མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་བྱང་གི་ཀ་ཆེན་ཏེ། རྗེ་འདི་ཉིད་ནི་རབ་བྱུང་དང་པོའི་ལྕགས་འབྲུག(སྤྱི་ལོ1040)ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ་རུ་སྐུ་འཁྲུངས། སྐུ་ཆུང་དུས་མཚན་ལ་ཐོས་པ་དགའ་ཞེས་ཞུ། སྔར་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་སངས་རྒྱས་པ་ཞིག་སྟེ། ཁོང་གིས་མར་པ་ལོ་ཙཱའི་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་ངག་རྫོགས་པར་གནང་། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་ནས་སྣོད་དུ་རུང་བ་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང་། ཉམས་མགུར་མང་དུ་བརྩམས། རས་ཆུང་པ་དང་། དྭགས་པོ་ལྷ་རྗེ་སོགས་སློབ་མ་མང་དུ་བསྐྱངས། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། དགུང་ལོ་གྱ་བཞི་པ་སྟེ་རབ་བྱུང་གཉིས་པའི་ཆུ་ཡོས(སྤྱི་ལོ1123)ལོར་སྐུ་གཤེགས།
ངོ་སྤྲོད་གནད་བསྡུས།
མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་བྱང་གི་ཀ་ཆེན། རྗེ་འདི་ཉིད་རབ་བྱུང་དང་པོའི་ལྕགས་འབྲུག(སྤྱི་ལོ1040)ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ་རུ་སྐུ་འཁྲུངས།
རྗེ་བཙུན་མི་ལའི་ཡབ་འདས་རྗེས་ནོར་རྫས་ཐམས་ཅད་ཨ་ཁུ་དང་ཨ་ནེས་ཕྲོགས། མ་སྨད་རྣམས་ཤིན་ཏུ་མནར། ལོ་བཅུ་དྲུག་ལ་ཀློག་བསླབས། ལོ་བཅོ་བརྒྱད་ལ་མའི་ངག་བཞིན། མཐུ་སློབ་པར་དབུས་སུ་བྱོན་ནས། གཡུང་སྟོན་ཁྲོ་རྒྱལ་དང་། ལྷ་རྗེ་གནུབས་ཆུང་གཉིས་ལས་མཐུ་བསླབས་ཤིང་། མཐུས་དགྲ་རྣམས་ཁ་ཕུང་ལ་བཏང་། ཕོ་མོ་སུམ་ཅུ་རྩ་ལྔ་ཙམ་བསད། སེར་བས་རང་ཡུལ་མྱ་ངན་ལ་བསྒྱུར་བ་སོགས་ཀྱིས་སྡིག་པར་ཤིན་ཏུ་འཇིགས་ནས་ཆོས་ལ་བྱོན། སྒྱེར་སྟོན་དབང་ངེ་བྱ་བ་སོགས་སྔགས་རྙིང་མའི་བླ་མ་བཅུ་ཙམ་ལ་ཡོངས་དྲིལ་ལོ་བཅོ་ལྔ་ཙམ་བསྟེན། སྦྱངས་པ་ཤིན་ཏུ་ཆེ། བསྐྱེད་རིམ་ལ་ནུས་པ་ཐོན་ཀྱང་ཐུགས་མ་ཚིམས་ནས་རྗེ་མར་པའི་དྲུང་དུ་བྱོན། རྗེ་མར་པ་དགུང་ལོ་བདུན་ཅུ་དང་། མི་ལ་ཞེ་གཉིས་ཙམ་ཡིན་པར་གསུངས། གདམས་ངག་ཞུས་པར་སྒྲིབ་སྦྱང་ཕྱིར། སྲས་མཁར་དགུ་ཐོག་ལས་སུ་བཅུག་པས། རྒྱབ་ཐམས་ཅད་རྨར་གྱུར་ཏེ། སྒལ་མིག་རྣམས་ནས་རྣག་ཁྲག་རྡོལ་བ་སོགས་ཤི་ལ་ཐུག་ཀྱང་ཐུགས་ཀྱིས་བོར་བ་ལྟར་མཛད་ཅིང་། རྒྱུན་དུ་བཀའ་བཀྱོན་ཕྱག་འབེབས་སོགས་ཀྱིས་ཡི་ཐང་གྲངས་མེད་བཅད་ཀྱང་། དད་པ་སྐད་ཅིག་ཀྱང་མ་འགྱུར་བར། སླར་ཡང་ཅི་མཉེས་བསྒྲུབས་པས། མཐར་རྗེས་སུ་བཟུང་ནས་དབང་རྒྱུད་མན་ངག་ཐམས་ཅད་དང་སྙན་བརྒྱུད་ཆིག་བརྒྱུད་མ་བཅས་གནང་སྟེ། གདམས་ངག་རྣམས་ལ་ལྷག་ལུས་ཡོད་རེ་ཞེས། མཁའ་འགྲོ་དཔང་དུ་བཙུགས་ནས་དབུ་སྙུང་བཞེས། དེར་ལོ་དྲུག་དང་ཟླ་ངོ་བརྒྱད་ཙམ་བཞུགས་ནས་ཕ་ཡུལ་དུ་བྱོན་པས། མ་ཤི། སྲིང་མོ་འཁྱར་བ་སོགས། མི་རྟག་སྒྱུ་མའི་རང་མཚང་གཟིགས་པས། ཤིན་ཏུ་སྐྱོ་ནས་ཐོག་མར་རྐང་ཚུགས་ཕུག་དང་། བྲག་དཀར་རྟ་སོ་སོགས་རྫོང་དྲུག་དང་། གནས་ཆེན་དབེན་རི་རྣམས་སུ་ཕལ་ཆེར་ཟྭ་ཙམ་ལས་མེད་པའི་དཀའ་སྤྱད་དྲག་པོས། མར་པའི་གདམས་ངག་རྣམས་བསྒོམས་པར་མཛད་པས། སྐུའི་རྩ་མདུད་ཐམས་ཅད་གྲོལ་ཞིང། ཁམས་ཀྱི་འགྲོས་བཞི་མཐར་སོན་ཏེ། མངོན་པར་སངས་རྒྱས་པས། མངོན་ཤེས་དང་རྫུ་འཕྲུལ་སྟོན་པ་ལ་བོད་ཀྱི་ཆོས་མཛད་གཞན་མ་བྱུང་ཞེས་གྲགས་ལ། མི་དང་མི་མིན་ཀུན་ལ་རྡོ་རྗེའི་མགུར་བཞེངས་པས་ཐོས་གྲོལ་ལ་འགྲོ་ཐུབ་པ་དང་། ཁྱད་པར་ཚེ་རིང་མས། བར་དོ་འཕྲང་སྒྲོལ་གྱི་གདམས་པ་ཞུས་ཤིང་། ལས་ཀྱི་ཕྱག་རྒྱར་མཛད་ནས། མཐར་དགུང་ལོ་གྱ་བཞི་པ་ཆུ་མོ་ཡོས(སྤྱི་ལོ1123)ལོའི་རྟ་ཟླའི་ཚེས་བཅུ་བཞིར། ངོ་མཚར་བའི་ལྟས་དང་བཅས་མྱ་ངན་ལས་འདས་སོ། །
སྒྲིབ་སྦྱོང་མཛད་པ།
སྐུ་ཆུང་ངུའི་སྐབས་མཚན་ལ་ཐོས་པ་དགའ་ཞེས་ཞུ་ལ། ཁོང་སྐུ་བལྟམས་ནས་ཡུན་རིང་མ་སོང་བར་ཡབ་སྐུ་གཤེགས་པས་ཨ་ཁུ་དང་ཨ་ནེས་སྡུག་པོ་ཚད་མེད་བཏང༌། དེ་རྗེས་ཡུམ་གྱི་བཀའ་བཞིན་མཐུ་བསླབས་ནས་འཁོན་གླན་པར་མི་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱེད་པར་ས་རྟ(སྤྱི་ལོ1078)ལོར་ལྷོ་བྲག་ཏུ་ཕེབས་ཏེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་མཇལ། མར་པས་མི་ལར་འདི་རྐོས་ཤིག་གསུངས་པ་ལྟར་བཀའ་ཐོག་མ་བསྒྲུབས། སྐྱེམས་ཆང་གནང་བ་གཙང་མར་བཞེས་པས་གདམས་ངག་གི་སྣོད་དུ་དགོངས་ནས་རྗེས་སུ་བཟུང༌། སྡིག་སྒྲིབ་སྦྱོང་བའི་སླད་དུ་སྐུ་མཁར་ཟླུམ་པོ། སོག་ཀ་ཟླ་གམ། གྲུ་གསུམ་རྣམས་རྩིག་བཅུག་པ་སླར་ཡང་བཤིག
མཐར་སྲས་མཁར་དགུ་ཐོག་ཅེས་སུ་གྲགས་པ་གྲུ་བཞི་དགུ་ཐོག་རྩེ་མོ་རིན་པོ་ཆེ་འབར་བ་ལྟ་བུ་རྩིགས་གསུངས་ནས་མདོ་ཁྱམས་དབུ་རྩེ་དང་བཅས་པ་བརྩིགས་པར་མཛད། གཞན་ཡང་དབང་གྲལ་ནས་ལན་མང་བཏོན་པ་སོགས་ཡིད་ཆད་ཆེན་པོ་བདུན་གྱིས་སྒྲིབ་པ་སྦྱངས་ཏེ་བླ་མ་མར་པའི་དྲུང་དུ་ལོ་དྲུག་ཟླ་བ་བརྒྱད་ཙམ་བཞུགས་ནས་ཆོས་ཕྱིར་དཀའ་བ་ཚད་མེད་སྤྱད་མཐར་དབང་དང་གདམས་ངག་རྫོགས་པར་བཞེས།
