫས་ལྟ་བུ། གཤིན་ཟས་ནི་རོ་ཟས། མནར་མེད་ནི་བསྟིར་མེད། ན་རག་ནི་རྡོ་རྗེ་དམྱལ་བའི་མིང་། མནོག་ཆུང་ནི་ཁེ་ཆུང་བ། ཡིད་ལ་བརྣག་པ་ནི་ཡིད་ལ་ཡང་ཡང་བསམ་པ། གནའ་དུས་ནི་སྔ་མོའི་དུས། གཉའ་ནི་ཐོག་མའམ་སྔོན་ཚེ། གནམ་པོ་ནི་དྲང་པོ། གནམ་པ་ནི་དྲི་མ་ངན། བྲོ་བོར་ནི་མནའ་བསྐྱལ་བ། བྲོ་འཚལ་བ་ནི་ནད་ཀྱིས་ཐེབ་པ། བྲུ་བ་ཚ་ནི་བཀྲེས་སྐོམ། འཚལ་མ་འཚལ་བ་ནི་བཟས་ཟ་བ། འཚལ་མ་ནར་མ་ནི་རྒྱུན་པར་ཟས་ཟ་བ། སྤུ་བསྙལ་བ་ནི་ཁྲོ་བ་ཞི་བ། སྤུ་སྙོལ་ཞེས་པ་ནི་ཉེས་པ་བཤགས་པ། སྤུ་སྙོལ་བར་གྱིས་ཞེས་པ་ནི་ང་རྒྱལ་ཆུང་བ། སྐྲ་ཟིངས་ཞེས་པ་ནི་ང་རྒྱལ་ཆེ་བ། ཕོ་ཐེག་ཆེ་བ་ནི་ཁེངས་པ་ཆེ་བ་དང་ཁུར་ཆེ་བ། དགེ་བ་སྤྱོམ་པ་ནི་དགེ་བ་བྱས་པ་དོན་མེད་པར་གཞན་ལ་སྒྲིག་པ། བདག་ཉིད་སྒྲིག་པ་ནི་རང་གིས་རང་ལ་བསྟོད་པ་བཏང་བ། བློས་མ་ལྕིབ་པ་བློ་རྒྱ་ཆུང་བ། འཚོལ་འགྲོ་ནི་ལྟོ་གོས་འཕྲལ་དུ་འཚོལ་དགོས་པ། ཁ་དྲག་པ་ནི་དབང་ཆེ་བ། ཟོང་ནི་ནོར། ཟང་ཟིང་ཡང་ནོར། དཀོར་ཆ་ཡང་ནོར། སྡུག་བསྔལ་གྱི་མ་མོ་ནི་སྡུག་བསྔལ་གྱི་གཞི་མ། བསྙེལ་བ་ནི་ཐུགས་བརྗེད་པ། མཉེལ་ནི་ངལ་བ། བསྟི་བ་ནི་ངལ་བསོ་བ། བསྟི་གནས་ནི་འབྱུང་ཁུང་གི་མཐིལ་ལམ་སྡོད་གནས་སམ་ཁྱིམ་མམ་སྙིང་པོ། རྒྱ་མཚོའི་མཆིང་དང་འཇིངས་དང་ཀློང་དཀྱིལ་གསུམ་དོན་གཅིག མི་འགོང་བ་ནི་མི་སྐྲག་པ། དྲབས་པ་ནི་མང་པོའི་ནང་ནས་འདེམས་པ། ཨརྫ་ཀ་པའི་དོག་པ་ནི་ཉི་དགའ་ལམ་ལྕམ་པའི་འབྲས་བུ། ལྷ་བ་ནི་རུས་པའི་ནང་གི་ཞག