ཟླ5པའི་ཚེས30ཉིན། "མདོག་གསུམ་པདྨའི"སྐབས་བརྒྱད་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་སྟོན་མཚོ་སྔོན་ཞིང་ཆེན་རྨར་ཁོག་ནགས་ལས་ཅུས་སུ་གཟབ་རྒྱས་ངང་འཚོགས་པ་དང་། སྐབས་འདིའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་སྟོན་མགོ་ཚུགས་མཛད་སྒོའི་སྟེང་ཐོན་ལས་ཁེ་སྤོགས་བགོ་བཤའ་རྒྱབ་པ་དང་རིག་རྩལ་འཁྲབ་སྟོན་བྱས་པ། གངས་ལྗོངས་བོད་ཇ་འཐུ་བ་དང་བརྔོ་བའི་འཇོན་ནུས་འགྲན་བསྡུར་བྱས་པ། བྱ་དགའ་སྤྲོད་པའི་མཛད་སྒོ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ། རྫོང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཡུང་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བཀྲ་ཤིས་དོན་གྲུབ། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས། རྨར་ཁོག་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཝང་ཁྲེན་སོགས་མགོ་ཁྲིད་སྐུ་མགྲོན་རྣམས་བྱེད་སྒོར་ཞུགས་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་གསལ་ཆུང་གིས་བྱེད་སྒོ་ལ་མགོ་འཛིན་མཛད། རྫོང་གཞོན་པ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་དང་། ཡུལ་ཚོ་དང་གྲོང་རྡལ་ཁག རྫོང་ཨུའི་པུའུ་ཨུའི་ཁག རྫོང་སྲིད་གཞུང་གི་ལས་ཁུངས་ཁག མང་ཚོགས་ཚོགས་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྨར་ཁོག་ནགས་ལས་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། དེ་བཞིན་དྷི་མདའ་ཡུལ་ཚོའི་འབྲོག་པ་མང་ཚོགས་སོགས་མཉམ་དུ་བྱེད་སྒོའི་ནང་ཞུགས།

མགོ་ཚུགས་མཛད་སྒོའི་སྟེང་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་ཤིས་ཚིག་ཁྲོད་བསྟན་དོན། པདྨ་རྫོང་ནི་གཙང་གསུམ་འགོ་ཁུངས་ཀྱི་ལྟེ་བའི་དབུས་ཁུལ་དུ་གནས་ཤིང་། དམར་མདོག་གཞི་རྒྱུ་འཛིན་སྐྱོང་དང་། གསེར་མདོག་རིག་གནས་ཀྱི་རྫོང་མཐུག་པ། ལྗང་མདོག་སྐྱེ་ཁམས་ཕུན་སུམ་ཚོགས་པ་བཅས་ཀྱི་ཐུན་མིན་ཁྱད་ཆོས་དང་སྤུས་ཚད་ལེགས་པའི་གངས་ལྗོངས་བོད་ཇ་གསོ་སྐྱོང་བྱས་ཡོད་ལ། དེར་དམངས་སྲོལ་རིག་གནས་གཏིང་ཟབ་པ་དང་སྤུས་ལེགས་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན་པས། དེ་ནི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཤིག་ཡིན་ལ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ས་གནས་ཀྱི་ཐོན་ལས་ལེགས་ཤོས་དེ་ཡང་ཡིན། ཉེ་བའི་ལོ་ཤས་རིང་། པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཇའི་རིག་གནས་དང་། ཇའི་ཐོན་ལས། ཇའི་ཚན་རྩལ་བཅས་སྤྱི་འདོམས་ཡག་པོ་བྱེད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱས་ནས་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་དང་ཧྲང་ཧའེ་ཆིང་ཕུའུ་ཆུས་སོགས་ཁ་གཏད་རོགས་སྐྱོར་ལས་ཁུངས་དང་། དེ་བཞིན་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པས་རོགས་སྐྱོར་འོག་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གཙོ་ཁྲིད། མང་ཚོགས་ཐེ་ཞུགས་ཀྱི་འཕེལ་རྒྱས་གཏོང་སྟངས་བཏོད་ནས་འདེབས་འཛུགས་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་དང་། ལས་སྣོན་ཆུ་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་འཐུས་ཚང་དུ་གཏོང་བ། སྤུས་རྟགས་གཏོད་རྒྱུར་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས་གངས་ལྗོངས་བོད་ཇའི་ཐོན་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་པ་དང་། གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྤུས་ཚད་བརྟན་བརླིང་ངང་ཇེ་ལེགས་སུ་ཕྱིན་པ་བཅས་ཀྱིས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། མིག་སྔར་རྫོང་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.7ཟིན་པ་དང་།(དེའི་ནང་ཚད་གཞི་མཐོ་བའི་ཇ་ཞིང་མུའུ་ཁྲི0.3ཡོད།)ཚད་ལྡན་ཅན་གྱི་བཟོ་གྲྭ་དང་ཡོངས་སུ་རང་འགུལ་ཐོན་སྐྱེད་འཕྲུལ་ཆས་སོགས་འཛུགས་སྐྲུན་བྱས་ཡོད། ཇ་དམར་དང་། ཇ་ལྗང་། ཇ་བག་སོགས་རིགས་འབྲེལ་ཐོན་རྫས18ཙམ་གསར་སྤེལ་བྱས་ཏེ"རྟེན་གཞི+དངོས་གཞིའི་ཚོང་ཁང+གློག་ཚོང"གི་ཕྱིར་འཚོང་དྲ་རྒྱ་བཙུགས་ཡོད་པ་དང་། ཐོན་རྫས་དག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་ཧྲང་ཧའེ་ཇ་ལོའི་འགྲེམ་སྟོན་ཆེན་མོ་སོགས་སྟེང་དུ་བགྲམ་སྟེ་བྱ་དགའ་ཆེན་པོ་མང་པོ་ཐོབ་པ་དང་། དེ་བཞིན་སྐྱེ་ལྡན་དཔང་གཅོད་བླངས་ནས་རིམ་རྩིས་བྱས་ན་དབུལ་སྐྱོར་ཁེ་སྤོགས་སྒོར་ཁྲི662.93སླེབས་ཟིན།

བྱེད་སྒོའི་སྐབས་སུ། རྫོང་རིམ་པའི་མགོ་ཁྲིད་རྣམས་ཀྱིས་ཡར་ཐང་ཡུལ་ཚོ་དང་། སྟག་མཁར་ཡུལ་ཚོ། དྷི་མདའ་ཡུལ་ཚོ། མདོ་གོང་མ་ཡུལ་ཚོ་བཅས་ལ་གངས་ལྗོངས་བོད་ཇའི་ཐོན་ལས་ཁེ་སྤོགས་མ་དངུལ་བགོ་བཤའ་བརྒྱབ།
རྗེས་མར་པདྨ་རྫོང་གིས་ཁྱད་ལྡན་ཐོན་ལས་སྔར་ལས་སྤུས་ལེགས་སུ་བཏང་སྟེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་སྤེལ་དང་། གངས་ལྗོངས་བོད་ཇའི་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་རྒྱུ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་ཆེད་མཉམ་འདུས་སྒུལ་ནུས་གསར་པར་ཕན་སྐུལ་བྱ་དགོས། །