གྲགས་འབུམ་གྱི་ལག་པ་དང་མྱ་ངན་ལས་འདས་ཞེས་པའི་སྒྲུང་ཐུང་གཉིས། སེང་རྡོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གྲགས་འབུམ་གྱི་ལག་པ་དང་གཞན་དག

ལྷ་རྣམས་ལ་རང་རང་གི་ཕྱག་རྒྱ་དང་བཞུགས་སྟངས་ཡོད་པ་བཞིན་དུ། ནན་ཏན་གྱིས་བརྟགས་ན། མི་སོ་སོར་ཡང་ལོབས་ཕྱོགས་ཀྱིས་ཆགས་པའི་སྤྱོད་ལམ་འདྲ་མིན་སྣ་ཚོགས་ཤིག་འདུག དཔེར་ན། གྲགས་འབུམ་གྱི་ཁ་ལག་གཉིས་པོའི་ལན་པ་ལྟ་བུ་རེད།

གྲགས་འབུམ་གྱིས་གཞུང་ཞབས་པར་རྒྱུགས་འཕྲོད་པའི་ཕྱི་ལོ་དེར་འབྲོག་ཕྱོགས་སུ་དུས་ཐུང་ཞིག་ལ་བྱ་བ་བསྒྲུབས། ཁོ་ནམ་སྨད་ཅིག་ལ་བྱིས་པ་བཙས་ནས་ཡུན་རིང་འགོར་མེད་པའི་འབྲོག་མོ་ཞིག་གི་རུམ་ལ་འཛུལ། སྔོན་ཐོན་ཡིན་མདོག་གིས་ཁོ་མོའི་འོ་འཛིན་ལ་མཆུ་ཡིས་ཡང་ཡང་གཏུགས།

“ཅི་རེད། ཁྱོད་ལྟོགས་པ་ཡིན་ནམ། ང་ཡར་ལང་ལ་ལྡུར་འཕྲོ་བསྲོ་ཡ།” མོས་གཟབ་ནན་གྱིས་དྲིས།

“ཧེ་ཧེ། ང་ལ་འོ་སྐོམ་སྐྱེས་པ་མིན་ཡ།”

“འོ་ན… …” མོས་སྔར་བཞིན་གཟབ་ནན་གྱིས་དྲིས།

“ཨ་ཡ། འབྲོག་མོ་འདི་ཚོ་ངོ་མ་ལན་ཆགས་རེད།”

དེ་ནས་བཟུང་ཁ་དགོད་བཤད་རྒྱུར་དགའ་བའི་འབྲོག་པ་ཚོས“གྲགས་འབུམ་འོ་དགའ”ཞེས་མཚང་མིང་ཞིག་བཏགས།

གྲགས་འབུམ་གྱིས་ང་ལ་བཞག་པའི་བག་ཆགས་སྡུག་ཤོས་ནི། ཁོས་ནམ་ཁོམ་ལ་རང་གི་སྲིན་མཛུབ་དང་མཐེའུ་ཆུང་གང་རུང་སོ་བར་ནས་ལྡད་ཙམ་བྱེད་པ། འཇིབ་ཙམ་བྱེད་པ། དམུར་ཙམ་བྱེད་པ་སོགས་ཡིན། སྐབས་རེར་ཁོས་ཅི་མི་སྙམ་པར་མཐེའུ་ཆུང་སྣ་ཁུང་དུ་གཏོང་། སྣབས་སམ་ཅི་ཞིག་བསལ་ཏེ་འབྲད། དེ་ནས་ཉམས་སྣང་མེད་པར་མཐེའུ་ཆུང་ཁ་ནང་དུའང་འཇོག གོམས་པའི་ཤུགས་ཤིག་གིས་མཛུབ་སྣེ་རྙོག་རྙོག་ཏུ་འཇིབ་ཅིང་ལྡག་པས། ངས“དེ་གོམས་གཤིས་ཡག་པོ་ཞིག་ངེས་ངེས་མ་རེད”ཅེས་གསལ་འདེབས་བྱས་མྱོང་མོད། ཁོས“བཀའ་འགྱུར། རང་དབང་ལ་མི་ཡོང་གི”ཟེར།

གྲགས་འབུམ་སློབ་ཆུང་ན་ཡོད་དུས་ཀྱང་སེན་ཁ་སྤྱད་ནས་གྱང་ངོས་སོགས་སུ་ཅི་ཡང་མིན་པ་རེ་འབྲི་བའི་ངན་གོམས་ཡོད་སྐད། ཐེངས་ཤིག་ལ། ཁོས་ལག་པ་ཡ་གཅིག་གི་གོང་མཛུབ་དང་དཀྱིལ་མཛུབ་གཉིས་ཀྱི་བར་དུ་མཐེ་བོང་འཇུར་དུ་བཅུག་པས། དགེ་རྒན་གྱིས་གཅར་རྡུང་བྱས་ཤིང“ངོ་ཚ་རྒྱུ་མེད་པ”ཞེས་གཤེ་གཤེ་བཏང་སྐད། དགེ་རྒན་ལའང་ཁག་མེད་དེ། ཕྱག་རྒྱ་མིན་ཀྱང་ལག་བརྡ་ཡིན་དགོས་པའི་རྣམ་པ་དེར། འབྲོག་པ་ཚོས་བུད་མེད་ཀྱི་བྷ་གའི་དོད་ཚང་ཞེས་དགོད་པས་སོ།།

“འོ་དགའ”བཏགས་རྗེས་ཁོས་འབྲོག་མོ་ཚོ་སྔོན་ཐོན་མ་རེད་ཟེར་ནས་གྲོང་ཁྱེར་གྱི་བུད་མེད་ཅིག་བཙལ། ཆང་གིས་ར་བད་པའི་དགོང་མོ་ཞིག་ལ་ཁོས་བུད་མེད་དེའི་སྲིད་ལམ་དུ་མཛུབ་མོ་གཉིས་དྲངས་ཏེ་གཉིད་ལ་ཤོར། བུད་མེད་དེས་ཀྱང་ཁོ་རང་གཉིད་ལས་མ་བསླངས། གལ་ཏེ་ཁོ་གཉིད་ལས་བསླང་ན་ཁ་ལག་གཉིས་ཀྱི་འཁྲབ་སྟོན་དེ་བས་ཀྱང་མང་བ་ཞིག་ཡོད་པས་སོ།། ཞོགས་པར་མཛུབ་མོ་གཉིས་ཕྱིར་བླངས་པ་ན་ཤ་དྲོད་ཀྱིས་ཚོས་ཏེ་དཀར་པོར་གྱུར་འདུག་ཅིང་། དྲི་ང་བ་ཞིག་ཀྱང་མཆེད་ཀྱིན་ཡོད་སྐད།

ཉིན་འགའི་རྗེས་སུ། འདི་སྐད་མོལ། 

“ཁྱི་རྒན། ཁྱོད་ཀྱིས་ལག་པ་མ་བཀྲུས་པར་དེ་འདྲ་བྱས་དྲགས་པས། ང་ལ་མཚན་མའི་གཉན་ཁ་རྒྱས་སོང་། ཕྱིན་ཆད་དེ་འདྲ་བྱེད་མི་ཆོག”

“ཁྱི་རྒན་མ། ངའི་མཛུབ་མོའི་སྟེང་གི་དྲི་ང་བ་དེ་ཡང་ཡལ་རྒྱུ་མི་འདུག”

ཇ་ཁ་ཆང་ཁའི་སྐད་ཆ་ལ་མཚོན་ན། དོན་ལ་གནས་མི་གནས་སྣ་ཚོགས་པ་ཡིན་ཅིང་། དོན་ལ་མི་གནས་པའི་ཆ་དེར་འབྲོག་པ་ཚོས“བཤད་བྲུག་འཕུད་པ”ཡང་ཟེར། མི་གོ་རྒྱུ་ཡང་མེད་དེ། བཤད་པ་ཐལ་དྲགས་ནས་ཆུ་བོ་ལྟར་དུ་བྲུག་པའི་དོན་རེད།  གྲང་ངར་བཟོད་དཀའ་བའི་དགུན་ཁ་ཞིག་ལ། གྲགས་འབུམ་གྱིས་རླངས་འཁོར་གོང་ཆེན་ཞིག་ཉོས་ནས་སྲང་ལམ་དུ་ཐོན། ཁོ་དང་འབྲེལ་བ་ལེགས་པ་ཚོས་ཤོག་སྦག་བཀད། དར་ལིང་འཐེན། མདོར་ན་རྟེན་འབྲེལ་ཞུས་སོ།། 