ལྟོ་འཕྱེ་ནི་རང་གི་ལྟོ་བས་འགྲོ་བ་དཔེར་ན་སྦྲུལ་ལྟ་བུ་ལ་ལྟོ་འགྲོ་ཡང་ཟེར། མེ་ཏོག་གི་དཀོན་བུ་ནི་མེ་ཏོག་གི་འཕྲེང་བ། དཔེ་མཁྱུད་ནི་ཆོས་ལ་སེར་སྣ་བྱས་པ། མཁྱུད་སྤྱད་ནི་མན་ངག ལྡོ་སྐྱེན་པ་ནི་ཤེས་སླ་བ། ལྡོམ་བུ་ནི་བསོད་སྙོམས་པ། བསྙེངས་པ་ནི་འཇིགས་པ། མི་བསྙེངས་པ་ནི་མི་འཇིགས་པ། བསྙེམས་པ་ནི་ང་རྒྱལ་ཆེ་བ། ལོག་གཞལ་ནི་དྲིན་ལན་ལོག་པ། ཆིམ་ལོག་ཀྱང་དྲིན་ལན་ལོག་གཞལ་བྱས་པ། འཁོས་ཁ་ཆུང་བ་ནི་ཁ་ཐབས་ཆུང་བ། གཉོད་ཁ་ཆུང་བ་ནི་འཁོས་ཁ་ཆུང་བ་གཏོང་ཕོད་ཆུང་བ། འཐབ་བཀྲོལ་ཅན་ནི་གནོད་པའི་སྒྱུ་སྒྲུབ་པ། ཕུང་ཀྲོལ་ནི་ཉེས་པ་མང་པོའི་རྩ་བ། འདོད་པས་བསོད་ཉམས་སམ་བསོད་ཉམས་ནི་ལྷག་པར་ལོངས་སྤྱོད་ལ་ཆགས་པ། སྤྱི་བརྟོལ་ནི་ངོ་ཚ་མེད་པ། ཐ་ཆད། ཐ་ཤལ། ཐ་མ་རྣམས་ནི་ངན་པའམ་ཐ་མ། རིད་པ་ནི་ཤ་ཆུང་བ། ཁྲེག་པ་ནི་ཤ་སྐམ་པ། གྱ་བ་ནི་ལུས་ཉམས་པ་དང་སྒྱིད་ལུག་ཅན་གྱི་ལུས་ཉམས་སྟོན་ཚུལ་ཞིག རྐམ་པ་ནི་ཞེན་ཆགས་ཆེ་བ། བཀར་བ་ནི་སོ་སོར་ཕྱེ་བ། བྱེ་བ་སོ་སོར་བྱེ་བའམ་སོ་སོར་གྱེས་པ། སྤྱུགས་པ་ནི་རྒྱང་ཕུད་བཏང་བའམ་བསྐྲད་པ། དཀྱུས་མོ་ནི་་མགྱོགས་པ། མི་དཀྱུད་པ་ནི་མི་བརྗེད་པ། སྐྱུད་པ་ནི་ཐུགས་བརྗེད་ཤོར་བ། ཁེངས་སྐྱུངས་བ་ནི་ང་རྒྱལ་མི་བྱེད་པ། བཅོམ་སྐྱུངས་བ་ནི་འཇིགས་ཏེ་སྐད་ཆེན་པོ་མི་བྱེད་པ། ཀླག་ཅོར་ཆུང་བ་ནི་སྒྲ་ཆུང་བ། ཅ་ཅོ་ཆུང་བ་ཡང་དེ་དང་འདྲ། ཅོ་འདྲི་བ་ནི་འགྲན་པའམ། གཞན་ལ་མཐོ་འཚམས་པའི་ཕྱིར་དེའི་ལན་ཟློས་སམ་སྟངས་ཁ་བྱེད་པ་ལ་འཇུག འདུལ་བ་ལས་རབ་ཏུ་བྱུང་བས་ཁྱིམ་པ་ལ་ཁྲེལ་བགད་བྱས་པའང་ཅོ་འདྲི་བར་གསུངས།