དགེ་སློབ་བར་གྱི་ཤགས་འགྱེད། གླིང་ཚ་པད་དབང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ད་ལོར་ཡང་འཛམ་གླིང་ལོ་རྒྱུས་འཆད་ཁྲིད་ཀྱི་སྐལ་བ་ལྡན་པ་འདི་ཅི་འདྲའི་དགའ་བ་ལ་ཨང་། སློབ་སྐབས་གཉིས་ཙམ་གྱི་རིང་ལ་ངེད་དགེ་སློབ་ཚང་མས་འདས་དོན་ལ་ཕྱིར་མིག་བལྟས་པ་དང་། མ་འོངས་པར་རྒྱང་གཟིགས་བྱེད་བཞིན་མིའི་རིགས་ཀྱི་བཤུལ་ལམ་རིང་མོར་རྒྱང་སྐྱོད་བྱས་པ་ཡིན་ལ། རྒྱང་སྐྱོད་བྱེད་ཐེངས་རེར་ངས་ལོ་རྒྱུས་ཞེས་པའི་རིག་ཚན་དེའི་ངོ་བོ་དང་ཕན་ནུས། དེའི་འཕྲལ་ཕུགས་ཀྱི་དགོས་པ་སོགས་ལ་སྡོམ་ཚིག་ཡང་དག་ཅིག་འགོད་ཐུབ་མིན་ལ་ནམ་ཡང་བསམ་གཞིག་བཏང་བ་ཡིན། བློ་ལྡན་ཞིག་གིས་གསུང་རྒྱུར། ལོ་རྒྱུས་ཞེས་པ་ནི་འདས་དོན་ཡིན་ལ་མ་འོངས་པ་ཡང་ཡིན། བདེན་དོན་ཡིན་ལ་གཡོ་སྦྱོར་ཀྱང་ཡིན། རྒྱལ་ཁ་ཡིན་ལ་ཕམ་ཁ་ཡང་ཡིན། བདེ་སྐྱིན་ཡིན་ལ་རྨ་ཁའང་ཡིན། མེ་ལོང་ཡིན་ལ་གཙགས་ཁབ་ཀྱང་ཡིན་ཅེས་བཤད་མྱོང་། དངོས་ནས་འཛམ་གླིང་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་འགྲུལ་བཞུད་བྱེད་ཐེངས་རེད། ནམ་ཡང་མངར་སྐྱུར་ཁ་གསུམ་གྱི་རོ་བརྒྱའི་སྣོད་ཁུག་ཕྱེ་བ་བཞིན་རོ་བྲོ་མི་འདྲ་བའི་ཞལ་ཟས་མང་བོ་བསྟབས་ཡོང་ཞིང་། དེ་རུ་དང་བ་འདྲེན་ཅིང་སྲེད་པ་བསྐྱེད་པའི་ཟས་རིགས་ཞིམ་མངར་ཅན་འདུག་ལ། ཡི་ག་འགག་ཅིང་སྒྲེག་སྐྱུག་བྱེད་རིགས་པའི་ཧ་ལོའི་དུག་སྡོང་ལྟ་བུ་ཡང་མཆིས། ལོ་རྒྱུས་ནི་སྲ་གཟུགས་སུ་གྲུབ་པའི་འདས་དོན་དང་། གཤེར་ཁུའི་རང་བཞིན་ཅན་གྱི་དངོས་ཡོད་ཡིན་ཕྱིན། ལོ་རྒྱུས་སློབ་པ་པོ་ལ་མཚོན་ན། ལོ་རྒྱུས་ཀྱི་བྱུང་རིམ་ཤེས་རྒྱུ་ལས་ལོ་རྒྱུས་ཀྱི་ལྟ་བ་ཆགས་རྒྱུ་གལ་ཆེ་བར་སྨྲ་བ་ནི་བདེན་དུ་མཆིས། 

གང་ལྟར། ལོ་འདི་ཤས་སུ་ངས་རྒྱུན་དུ་འཛམ་གླིང་ལོ་རྒྱུས་སློབ་ཁྲིད་བྱེད་དུས་སློབ་བུ་རྣམས་ལ་འདི་ལྟའི་དྲན་གསོས་པ་སྟེ། ལོ་རྒྱུས་སྦྱོང་བ་ལ་རྟག་ཏུ་གསང་བ་མཐིལ་བརྟོལ་གྱི་སྙིང་རུས་དགོས། གོ་བསྡུར་དཔྱད་འཇོག་གི་རིག་སྟོབས་དགོས། ཐུན་མིན་ཁས་ལེན་གྱི་རང་ཚུགས་དགོས། སྐྱོན་ཡོན་དགག་སྒྲུབ་ཀྱི་ཤེས་རབ་དང་ཕ་རོལ་ཟིལ་གནོན་གྱི་སྤོབས་པ་དགོས། སྐད་ཡིག་མང་བོའི་ལམ་ནས་ལོ་རྒྱུས་བསྟན་བཅོས་ལ་འཇུག་པའི་དཔེ་ཀློག་གི་གོམས་སྲོལ་བཟང་བོ་ཞིག་དང་། དགེ་རྒན་ལ་དྲི་གཏུགས་དང་རྩོད་སྤོང་ཚ་གཡེར་བྱེད་པའི་ཀུན་སློང་རྨ་མེད་ཅིག ད་དུང་དྲ་ཚིགས་ནས་འཚོལ་ཞིབ་དང་ཉར་ཚགས་བྱེད་པའི་བདེན་དོན་ཕུགས་གཏུགས་ཀྱི་སྙིང་རུས་བརྟན་པོ་ཞིག་དགོས་ཞེས་བཤད་པ་ཡིན། དྲི་མེད་སྐྱོན་གྱིས་མ་གོས་པའི་སློབ་བུ་ཚོ་ལ་དེ་ལྟའི་བླང་བྱ་ནན་མོ་བཏོན་ཀྱང་མི་འགྲིག་པ་མེད་ལ། སྐྱེ་བ་ད་ལྟར་ང་ནི་ཁོ་ཚོའི་དགེ་རྒན་ལྟ་བུ་དང་། ཁོ་ཚོ་ངའི་སློབ་མར་གྱུར་པ་ནི་སྔོན་བསགས་ཀྱི་དགེ་སྡིག་གང་གིས་བསྐྱེད་པའི་འབྲས་བུ་ཡིན་པས་སུས་ཀྱང་ལེ་བདའ་བྱེད་མི་སྲིད་སྙམ། སློབ་ཁྲིད་དངོས་ལ་ཞུགས་སྐབས། མཚམས་ལན་རེར་ངས་རང་ཉིད་སྒེར་གཅོད་ཅན་གྱི་དམག་དཔོན་ཞིག་མིན་ནམ་སྙམ། དྲེགས་སྣང་དེས་སྦོས་ན་ངག་ལས་སྙིང་བོ་མེད་པའི་ལབ་བརྟོལ་ཡང་བྱུང་རྒྱལ་དུ་སྨྲ། སློབ་ཁྲིད་གྲོལ་རྗེས་ལན་རེར་ཕྱིར་འདང་རེ་བརྒྱབ་ཚེ་ངོ་གནོང་དགོས་པའི་སྐབས་ཀྱང་མང་དུ་མཆིས། མི་དགོས་པའི་དྲེགས་སྣང་དེ་ང་གཅིག་པུ་ལ་སྐྱེས་པ་ཡིན་ནམ་སྙམ་སྟེ་དགེ་གྲོགས་དག་ལ་དྲི་བ་རེ་བགྱིས་ན། མ་གཞི་ང་གཅིག་པུ་མ་ཡིན་པར་དུས་རབས་འདིའི་ནད་ཡམས་དེ་ཀུན་ལ་འགོས་འདུག་གོ །དེ་ཡང་དགེ་གྲོགས་ཤིག་གིས་ལབ་རྒྱུར། ལུས་སེམས་གཉོམ་པའི་མི་ཕྲན་འུ་བུ་ཅན་ལ་མཚོན་ན། སློབ་མའི་མདུན་དུ་དྲེགས་སྣང་འདྲ་སྐྱེས་པ་ནི་ལུགས་དང་མཐུན་ཏེ། ཟང་ཟིང་དང་འགྲན་རྩོད་ཀྱིས་ཁེངས་པའི་དུས་རབས་འདིར། ལན་རེར་དྲག་དཔོན་གྱི་ཁེངས་པ་རེ་བསྐྱེད་དེ་སློབ་མ་འདི་ཚོར་འཇིགས་སྣང་རེ་བསྐུལ་ཐུབ་ནའང་དེ་བདེ་སྐྱིད་ཅིག་ཏུ་བསམ་དགོས་ཟེར་ལ། ད་དུང་འདི་ནི་རང་སེམས་གཟེངས་འདེགས་ཀྱི་གདམས་པ་དང་། ཨQལྟ་བུའི་ཤེས་ཡིན་པ་རྣམས་ཀྱི་འཆི་སོས་རིལ་བུ་ཡིན་ཟེར། གཏམ་དེ་ཐོས་རྗེས་ང་ཡང་ཡུད་ཙམ་ལ་ཧོན་ཐོར་ཞིང་། དེ་མ་ཐག་ངོ་གནོང་དགོས་བྱུང་། 

གང་ལྟར་ངས་ལོ་རྒྱུས་ཀྱི་སློབ་ཐུན་རེའི་མགོ་སློང་སྐབས། སློབ་མ་རྣམས་ལ་འདི་ལྟར་འཆད་པ་ཡིན་ཏེ། ལོ་རྒྱུས་གླེང་ན་རང་རང་གི་སྐྱེས་ཁུངས་གླེངས་དགོས། རླངས་དཔལ་གྱི་སེང་གེའི་ཞལ་ནས། ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཆེ་དགུ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་དང་འདྲ་ཞེས་པ་བཞིན། ང་ཚོས་དཔེ་དེབ་སྟེང་གི་འཛམ་གླིང་ཧྲིལ་བོའི་མཆེད་ཁུངས་ཤེས་དགོས་པར་མ་ཟད། མི་རིགས་རང་གི་སྐྱེས་ཁུངས་དེ་བས་ཀྱང་ཤེས་དགོས་པ་ཡིན། དེ་ཡང་མིའི་རིགས་ཀྱི་འབྱུང་ཁུངས་གཞན་དག་དང་འདྲ་བར། ང་ཚོ་ཡང་སྤྲེའུ་དང་བྲག་སྲིན་ལས་མཆེད་པ་ཡིན་ལ། ཡ་ཐོག་བསྐལ་པ་དང་པོ་ནས་ང་ཚོས་གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་མ་རྨོས་ལོ་ཏོག་བཟའ་བའི་དུས་རིམ་བརྒྱུད་མྱོང་བར་མ་ཟད། ང་ཚོ་ལའང་རྡོ་ཆས་རྙིང་མ་དང་རྡོ་ཆས་གསར་མའི་དུས་ཀྱི་ཤེས་རིག་གི་དཔལ་ཡོན་དང་རིག་དངོས་ཤུལ་རྫས་ཡོད་པས། ང་ཚོས་རང་ཉིད་མཐོ་སྒང་འདིའི་རང་ས་ནས་སྐྱེས་པའི་གཉུག་མའི་མི་རིགས་ཚིལ་དྲེག་ཆགས་པ་ཞིག་ཡིན་པར་ཁས་འཆེ་དགོས་པ་ཡིན། རང་ཅག་གི་བཙན་པོ་གོང་མ་རྣམས་ནི་འོད་གསལ་ལྷ་ནས་མཆེད་པས། སྤུ་རྒྱལ་བཙན་པོའི་དུས་སྐབས་ལ་རྗེ་བླ་ན་བཞུགས་པ་རྣམས་ཐུགས་སྒམ། འབངས་འོག་ན་འཁོལ་པ་རྣམས་ནི་རྗེའི་བཀའ་ཉན་ཞིང་ཁྲིམས་ལ་གནས། མི་ཡན་ལ་དགྲ་མེད། རྟ་ཡན་ལ་སྒྲོག་མེད། བ་ཡན་ལ་སྣ་མེད། མཐའི་སྒོ་བཞི་ནས་དཔྱ་འབུལ། རོང་ཁ་བརྒྱད་ནས་སྐྱེས་རྫོང་། ལོགས་དགུ་མཁར་དུ་བརྩིགས། སྙན་དགུ་གཏམ་དུ་སྨྲ་བས། སྐབས་དེའི་སྒང་པ་བོད་པ་ཞེས་པ་ནི་ས་སྒང་ཧྲིལ་བོ་འདི་གོར་གོར་བྱེད་དགོས་ན་དཀྱིལ་དང་ཤར་ཤར་བྱེད་དགོས་ན་གོང་གནོན་པའི་ཁོག་ཡངས་ཐུགས་དཀྱེལ་འཛོམས་པའི་མི་རིགས་ཤིག་ཡིན་ནོ་ཞེས་འུད་ཆེན་པོས་འཆད། ཡང་ལན་རེར། ནམ་ཞིག་གི་དུས་ལ་ངེད་ཅག་གི་རི་ལུང་འདི་ནས་གདོན་གྱི་དུག་རླངས་འཕྱུར་ཏེ། དཔའ་བོར་རློམ་པ་རེ་འགས་སྟེའུ་ཁ་རམ་ནང་དུ་བསྐོར་པ་ནས་བཟུང་། ཕྱིའི་སོ་ཁ་ཤོར། ནང་གི་འདུན་ས་ཞིག རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ཆག ཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་གྲོལ། མི་ཆོས་ཆོག་མའི་ཕོན་ཐག་འདྲ་བ་ཆད། བོད་སྤྱི་མཐུན་གྱི་བསོད་ནམས་སོས་ཀའི་འཁྱགས་རོམ་བཞིན་དུ་བཞུས། མི་རྗེའི་ལྷའི་བསོད་ནམས་མཚོ་སྐམ་པའི་གཉེར་མ་བཞིན་དུ་ཡལ། དེ་ནས་བཟུང་ང་ཚོ་ལ་སྲིད་རྒྱལ་ལས་ཆོས་རྒྱལ་ཡིན་ཟེར་མཁན་མང་དུ་བལྟམས། ཆོས་རྒྱལ་ལས་བདུད་རྒྱལ་རེ་འགའ་ལ་དྲེགས་སྟོབས་རྒྱས། དྲག་དཔུང་རྣམས་གཡུང་སྡེ་རུ་ཕབ། རྒྱལ་རབས་དག་གདན་རབས་སུ་ལྷུང་བ་ཡིན་ལ། ཡུལ་མི་ཀུན་གྱིས་ཕས་རྒོལ་འཐབ་ཀྱི་ཇུས་གཞི་ལ་བརྩོན་པ་ལས། ནང་དམེ་གྲུབ་མཐའི་འཐེན་འཁྱེར་ལ་རྔམ་ནས་ལུང་ཁུགས་བཅད་བཟུང་དང་ཇ་ཕོར་ཧམ་འཕྲོག་བྱེད་མཁན་དག་ཁྲི་ལ་འགྱིང་རྗེས། ད་དུང་ཅི་མི་སྙམ་པར་རང་ཉིད་དཔུང་བཙན་པར་སྙེམས་པའི་དུས་ཀྱང་བྱུང་མྱོང་བ་རེད་ཅེས་ཕངས་སེམས་དང་བཅས་ཏེ་བསྙད་དགོས་པའི་སྐབས་ཀྱང་མཆིས། གང་ལྟར་ང་ཚོ་འཁྲུག་འཁྲུག་པ་དང་ང་ཚོ་སྒུག་སྒུག་པའི་རྗེས་ལ། མེས་པོ་མིག་རྒྱང་རིང་བ་འགའ་ཡིས་མཁར་ཤུལ་ནས་ཆུ་མིག་བཙལ། རྐང་ཤུལ་ལས་འབྲུ་རྡོག་འཐུ་བཞིན་སྐྱིད་སྡུག་གཉིས་ཀྱི་ཉམས་མྱོང་བསགས། བློ་སྤོབས་ཀྱིས་རྒྱ་བསྐྱེད། ཐུགས་རྗེས་རྒྱལ་ལ་གཟིགས་ནས་ད་གཟོད་འགྲོ་བ་ཀུན་གྱི་སྲོག་ལ་གཅེས་དགོས་པའི་ཞི་བདེ་དང་སྙིང་རྗེ་ཞེས་རིན་བྲལ་གྱི་ནོར་བུ་ཆ་གཅིག་རྙེད། སྐབས་དེ་ནས་བཟུང་མེས་པོ་སློག་པ་གྱོན་པ་རྣམས་ལྷོད་ཀྱིས་གློད་དེ་གྲིམ་གྱིས་བསྒྲིམས། ཀུན་ནས་དཀོན་པའི་ཞི་མཐུན་གྱི་བཙན་ས་བསྲུངས། ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། གནས་བྲག་རྩ་རུ་བསྡད། གྲོགས་རི་དྭགས་དང་འགྲོགས། མི་དམིགས་པའི་ལྟ་བའི་གནད་ཆིངས། རང་བྱུང་གི་རྟོགས་པ་ལ་མངའ་བརྙེས། འཇའ་ལུས་དང་ཐོད་བརྒལ་གྱི་བང་རིམ་བརྟོལ། གྲུབ་བརྙེས་དང་ཕྱག་ཆེན་གྱི་གོ་འཕང་མཐོན་པོར་གཤེགས་པའི་རྣལ་འབྱོར་པ་དང་གྲུབ་ཆེན་པ་མང་བོ་བྱོན། ཐ་ན་ཡི་གེ་མི་ཤེས་པའི་ཡུ་མི་ཕལ་བ་རེ་འགའ་ཡང་བག་མི་ཚ་བར་འཆི་ཁ་མའི་སེང་གེ་འགྱིང་སྟབས་ཞེས་བཞུགས་སྟངས་ཡ་མཚན་པ་དེར་ལྷོད་གྱིག་གེར་བཞུགས་ནས། ཧིག་གཅིག་གི་རྗེས་ལ་ཕྱི་མིག་ཙམ་ཡང་མི་བལྟ་བར་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་གཤེགས་མཁན་ཁ་བའི་འདབ་མ་བརྩེགས་པ་བཞིན་བྱུང་ཞེས་སེམས་ཀྱི་གཟེངས་མཐོ་བའི་གཏམ་རེ་འགའ་ཡང་ངག་སྒོ་ནས་འཐོར། དེ་ལྟར་སློབ་གྲོགས་ཚོའི་མོས་པ་དང་མཐུན་དུས་ཁོ་ཚོས་དུས་གཅིག་ཏུ་དགའ་བའི་ཐལ་མོ་བརྡབས་འོང་། 

ལར་དེང་རབས་ཀྱི་གཞུང་སྒྲུབ་སློབ་གྲྭའི་སློབ་ཁྲིད་ཅེས་པ་ནི་གནའ་དུས་ཀྱི་ཆོས་འཆད་ཉན་དང་ཡེ་མི་འདྲ་བར། འདིར་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་གིས་རྩིས་ཟིན་ཏེ། སྦྱོར་བ་སེམས་བསྐྱེད་དམ་པ་དང་། དངོས་གཞི་དམིགས་མེད་དམ་པ། མཇུག་བསྔོ་བ་དམ་པ་བཅས་དམ་པ་གསུམ་ཚང་དགོས་པའི་གཟབ་ནན་གྱི་སྒྲིག་ཁྲིམས་དེ་མེད་ལ། སློབ་མ་རྣམས་ལ་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག མི་འཛིན་པ་ལྔ་ལ་སོགས་པའི་སྐྱོན་མངའ་མི་རུང་བའི་རེ་བ་ནན་མོ་ཡང་གདོན་རྒྱུ་དཀའ་མོ་ཡིན། དེང་གི་དུས་འདིར་སྒྲ་བསྒྱུར་མར་བ་ལྟ་བུའི་སློབ་དཔོན་ཤ་ཞེན་ཅན་དང་། མི་ལ་རས་པ་ལྟ་བུའི་སློབ་མ་བརྩོན་འགྲུས་ཅན་རེ་ཡོད་ན་ཅི་མ་རུང་སྙམ་པའི་རེ་བ་བཅངས་མཁན་ཉིན་མོའི་སྐར་མ་ལྟ་བུའོ། །ཡིན་ནའང་དེང་རབས་ཀྱི་སློབ་ཁྲིད་གསར་བ་ཞེས་པ་ནི་དགེ་སློབ་ཟུང་དུ་འབྲེལ་ཏེ་བསྒྲུབ་དགོས་པའི་བྱ་འགུལ་ཞིག་ཡིན་ཕྱིན། དགེ་རྒན་གཅིག་པུས་འཁྲབ་སྟོན་བགྱིས་ན་སློབ་མའི་བག་ལ་ཞ་བའི་རིགས་སྟོབས་སྔོག་འདོན་བྱ་མི་ནུས་པས། སློབ་མ་རང་རང་ལའང་རང་སྟོབས་ཀྱིས་ཤེས་བྱའི་སྤྱི་དོན་ལ་མཐའ་དཔྱོད་བྱེད་པའི་གོ་སྐབས་སྦྱིན་དགོས་པ་ཡིན། སྒོས་སུ་ཁོ་ཚོར་དགེ་རྒན་གྱི་དབྱེ་ཞིབ་བྱེད་སྟངས་དང་གོ་བ་ལེན་སྟངས་སོགས་དང་རྩ་བ་ནས་མི་མཐུན་པའི་རང་ཚུགས་ཀྱི་ལྟ་བ་བརྗོད་པའི་སྐབས་གླགས་སྦྱིན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྨྲ་ལ། འདི་ནི་དེང་རབས་སློབ་གསོའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ཤིག་དང་། སློབ་མའི་ཤེས་རྟོགས་བསྐྱེད་པའི་བརྒྱུད་རིམ་ཞིག་ཡིན་ཕྱིན་སུས་ཀྱང་བསྒྱུར་ཏུ་མི་བཏུབ་བོ། །བོད་པ་ཚོས་རྒྱུན་དུ་ངག་ན་ཟློ་བའི་ཆུ་ལ་ཆུ་བཞག་གི་རིག་པ་དང་། བུམ་པ་གང་བྱོའི་གདམམས་པ་རྣམས་གཞུང་སྒྲུབ་སློབ་གྲྭ་དག་ནས་ཇི་བཞིན་ཉམས་སུ་ལེན་དཀའ་བས་ན། རྒན་པ་རེ་འགས་མཐོང་ཚེ་ཡི་མུག་ཀྱང་བཅོས་ཐབས་ཅི། དེར་བརྟེན། དུས་ཚོད་ཀྱིས་འདང་ན་ངས་ཀྱང་སློབ་གྲོགས་ཚང་མར་རང་རང་གི་ལྟ་བ་བརྗོད་པའི་གོ་སྐབས་གནང་བ་ཡིན། ལན་རེར་སློབ་མ་རྣམས་ཀྱིས་ཀྱང་སྐབས་བསྟུན་གྱིས་ང་ལ་མི་འདོད་པའི་དགག་བཞག་སྤྲོས་འོང་བ་ཡིན། སྐབས་ཤིག་ལ་སློབ་གྲོགས་ཤིག་གིས་བཤད་རྒྱུར། རེད་ཡ། དགེ་རྒན་ཁྱེད་ཀྱིས་བཞེད་པ་བཞིན་འདས་པའི་དུས་སུ་ངེད་ཅག་ལ་ལྷའི་དམུ་ཐག་ལ་འཇུས་ནས་འཇིག་རྟེན་མི་ཡུལ་དུ་བསླེབས་པའི་རྒྱལ་པོ་ཐོག་མ་བྱུང་མྱོང་ལ། དེ་ནི་འུ་ཅག་གི་སྒེར་ཆོས་དང་ཕྱི་རབས་པའི་གཟི་བརྗིད་ཡིན་པ་ནི་བརྗོད་མ་དགོས་པ་རེད། ཡིན་ནའང་ལྷ་ཡིན་ཀྱང་འགྲོ་བ་མིའི་སྐད་སྨྲ་མི་ཤེས་པའི་རྐྱེན་གྱིས། སྤུ་རྒྱལ་གདུང་རྒྱུད་སོ་གཉིས་ཀྱི་རིང་ལ་འུ་ཅིག་ནི་ཡི་གེ་མེད་པའི་མུན་བསྐུལ་གྱི་དུས་ཡུན་རིང་མོ་བརྒྱུད་མྱོང་བ་ཡིན་ཅེས་པ་དེ་བདེན་ནམ་ཟེར། ཡང་གཅིག་ན་རེ། ཡི་གེ་ཞེས་ཆོས་སྲིད་གཙུག་ལག་མཚོན་བྱེད་ཀྱི་གྱ་གྱུའི་རི་མོ་འདི་བཟོས་པ་ནས། མེས་པོ་བློ་ཁོག་ཅན་ཚོས་ས་འོག་ནས་གསེར་རྙེད་པ་ལྟར། ཐོག་མ་ཉིད་ནས་རང་ཅག་གི་བསམ་བློ་གཅུན་བྱེད་ཀྱི་ཀུན་སྤྱོད་གཙང་མའི་ཚད་གཞི་གཏན་འབེབས་ལ་བྲེལ་ཏེ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཟོས། དེ་མི་འགྲིག་པ་མེད་མོད། ཡིན་ནའང་དུས་དེ་ནས་བཟུང་ང་ཚོའི་མི་རབས་ནས་མི་རབས་བར་འཇིག་རྟེན་མི་ཆོས་ཀྱི་བདེན་པ་རྙེད་བྱུང་བའི་རྒྱལ་མཚན་བསྒྲེངས། བཙན་ལ་མགོ་སྒུར་བ་དང་། གཉོམ་ལ་ཕྱག་བྱ་བའི་ཡ་རབས་ཀྱི་གུས་ལུགས་བསྐྱངས་ན་ནམ་ཡང་རྒྱལ་ཁ་ཐོབ་པའི་ལབ་བརྡོལ། སྒོས་སུ་སེམས་ཅན་ཐམས་ཅད་མ་རུ་བསྒོམ་དགོས་པའི་གལ་ཆེན་རང་བཞིན་བསྒྲགས། གྱོང་དང་བུབ་ཁ་རང་གིས་འཁུར་བ་དང་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ན་ཕྱི་མ་ནས་ཕྱི་མའི་རིང་ལ་བདེ་སྐྱིད་རང་བྱུང་དུ་འཛོམས་པའི་ཁ་ཕོ་བསྙད། ཕོ་སྐྱེས་སྐྱེས་ཚང་མས་ཡ་མགོ་ཚིག་གི་དབུ་ཁྱུད་ནི། ལུང་ཁུགས་ལག་མཐིལ་འདྲ་བའི་ནང་གི་མེས་པོ་རྙིང་ཧྲུལ་ཅན་འགའི་སྦུག་ཏམ་དང་འཇའ་ས་དུད་དྲེག་མཆེད་པ་རེ་འགའ་འགྲེམ་སྟོན་བྱེད་བཞིན་ཨུ་ཚུགས་ཀྱིས་ངའི་ཕ་མེས་ཡང་མེས་འདི་ལྟ་བུ་ཡིན་ཅེས་ལྷ་མ་ཡིན་སྟོབས་ལྡན་གྱི་ཆེ་བ་བརྗོད་པ་ལྟར་ཅི་ཡང་མེད་པའི་སྟོང་བ་ཞིག་བདེན་པར་འཛིན། རྙིང་བ་ལྷ་དང་གསར་བ་བདུད་དུ་སེམས་བཞིན་མི་ཚེའི་ལྟ་ཚུལ་ཁྱད་པར་བ་ཞིག་ཀུན་གྱི་ཐུགས་དམ་གྱི་མཐིལ་དུ་འཛིན། མཁས་བླུན་ཡིན་མིན་ཀུན་གྱིས་རྒྱལ་པོ་གླང་དར་མའི་མགོ་ན་རྭ་འདོམ་པ་བཅོ་བརྒྱད་ཡོད་མེད་ཅིག་བརྩད་དེ་དུས་འདའ་རྒྱུར་དགའ་ཞིང་། ངན་ལམ་སྟག་སྒྲ་ཀླུ་གོང་ལས་ལྷ་ལུང་དཔལ་རྡོར་གྱི་མདེའུ་རྩེ་རྣོ་བའི་མཚར་གཏམ་དཔུང་བ་གྱེན་བསྒྲེངས་ཀྱིས་རྩོད་ཅེས་སློབ་གྲོགས་སྔ་མ་དེའི་ཚིག་རྔ་མ་རྫོགས་གོང་སློབ་གྲོགས་གཞན་ཞིག་གིས་རྗེས་མཐུད་དེ་ན་རེ། བོད་ཕྲུག་མཛངས་མི་བདུན་བྱུང་མྱོང་ཡང་གྲངས་འདྲེན་བྱེད་མཁས་པ་ཡང་ཤིན་ཏུ་དཀོན་ན། གསར་གཏོད་དང་ལུགས་འབྱེད་ལ་གོང་བཀུར་མི་བྱེད་པ་ནི། ངེད་ཅག་གི་གཤིས་ལ་སིམ་པའི་བསེ་དུག་ཡལ་རྒྱུ་མེད་པ་ཞིག་མ་ཡིན་ནམ་ཟེར། དེ་ལ་སློབ་གྲོགས་གཞན་ཞིག་གིས་ཁ་གསབ་ཀྱི་ཚུལ་དུ། ངེད་ཅག་ལ་ཡོ་རོབ་གླིང་གི་བློ་སྒོ་འབྱེད་པའི་མཁས་དབང་སྟེ། ལོ་ཁེ་དང་། ཝོལ་ཐའེ། མོན་གེ་སི་ཁེའུ་ལྟ་བུ་དབང་གསུམ་དབྱེ་འཛུགས་ཀྱི་ལྟ་བ་འདོན་མཁན་དང་། རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་ལམ་ལུགས་ཀྱི་དགེ་མཚན་བརྗོད་མཁན་མ་བྱུང་བའི་ཉེས་དམིགས་ཀྱིས། ད་ལྟ་ང་ཚོས་ད་རུང་མོ་རྩིས་གཏོ་ལུང་ལ་བརྟེན་ནས་འཇིག་རྟེན་དར་རྒུད་ལ་ལུང་བསྟན་རྒྱག་པའི་གླེན་ཚུགས་འདི་རྒྱུན་སྐྱོང་བཞིན་པ་མ་ཡིན་ནམ་ཟེར། ཚ་གཡེར་བའི་དྲི་བ་འདི་དག་གཅིག་རྗེས་གཉིས་མཐུད་དུ་བཏོན་རྗེས། སློབ་གྲོགས་མང་ཤོས་ཤིག་གིས་མོས་མཐུན་བྱུང་བའི་ཐལ་མོ་བརྡབས། རྐང་འཁྲབ་ལག་འཁྲབ་བྱས། འདི་ལྟའི་གལ་འགག་ལ་འཕྲད་དུས་སུ། ངས་ཀྱང་ལམ་སང་ཡིན་མིན་གྱི་བརྡར་ཤ་གཅོད་མི་ནུས་པས་བཏང་སྙོམས་སུ་མི་འཇོག་ཐུ་མེད་བྱུང་། སྤྱིར་ཡིན་ན་ཉམ་ཆུང་བྱིས་པ་རྣམས་ཀྱི་མདུན་དུ་དགེ་རྒན་ནི་གོང་དུ་གླེངས་པ་བཞིན། ལན་རེར་བརྩེ་བ་བླ་པའི་དམག་དཔོན་ཆེ་པོ་ཞིག་གི་བཟོ་ལྟ་ཡོད་ལ། ལན་རེར་བྱམས་སེམས་ཆེ་བའི་ཕ་མ་ཞིག་གི་སྙིང་རྗེ་དང་། ལན་རེར་ཕྱི་ཐག་རིང་བའི་ཕུ་ནུའི་བརྩེ་བ། ལན་རེར་དྲང་བདེན་དང་དཔའ་བོའི་མཚོན་བྱེད་དུའང་བཀུར་བས། དགེ་རྒན་ཞེས་གྲགས་སྐམ་རྫིག་པོ་ཆེ་དེ་ལ་བསམ་མེད་བྱིས་པ་རྣམས་ཀྱི་སྙིང་ཁོང་ན། ཅི་འདྲའི་གོ་གནས་མཐོ་བ་དགེ་རྒན་བྱས་མྱོང་བ་རྣམས་ཀྱི་སེམས་ན་ཝ་ལེར་གསལ་བས། གལ་ཏེ་དགེ་སློབ་གཉིས་ཁ་རྩོད་འདྲ་བྱེད་དགོས་ན། བདེན་ཁ་ནམ་ཡང་དགེ་རྒན་ལ་སྟེར་དགོས་པ་ནི་དཔོན་པོ་དང་གཡོག་པའི་ཁ་རྩོད་དང་འདྲ་བས། དེ་ནི་བདེན་ལུགས་ཡོད་མེད་ཀྱིས་གཞལ་ནུས་པ་ཞིག་མིན། འདི་ནི་དེང་རབས་སློབ་ཁྲིད་ཀྱིས་དགེ་རྒན་ལ་གནང་བའི་སྒེར་དབང་དང་ཁྱད་དབང་ལྟ་བུ་མིན་མོད། སྤྱི་ཚོགས་དང་དུས་རབས་འདིས་བཙན་གྱིས་བསྩལ་པའི་ཁྱད་ནོར་ཞིག་ཡིན་ཕྱིན། སློབ་གྲྭ་ཞེས་དག་གཙང་གི་འཇིག་རྟེན་འདི་ནའང་ཚང་མས་མི་མངོན་པའི་ཚུལ་དུ་བེད་སྤྱོད་བྱེད་བཞིན་མཆིས། དེར་བརྟེན་བདག་གིས་ཀྱང་སློབ་མའི་དྲི་བར་ཡིད་ཚིམས་པའི་དྲིས་ལན་གསལ་བོ་ཞིག་གདབ་མི་ཐུབ་པའི་སྐབས་ལ། མན་ངག་གཅིག་ནི་ཕ་མ་ལྟ་བུའི་རྒན་ཚུགས་དང་བཅོས་མའི་གདོང་འབག་ཅིག་གྱོན་ནས། ཁོ་ཚོར་ཡ་རབས་གུས་ལུགས་བྱེད་དགོས་པའི་བསླབ་བྱ་དང་སློབ་གསོ་གཏང་རྒྱུ་དེ་ཡིན། སྐབས་འདིར་བདག་གིས་ཀྱང་སྒམ་ཚུགས་དང་བཅས་ཏེ་ལན་འདི་ལྟར་བཏང་པའོ། །གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན་ཅེས་འབྲོམ་གྱི་མི་ཆོས་བསླབ་བྱ་ལས་གསུངས་མྱོང་ལ། དེ་ཡང་འུ་ཅག་གིས་ནམ་ཡང་མེས་པོ་ལ་ལེ་བདའ་བྱས་ཏེ་བསྡད་ན་དགོས་པ་ཅི་ཡང་མེད་དོ། །དཔེར་ན། དབུལ་པོའི་ཁྱིམ་དུ་སྐྱེས་པའི་བྱིས་པ་ཞིག་གིས་ཕ་མར་ངན་ཁག་དཀྲིས་ཏེ། ང་འདི་འདྲའི་དབུལ་ཁྱིམ་དུ་སྐྱེས་པ་ནི་ཅི་འདྲའི་ལས་ངན་པ་ཞིག་རེད་ཅང་ཞེས་འཁང་ར་བྱེད་པ་ནི་ཐ་ཤལ་གྱི་སྤྱོད་ལམ་འབའ་ཞིག་མ་ཡིན་ནམ། མདོ་མེད་བུ་ཡིས་ཕ་མའི་རུས་པ་འཆའ་ཞེས་པ་བཞིན། ང་ཚོས་འདས་དོན་ལས་བསླབ་བྱ་དང་ཉམས་མྱོང་བསགས་ཆོག་པ་ལས། ཡབ་མེས་ལ་འཁང་ར་བྱེད་དགོས་དོན་མེད་ཅེས་ངག་འཇམ་པོས་ཁ་ཏ་རེ་བྱས་ཤིང་། ཡང་མུ་མཐུད་ནས་འཁང་ར་བྱེད་པ་ལས་མ་འོངས་པའི་ཕུགས་འདུན་དང་འཆར་བཀོད་རེ་འཐེན་ན་མི་ལེགས་སམ། མེས་པོ་ལ་ངན་གཏམ་སྒྲོག་པ་ལས་རང་སྐྱོན་རང་བརྗོད་བྱས་ན་ཡ་རབས་ཤིག་གི་བྱ་སྤྱོད་མ་ཡིན་ནམ། ཆུང་དུས་ནས་ཀུན་སློང་ཡག་པོ་ཞིག་གི་དབུ་བཙུགས། རང་ཉིད་ནས་མགོ་བརྩམས། ཚང་མས་ལག་རྡང་མཉམ་དུ་སྦྲེལ། ཡིད་སེམས་གཅིག་ཏུ་མཐུན། ཤེས་རིག་གི་གོ་ཆ་སྤྲས། བསམ་པ་བཟང་བོའི་རྒྱགས་ཕྱེ་རེ་གྲབས་ཀྱིས་ལམ་དུ་ཆས་ན། རྒྱལ་ཁ་ཁྱེད་ཚོའི་ཡིན་པ་ལས་སུ་ཞིག་གིས་འཕྲོག་ནུས། དེར་བརྟེན་ངེད་ཅག་གིས་ཡབ་མེས་ཀྱིས་བདམས་ཟིན་པའི་བཤུལ་ལམ་འདི་ཕྱག་སྦལ་དང་གྲོག་རོང་ལྟ་བུར་བསམ་མི་རུང་ཞིང་། འུ་ཅག་གི་ལས་ཀ་ནི་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་པ་བྱེད་རྒྱུ་དེ་ཡིན་ཅེས་བསླབ་སྟོན་རེ་བྱེད་ཞོར་བཙན་གྱིས་སློབ་ཁྲིད་ཀྱི་གཞུང་ལ་དཀྱུས་པ་ཡིན། 

ལོ་ངོ་ཉི་ཤུ་ལྷག་གི་སློབ་ཁྲིད་ལས་ཐོབ་པའི་གདམས་པ་ཉག་གཅིག་ནི། སློབ་གྲྭའི་སློབ་ཁྲིད་ལ་རང་དབང་གི་ཁ་དབུགས་ཤིག་དང་། རྩོད་སྤོང་གི་ཁོར་ཡུག་ཅིག ཕན་ཚུན་ལ་དགག་བཞག་སྤྲོ་བ་དང་དྲི་བ་དྲིས་ལན་གྱིས་ཁེངས་པའི་རིག་གཞུང་ཟབ་མོའི་བགྲོ་གླེང་བྱེད་ས་ཞིག གཞན་ཡང་རང་གཤིས་འབུར་འཇོམས་མི་བྱེད་པ་དང་མི་གཞི་ཐ་ཤལ་དུ་མི་གཏོང་བའི་མཁའ་དབྱིངས་གཙང་མ་ཞིག་ནི། གཙང་ཆབ་སྔོན་མོ་ཇི་བཞིན་ཤེས་རིག་གི་སྐྱེད་ཚལ་འདིར་མཁོ་བའི་མྱོང་བ་ནི་ལོ་རེར་བསྡད་ཀྱིན་ཇེ་ཟབ་ནས་ཇེ་ཟབ་རེད། གང་ལྟར་བདག་གི་དྲན་ཕྱོགས་འདི་འགྲིག་མིན་ཇི་ལྟར་ཡིན་རུང་། ངས་སློབ་ཁྲིད་མ་བྱས་པའི་སྔོན་ལ་སྔོན་འགྲོའི་གཏམ་གྱི་གླེང་གཞི་རེ་བསླངས་ཏེ། དགེ་སློབ་ཕན་ཚུན་ཤགས་འགྱེད་ཞོར་སློབ་ཁྲིད་ཀྱི་གཞུང་ལ་འཇུག་པའི་སྲོལ་འདི་རྒྱུན་བསྐྱངས་པ་ཡིན་ལ། ཞོར་ཟས་ལྟ་བུའི་བརྒྱུད་རིམ་འདིར་སེམས་ཅན་ཚང་མ་ཡིད་འཐད་འབྱུང་དཀའ་ནའང་། ང་དེ་ལ་སྤྲོ་བ་ཡིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།