འོན་ཀྱང་སྡེ་མི་ལ་ལ་དེ་ཙམ་མི་དགའ་བར་གྱུར། དེའི་སྟབས་ཀྱིས་རླངས་འཁོར་དེ་ལག་བརྒྱུད་རེད་ཟེར་མཁན་དང་། གཏའ་འཁོར་རེད་ཟེར་མཁན་དང་། ཞིབ་ཏུ་བལྟས་ན་རྐྱལ་བ་བཞི་བོ་ཐེད་ལ་ཉེ་ཟེར་མཁན་སོགས་བརྩིས་པས་མི་ཚར་བ་བྱུང་། ཁྱོད་ཀྱིས་བཤད་བྲུག་ཅེས་པ་འདི་ཙམ་རེད་མ་འདོད་ཨང་། 

ཁྲོ་ལོ་ན་རེ། ད་ལོར་གྲགས་འབུམ་གྱིས་ལག་པ་ནད་པར་གྱུར་ཡོད་ཁོ་ཐག་ཡིན་ཟེར། ངས་ཧ་མ་གོ་བར་ཞིབ་ཏུ་དྲིས་པས། ཁྲོ་ལོས་སྣ་དགོད་བྱེད་བཞིན། གྲགས་འབུམ་གྱིས་རླངས་འཁོར་གོང་ཆེན་དེའི་བདག་པོ་རང་ཉིད་ཡིན་པ་ཤེས་ཆེད་ཤེལ་སྒོ་སྔོན་མ་གཉིས་གཏན་ནས་བརྒྱབ་མྱོང་མེད་ཚུལ་དང་། ཁོའི་གསེར་གྱི་མཛུབ་དཀྲིས་ཆེ་ཞིང་མཐུག་པ་དེ་སྟོན་ཆེད་ལག་པ་ཡ་གཅིག་སྒེའུ་ཁུང་ཕྱི་རོལ་དུ་བསྲིངས་བསྲིངས་སུ་དགུན་ཟླ་ཧྲིལ་པོ་བསྐྱལ་སོང་ཟེར། འདི་ནི་ད་གཟོད་བཤད་བྲུག་ཅེས་པའི་ཆ་གཅིག་ཙམ་རེད་ཨང་། 

སྟག་སྐྱིད་སོགས་ཀྱི་ངག་ལ་གཞི་བཅོལ་ན་འདི་ལྟ་སྟེ། གྲགས་འབུམ་གྱིས་་རླངས་འཁོར་དེ་ཁོའི་ཨ་ཕའི་ལག་གི་གཟི་ཞིག་གིས་ཉོས་པ་རེད་ཟེར། འདི་ནི་བསམ་གྱིས་མི་ཁྱབ་པའི་བཤད་བྲུག་གཞན་ཞིག་ཡིན་པས། རྣམ་ཤེས་མ་བསྒྲིམ་ན་རྟོགས་ཀྱང་མི་ཐུབ་ཡ། དེ་ཡང་གྲགས་འབུམ་གྱི་ཨ་ཕ་ནི་ས་འདིའི་ལས་བྱེད་མཐོ་གྲས་ཤིག་ཡིན་ལ། ལས་གཞི་མང་པོའི་དབང་ཆ་ལ་ཁ་ལོ་སྒྱུར་གྱིན་ཡོད་པས། ཚོང་པ་ཚོ་ཁོ་ལ་སྙིང་ནས་དད་ཅིང་དགའ། ཐེངས་ཤིག་ཚོང་པ་ཞིག་གིས་ཁྲོམ་ར་ནས་སྒོར་ཁྲི་སུམ་བརྒྱ་བྱིན་ནས་གཟི་དག་མ་ཞིག་ཉོས། དེའི་འཕྲོར་གཟི་དེ་གྲགས་འབུམ་གྱི་ཨ་ཕར་བསྟན་ནས“གཟི་འདི་ཤིན་ཏུ་གོང་ཆུང་ཞིག་ཡིན་མོད། ཁྱེད་ཚང་གི་འཕྲུལ་རྟ་དེ་ལ་བརྗེ་ཨེ་ཆོག”ཅེས་དྲིས་སྐད། ཚོང་སྐད་མང་པོས་སྦྲེལ་རྗེས་གྲགས་འབུམ་གྱི་ཨ་ཕས་འཐད་མི་འཐད་ཅིག་གིས་འཕྲུལ་རྟ་ཆག་རོ་དེ་ཕར་གཏད་ཅིང་། གཟི་དག་མ་དེ་ཚུར་བླངས་ཤིང་དེའི་ཕྱི་ཉིན་ཁྲོམ་ར་གཞན་ཞིག་ཏུ་ཕྱིན་ཏེ་སྒོར་ཁྲི་ཉིས་བརྒྱ་ལྷག་ལ་བརྗེས་སོང་ཟེར། ཚུལ་འདི་ལྟ་བུ་ལ་འབྲོག་པ་ཚོས། བཙོང་ཟེར་ན་གསེར་ལ་གོང་མེད།། ཉོ་ཟེར་ན་ཁྱི་ཤར་གོང་ཆེ།། ཞེས་ཀྱང་ལབ་ཡོང་།