ལྷ་དང་བླ་མས་གསང་མཚན་བཞད་པའི་རྡོ་རྗེ་ཞེས་བཏགས་པར་གྲགས། བླ་མའི་སྐུ་མདུན་ནས་ཞལ་བྲལ་ཁར། བླ་མས། ཁྱོད་ལ་བྱིན་དང་གཞན་ལ་བྱིན། །གལ་ཏེ་སྲང་ལ་བཅལ་ཡོད་ན། །སུམ་འགྱུར་བས་ཀྱང་མི་ལྷག་རི། །ཞེས་འཁོད་པའི་ཤོག་དྲིལ་ཐམ་ག་བརྒྱབ་པ་ཞིག་གནང་སྟེ་སྡུག་ཐུག་པའི་དུས་འདིར་ལྟོས། དེ་བར་མ་ལྟ་གསུངས་ནས་བསྟན་པ་གཏད།
ཆོས་ལ་ཞེས་པའི་བར་སྐྱེལ་ཐུང་མཛད་དེ་སྤྱི་བོར་ཕྱག་བཞག་ནས་སྨོན་ལམ་དང་གནས་དང་རྒྱུད་འཛིན་ལ་སོགས་པའི་མ་འོངས་ལུང་བསྟན་དུ་མ་མཛད། དགུང་ལོ་ཞེ་ལྔ་པ་ཤིང་བྱི(སྤྱི་ལོ1084)ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཤིང་སྒྲུབ་པའི་དམ་བཅའ་མཛད་དེ་ལོ་དགུའི་རིང་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དྲག་པོས་བསྒོམས་པས་སྐུ་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ།
སྒྲུབ་བརྒྱུད།
དེ་ནས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་དེ་སྣོད་དུ་རུང་བའི་སློབ་མ་རྣམས་ལ་གསང་སྔགས་ཀྱི་གདམས་པ་ཅི་རིགས་གནང་བ་སོགས་སྙན་པའི་གྲགས་པ་ས་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། དེ་ལ་སློབ་མ་ཉི་ཟླ་ལྟ་བུ་ཟུང་གཅིག གྲུབ་ཐོབ་ཉེར་ལྔ། རྟོགས་ལྡན་བརྒྱ། ཕྱིར་མི་ལྡོག་པ་སྟོང་སོགས་བྱུང་བའི་ནང་ནས། སློབ་མའི་མཆོག་ནི་རྗེ་སྐམ་པོ་བ་དང༌། རས་ཆུང་པ། དེ་བཞིན་འབྲི་སྒོམ་རས་པ། སེ་བན་རས་པ། རས་པ་ཞི་བ་འོད། ཁྱི་ར་རས་པ། ངན་རྫོང་རས་པ། བདེ་བ་སྐྱོང༌། ར་རྫི་རས་པ་སྟེ་རས་པ་མཆེད་བརྒྱད། སྟོན་པ་དྲུག རས་མ་བཅུ་གཉིས། གྲུབ་ཐོབ་མ་དྲུག་སོགས་བགྲངས་ཀྱིས་མི་ལང་ངོ༌། ཉམས་མགུར་མང་དུ་བརྩམས་གཤིས་རྗེས་རབས་པས《རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ》ཞེས་བྱ་བར་བསྒྲིགས།
མཐར་ཐུགས་ཀྱི་སྲས་མཆོག་རྗེ་སྒམ་པོ་བ་ལ་བསྟན་པ་གཏད་དེ་དགུང་ལོ་གྱ་བཞི་པ་རབ་བྱུང་གཉིས་པའི་ཆུ་ཡོས(སྤྱི་ལོ1123)ལོར་སྐུ་གཤེགས།
རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལོ་རྒྱུས་རྒྱས་པ་ཡོངས་གྲགས་ནི་གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན་གྱིས་རབ་བྱུང་བརྒྱད་པའི་ཤིང་ཡོས(སྤྱི་ལོ1495)ལོར་བརྩམས་པ་དང༌། ཡང་རི་བོ་ཆེ་ཆོས་རྗེ་མི་གཡོ་མགོན་པོའི་སློབ་མ་རྟ་ཚག་པ་ཚེ་དབང་རྒྱལ་གྱིས་རབ་བྱུང་བརྒྱད་པའི་མེ་ཡོས(སྤྱི་ལོ1447)ལོར་བརྩམས་པའི《ལྷོ་རོང་ཆོས་འབྱུང་ཐུབ་བསྟན་གསལ་བྱེད》ཀྱི་ནང་གོང་གི་རྣམ་ཐར་ནང་མི་གསལ་བའི་ལོ་རྒྱུས་མང་ཙམ་འདུག་པས་དེ་དག་ཏུ་གཟིགས་པར་ཞུ།
ལྷོ་བྲག་སྲས་མཁར་དགུ་ཐོག
སྲས་མཁར་དགུ་ཐོག་ནི་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ཁོངས་ཀྱི་སྲས་བྱ་བའི་ཡུལ་ཚོར་མངའ་ཞིང་། དེ་ནི་སྤྱི་ལོ1080ཡས་མས་སུ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་མཁན་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་རྗེ་བཙུན་མི་ལ་རས་པས་བཞེངས་པའི་ཁྱད་དུ་འཕགས་པའི་མཁར་རྙིང་ཞིག་ཡིན།
སྲས་མཁར་དགུ་ཐོག་ནི་རྒྱབ་བྲག་རི་ལ་བརྟེན་ནས་གནའ་མཁར་གྱི་རྣམ་པ་ལྟར་བཞེངས་འདུག་ལ། ཆོས་སྡེ་འདི་ཐོག་མ་བཀའ་བརྒྱུད་པར་གཏོགས་ཤིང་། ཕྱིས་སུ་དགེ་ལུགས་པའི་གྲུབ་མཐར་བསྒྱུར་བ་ཡིན། དུས་རབས16པའི་དུས་འགོར་དཔའ་བོ་གཙུག་ལག་ཕྲེང་བས་གསེར་ཟངས་ཀྱི་རྒྱ་ཕིབས་བསྒྲོན་པ་དང་མཉམ་དུ་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་ཤིང་། བཤད་སྲོལ་ལྟར་ན་འདུ་ཁང་གི་ལྡེབས་རིས་ནི་དཔའ་བོ་གཙུག་ལག་ཕྲེང་བས་བྲིས་པ་རེད། རྗེས་སོར་རྒྱལ་དབང་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོས་སྲིད་སྐྱོང་བའི་དུས་སུ་བཀའ་ཤག་སྲིད་གཞུང་གིས་ཆོས་སྡེ་འདིར་ལོ་རེར་ཐེངས་གཅིག་ལ་ཞིག་གསོ་བྱེད་རྒྱུའི་ཐག་བཅད་པ་དང་། སྤྱི་ལོ1944ལ་བསམ་འགྲུབ་དགོན་གྱི་དགོན་བདག་བླ་མས་ཞིག་གསོ་བྱས་ནས་རྒྱ་བསྐྱེད་པ་རེད། སྲས་མཁར་དགུ་ཐོག་གི་གཅིག་ཐོག་དང་ཉིས་ཐོག་གཉིས་མཛོད་ཁང་དུ་བྱས་པ་དང་། དེ་ལས་གཞན་ཐོག་ཁང་སོ་སོའི་ནང་དུ་རྒྱལ་བ་རྡོ་རྗེ་འཆང་དང་། ཏཻ་ལོ་བ། ནཱ་རོ་བ། མར་པ་ལོ་ཙཱ་བ་སོགས་ཀྱི་སྐུ་བརྙན་བཞེངས་འདུག་ཅིང་། ཆོས་སྡེ་འདི་རུ་མར་པ་ལོ་ཙཱ་བས་ཤངས་ཁྲག་གིས་བྲིས་པའི་ལྷ་མོ་དུད་སོལ་མའི་སྐུ་བརྙན་དང་།དཔའ་བོ་གཙུག་ལག་ཕྲེང་བའི་རྒྱ་བསྐྱེད་གནང་བའི་འདུ་ཁང་། མགོན་ཁང་རྙིང་མ། སྔོན་མའི་ལྡེབས་རིས་རྙིང་མ། མི་ལའི་རྒྱབ་རྡོ་སོགས་རྟེན་བྱིན་རླབས་ཅན་མང་པོ་བཞུགས་ཡོད་པ་རེད།