གང་ལྟར། བྱུང་རིམ་འདིའི་ཤུགས་སུ་ཅི་ཞིག་སྟོན་གྱིན་ཡོད་པ་རེད་ཟེར་ན། རྒྱུ་ཟ་ས་མི་འགྲོ་བའི་དུས་ཀྱི་ཟ་སྟངས་ཁྱད་པར་བ་ཞིག་རྗོད་ཀྱིན་ཡོད་པ་རེད། བཤད་བྲུག་ཏུ་དེ་ཙམ་མི་འགྲོ་བ་ཞིག་ནི། གྲགས་འབུམ་གྱི་རླངས་འཁོར་གཟི་རིན་མ་དེ་སྲང་ལམ་འདིའི་སེར་རྩི་བསྐུས་ཡོད་པའི་ལམ་ཐིག་དག་ཏུ་རྟག་པར་མཐོང་ཡོང་། ལམ་ཐིག་ཏུ་སེར་རྩི་བསྐུས་པ་ནི་རླངས་འཁོར་བསྡད་མི་ཆོག་པའི་རྟགས་ཤིག་ཡིན་མོད། གྲགས་འབུམ་གྱིས་གཟས་ནས་སྒྲིག་ལམ་དེར་སྣང་མེད་བྱེད་ཀྱིན་ཡོད། དེ་བས་ནམ་རྒྱུན་ཁོའི་རླངས་འཁོར་ནི་མིག་རྒྱག་དང་བཅས་མཐོང་ཡོང་། དེ་དེ་ལྟར་མིག་རྒྱག་ཆེ་དོན་ཡང་ཁོའི་རླངས་འཁོར་མ་གཏོགས་པའི་གཞན་དག་དེ་རུ་འཇོག་མི་ཕོད་པས་སོ།། 

གྲགས་འབུམ་གྱིས་ནི་ཆད་པའི་སྒོར་མོ་ཉིས་བརྒྱ་རེ་སྟེར་བར་ཅི་ཡང་མི་སྙམ་པ་འདྲ། ད་བལྟས་ཡོང་ན། འདི་ཡང་བཤད་བྲུག་ཅིག་ཡིན་པ་འདྲ། སུས་ཤེས་ཨང་། 

ལྟོས་དང་། དེ་རིང་ཡང་ཤར་མདོའི་ལམ་ཐིག་སེར་པོ་དེའི་གཞི་དཀྱིལ་དུ། གྲགས་འབུམ་གྱི་རླངས་འཁོར་དམར་པོ་འདམ་ཤན་མ་དེ་སྟོད་བསེགས་སྨད་ཡོ་ཞིག་གིས་བཞག་འདུག བཤད་བྲུག་ནི་ཡོངས་སུ་བདེན་པ་ཞིག་མིན་ཁར། ཕྱེད་ཙམ་བདེན་པའི་ངེས་པའང་ག་ལ་ཡོད་ཀྱང་། འབྲོག་པ་ཚོས་ནི“རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད”ཅེས་བཤད་བྲུག་ལའང་ཆ་འཇོག་ཏོག་ཙམ་བྱེད་ཀྱིན་ཡོད་ལ། སྤྱན་དེའི་ནང་ཤེད་དུ་གྲགས་འབུམ་གྱི་ལག་པ་ཡང་ཧྲིལ་གྱིས་ཤར་ཡོད་ཚོད།

མྱ་ངན་ལས་འདས།

ས་སྲོས་ཀྱི་དམར་མདངས་རི་རྩེ་དག་ལ་ཁྲག་ལྟར་བྲན་པའི་ཡུལ་ཁམས་ཤིག་ཏུ། འབྲོག་ཁྱི་སྟག་འདྲ་བ་ལྔ་དྲུག་ཅིག་གིས་ཁ་རླངས་སྐྱ་ཆིལ་ཆིལ་གྱིས་བུ་མོ་གཞོན་ནུ་མ་ཞིག་གི་རྗེས་སུ་རིང་འདེད་དང་ཐུང་འདེད་བྱེད། 

མིག་ལྤགས་རླུགས་ཏེ་ལམ་ཡང་མི་རིག་པའི་ཁྱི་གཞན་ཞིག་གིས་རུས་པ་དཀར་སངས་ཤིག་འཆའ་ཞིང་ལྡད། འདི་ནི་དོན་དངོས་མིན་པར་རི་མོ་སྟེ། ཞིབ་ཏུ་རེག་ཚེ་ད་དུང་ཚོན་ཆུ་ཡང་བསྲད་མི་འདུག་ཅིང་། ཐད་ཀར་བཤད་ན། འདི་ནི་སྐར་མ་སྐྱིད་ཀྱི་བརྩམས་ཆོས་གསར་ཤོས་སོ།། 

སྐར་མ་སྐྱིད་ནི། ཁྱི་ལ་ཞིབ་འཇུག་བྱེད་མཁན་ཡིན་པས། ཁོ་མོ་ཁྱི་ཉམས་རི་མོར་འབྲི་བ་དང་། ཁྱི་གཟུགས་པར་དུ་ལེན་པར་ཧ་ཅང་དགའ། ཡིན་ནའང་ཚེ་རིང་ཉི་མ་སོགས་ཀྱིས་སྐར་མ་སྐྱིད་ལ་མཚང་མིང་ཞིག་བཏགས་ཡོད། “ཁྱི་མོ”ཞེས་པའོ།།

མིང་འདི་ཐོགས་དོན་ནི་མོའི་ཆེད་ལས་དང་འབྲེལ་བ་མེད་པར་མོའི་དགའ་ཕྱོགས་དང་འབྲེལ་བ་ཡོད་པ་འདྲ། ཅི་ལ་ཞེ་ན། མོ་རང་ཕོ་མོ་མཐུན་འཇུག་གི་ལས་ལ་ཡང་ཙམ་དང་སྲེད་ཙམ་ཡོད་པས་ཏེ། འབྲོག་པ་ཚོས་བུད་མེད་ལུས་མི་ཐུབ་པའི་རིགས་ལ་གནའ་ཞིག་ནས་ཀྱང“ཁྱི་མོ”ཞེས་འབོད་དཔེ། 

འབྲོག་པར་རྒྱུས་ཡོད་ཤོས་ནི་ཁྱི་རང་ཡིན་པས། “ཁྱི་མོ་གཅིག་གིས་ཁྱི་ཕོ་བཅུ་གྲངས་རེ་དང་དུ་ལེན”ཞེས་པ་བདེན་ཡང་སྲིད། འོན་ཀྱང་ངས་བསམས་ན། སྐར་མ་སྐྱིད་ཀྱི་དགའ་ཕྱོགས་དེ་དགའ་ཕྱོགས་རྐྱང་བ་ཞིག་ཀྱང་མིན་པར་ཁོ་མོའི་ཆུང་དུས་ཀྱི་སློབ་གསོ་ལའང་ཐུག་ཡོད་པར་སེམས། མོ་རང་ནུབ་ཕྱོགས་ནས་འཚར་ལོངས་བྱུང་ཞིང་ནུབ་ལུགས་ཀྱི་བག་ཆགས་མཐུག་ཙམ་མཆིས་པས་སོ།། 

ནུབ་ཀྱི་འདོད་པ་རྒྱ་ཡན་དེ་སོགས་ལ་རིག་གཞུང་གི་རྒྱབ་རྩ་ཡང་ཡོད་པར་གྲགས། དུས་རབས་གོང་མ་གོང་མ་ཞིག་གི་སྐབས་ལ་སྨན་པ་གྲགས་ཅན་ཞིག་གིས“འཁྲེང་མདུད”ཅེས་པའི་ཐོག་ནས་མ་བུའི་བར་དུའང་འདོད་ཞེན་རིགས་ཤིག་གབ་སྦས་སུ་ཡོད་ལུགས་རྩལ་འདོན་བྱས་མྱོང་ཟེར། གཅིག་ཏུ་ན། ལྟ་གྲུབ་དེ་འདྲའི་ཤུགས་རྐྱེན་ལ་བརྟེན་ནས་ཀྱང“ནུབ་ཀྱི་བུ་མོ་ཁུ་བ་འཐུང་མ”སོགས་བྱུང་བ་ཡིན་ལས་ཆེ་ཨང་། གང་ལྟར་ངས་བལྟས་ན། ང་ཚོས་སྐར་མ་སྐྱིད་ལ“ཁྱི་མོ”ཞེས་བཤུང་དགོས་དོན་ཅི་ཡང་མི་འདུག་འདོད།

གོང་གི་རི་མོ་དེ་ནི། སྐར་མ་སྐྱིད་ཁམས་ཀྱི“ཁྱི་ལུང”ཞེས་པར་སོང་སྟེ་ཕྱིར་ཐོན་མ་ཐག་བྲིས་ཤིང་། མཚོན་དོན་ཤིན་ཏུ་མང་བའི་བརྩམས་ཆོས་ཤིག་ཀྱང་ཡིན་ཟེར།

སྐར་མ་སྐྱིད་ཀྱིས་ང་ལ“ཁྱི་ལུང”གི་སྐོར་ནས་ཞིབ་ཏུ་མོལ་མྱོང་མོད། ངས་ཕལ་མོ་ཆེ་ཞིག་བརྗེད་ཟིན། མཁན་པོ་ཆོས་ཀྱི་བདུད་རྩི་ཟེར་བས་ཁྱི་ལྡོམ་དག་གི་ལྟོགས་སྐོམ་ལ་མ་བཟོད་ནས་ཐུགས་སྙིང་རྗེ་ཆེན་པོས་ཁྱི་ལྡོམ་ཡོད་ཚད་མཉམ་དུ་བསྡུས་ཏེ་ལུང་པ་ཞིག་ཏུ་བསྐོངས། ཁོང་སྐུ་ངོ་མས་ཁྱི་ལྟོ་ཡང་བླུད་ཅིང་། ཁྱི་རྣམས་ཀྱིས་གཞན་ལ་མི་འཚེ་བའི་ཆེད་དུ་ལུང་པའི་མཐའ་རུ་ལྕགས་རི་མཐོ་ལ་བརྩན་པའང་བཟོས། ཁྱི་དང་ཁྱི་མོ་འདུས་པ་ལས་ཁྱི་ཕྲུག་ཀྱང་གྲངས་མེད་འཕེལ་བས། མཁན་པོའི་འགན་འཁུར་ལྕི་ནས་ལྕི་རུ་གྱུར་ཅིང་། ཁོང་གིས“ཁྱི་གསོ་བ་འདི་འཚང་རྒྱ་བ་ལས་དཀའ་བ་འདྲ”ཞེས་ཐུགས་ཞུམ་པའི་གསུང་ངག་ཡང་ཡང་ཤོར་སྐད།

དེ་ཡང་གླགས་ཤིག་ལ་བསྟུན་ནས་རྐུན་ཇག་འགའ་ཞིག་གིས་སྐས་ལ་བརྟེན་ནས་ལྕགས་རི་བརྒལ། སྦྲིད་སྨན་བྱིན་ནས་ཁྱི་ཆེན་ཉི་ཤུ་ལྷག་བརྐུས་ཤིང་ནང་ལོགས་སུ་བཙོང་། དེ་ལ་མཁན་པོས“མི་ལ་ངོ་ཚ་མེད་ན་ཁྱི་རེད”ཅེས་ཚིག་རྩུབ་ཐོག་མ་གསུངས་ཤིང་། དེ་མ་ཐག་ཕྱིར་བཅོས་ཀྱི་ཆོ་གས་འགྱོད་ཚངས་ཀྱང་བྱས་སོ།། 

སྟོན་ལོ་ཤག་ཤག་ཏུ་འབབ་པའི་ཕྱི་དྲོ་ཞིག་ལ། སེམས་ཅན་གྱི་བསོད་ནམས་ཀྱིས་མ་ཐེག་པའམ་རྐྱེན་ཅི་རིགས་པའི་དབང་གིས། མཁན་པོ་ཆོས་ཀྱི་བདུད་རྩི་ལ་ཁྱི་ནད་ཕོག་པའི་ཚུལ་གྱིས་སྐུ་མྱ་ངན་ལས་འདས། དེ་ནས་བཟུང་ཁྱི་རྣམས་ལ་ཁྱི་ལྟོ་རྨང་ནས་ཆད། ཁྱི་ཚོ་བཀྲེན་དྲགས་པའི་དབང་གིས་ཕན་ཚུན་ཟ་རེས་བྱས། དེ་བས། བརླ་ཡ་མེད་པའི་ཁྱི་དང་། སོག་པ་རུལ་བའི་ཁྱི། རྒྱུ་མ་ཐང་ལ་འདྲུད་པའི་ཁྱི་སོགས་ཇེ་མང་ནས་ཇེ་མང་དུ་གྱུར། རྔ་མ་མེད་པའི་ཁྱི་ཡང་མང་བས་འབྲོག་པ་ཚོས“ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན”ཞེས་ལྷག་ཏུ་འཛེམས། 

སྐབས་ཤིག་ལ། མཁན་པོའི་སློབ་ཕྲུག་དགེ་བཟང་ཞེས་པས་མཁན་པོའི་མགོ་རྣ་དང་ལ་རྒྱ་ལ་བསམས་ཏེ་སོ་སོར་ཅི་ཡོད་ཀྱི་རྩམ་པ་དང་བག་ཕྱེ་ཁྱི་ལྟོ་རུ་བཅོས་ཤིང་འགྱིག་ཟོ་སྔོན་པོ་ཞིག་ཏུ་བཅུག དེ་ལ་ཐག་པས་དྲིལ་ཏེ་རྒྱབ་ལ་ཁུར། མ་ཎི་དབྱངས་ལ་གྱེར་བཞིན་ཁྱི་ལུང་གི་ལྕགས་རིར་བརྟོལ། འོན་ཀྱང་ཁྱི་ལྟོའི་ཁ་གཅོད་ཙམ་ཡང་ལེན་དབང་མ་བྱིན་པར་ཁྱི་ཚོགས་ཀྱིས་དགེ་བཟང་ཁྱུར་མིད་དུ་ཟོས། ཤུལ་དུ་ལུས་པ་ནི་ཕྲེང་བ་ཐར་ཐོར་དང་། གཟན་ཤམ་གྱི་ཚལ་བུ་དམ་དུམ་མོ།། དེ་ལའང་འབྲོག་པ་ཚོས“ཁྱི་ནི་ངོ་མ་ཁྱི་རེད”ཅེས་དང“ཁྱི་དང་དཔོན་པོར་བློ་མ་གཏོད་ཅེས་པ་བདེན་པ་རེད”ཟེར་ནས་མགོ་བོ་འཕྲེད་དུ་གཡུག་གིན་ཡོད་སྐད།འབྲོག་པ་རྣམས་ལ་ཁག་ཀྱང་མི་འདུག་སྟེ། ཁྱི་མོ་ཞིག་གིས་བཙས་མ་ཐག་པའི་རང་གི་ཁྱི་ཕྲུག་ཀྱང་ཞིམ་མདོག་ཁ་པོས་ཟོས་ཞེས་ཐོས་སོ།། 

སྐར་མ་སྐྱིད་ཀྱིས་ང་ལ“ཁྱི་ལུང”གི་ཕྱོགས་ནས་འདི་ལས་ཀྱང་མང་བ་ཞིག་སྤྲོས་ཡོད་པ་ནི་གདོན་མི་ཟ་མོད། དུས་དེར་ངའི་རོ་ཏན་ཏན་ར་བཟི་ཡོད་པས། སྒྲོས་འདི་ཙམ་ལའང་ཆད་ལྷག་བྱུང་ཡོད་པ་ཁོ་ཐག་ཡིན།

ད་ཚོད་སྐར་མ་སྐྱིད་ལ་ཆམ་པ་ཛ་དྲག་ཅན་དེ་ཕོག་ནས་གྲང་འདར་རྒྱག་གིན་འདུག་ཅིང་། མོ་ན་རེ། “ན་ཟུག་ཆེ་དྲགས་ཏེ་རུས་ཚིགས་བར་དུ་གྲིས་རྒྱག་གིན་ཡོད་པ་ལྟ་བུ་ཞིག་རེད”ཟེར། ངས་བསྟན་བཤིག་ཚ་པོས“ཁྱོད་ཀྱི་རུས་ཚིགས་བར་ལ་གྲིས་བརྒྱབ་མྱོང་ངམ”ཞེས་ལབ་པ་ན། མོ་དགོད་ཞོར་དུ“ཁྱོད་འདི་ད། ང་ལ་ཁ་སང་ནང་བཞིན་ཕར་ཕྱིན་གྱི་སྐོར་ཞིག་ཤོད་དང”ཞེས་ནན་གྱིས་བསྐུལ། ངས་ཁོ་མོར“ཡུམ་སྲས་བཅུ་བདུན་གྱི་སྐོར་བཤད་ན་ཇི་འདྲ་རེད”ཅེས་དྲིས་པར། མོས“དེ་ནི་བུད་མེད་བྱིས་པ་མང་པོ་ཅན་ཞིག་གི་གཏམ་རྒྱུད་ཨེ་རེད”ཅེས་ཤེས་བཞིན་དུ་སྙད་རྐོ་བར་བྱེད།

ཚེ་རིང་ཉི་མ་སོགས་ཀྱིས་རྟག་པར“སྐར་མ་སྐྱིད་ནི‘འཐེན་ན་ཆོག’པའི་བུད་མེད་ཀྱི་གྲས་རེད། ཁྱི་མོ་དེ”ཞེས་ལབ་རྐྱང་བྱེད་མོད། ངའི་སྣང་བ་ཞིག་ལ“ཁྱི་མོ”ཡིན་པ་སྒྲུབ་བྱེད་དུ་གང་དེས“ཁྱི་ཕོ”མང་པོ་དང་དུ་བླངས་པ་ནས་བརྗོད་དགོས་པས་ན། ཁྱི་ཡིན་པ་འདྲ་འདྲ་རེད་ཨང་སྙམ་ཁར།  ང་རང་ཉིད་ཀྱང་མི་རིང་བར་ཁྱི་རུ་འགྱུར་རམ་མི་འགྱུར་ཞེས་སོམ་ཉིར་ཚུད།

ད་ཆར། དོན་དངོས་ཀྱི་རི་རྩེའི་དམར་མདངས་ཀྱང་ཧྲིལ་གྱིས་ཟད་ནས་ས་གཞི་ཕལ་ཆེར་སྨག་གིས་ཟིན་ལ། སྐར་མ་སྣ་ཚོགས་ཤར་བྱུང་བ་དང་ལྷན་དུ། སྐར་མ་སྐྱིད་ཀྱིས་ཉལ་ཐུལ་མགོ་ལ་འཐེན་ཙམ་གྱིས“མཁན་པོ་ཆོས་ཀྱི་བདུད་རྩི་ཚང་ལ་སྡོམ་པ་ཡོད་སྲིད་དམ”ཟེར། ངས་དེའི་ལན་དུ་བོད་མཁས་པའི་གསུང་གི“སྔོན་པོ་ཏོག”དང་། མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང་། །གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ། །ཡལ་འདབ་ལྔ་པའང་ངལ་བར་བྱས་མིན་པར། །དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ། །ཞེས་པ་སོགས་ལུང་དུ་དྲངས་ཤིང་། མེ་ཏོག་ལམ་ནི་ཁྱོད་ཀྱི་ལུས་སྟེང་ན་ཡོད་ཅིང་། གཞོན་ནུའི་བརླ་ཡི་འཁྲི་ཤིང་གིས་ནི་གྲྭ་རྟ་དང་། ཡལ་འདབ་ལྔ་པས་ནི་ལག་གཡེམ་བསྟན་ཏོ་ཞེས་རགས་ཙམ་བཀྲལ།

མཐར། ངས་ཁྱི་ངན་ཞིག་གི་ཟོལ་གྱིས་མོ་རང་བསྲུངས་ཏེ་ནམ་ཡང་གསལ་སློང་བྱས་སོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།