ཞང་སྟོན་བསྟན་པ་རྒྱ་མཚོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་ནི་མདོ་ཁམས་སྨད་ཀྱི་སའི་ཆར་གཏོགས་པའི་རྩེ་གཞུང་དུ་གྲགས་པ་ཁེབ་ཐི་ཞེས་པའི་ཡུལ་དུ་ཡབ་སྙིང་དཀར་འབུམ་དང་ཡུམ་ཨ་རིག་བཟའ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཤིང་བྱ་སྤྱི་ལོ1825ལོར་སྐུ་འཁྲུངས།མཚན་ལ་པད་མ་འབུམ་དུ་བཏགས། དགུང་ལོ་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བདུན་པར་རྗེ་དཀོན་མཆོག་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་ཐབས་མཁས་ཞེས་གསོལ། དགུང་ལོ་བཅུ་གཅིག་པ་ཤིང་ལུག་ལོར་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་བཅུ་གསུམ་པར་ཚོགས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་བཅོ་ལྔ་བ་ལ་དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་བཀའ་ཆོས་ཐེངས་མང་གསན། བསྡུས་གྲྭའི་ཚོགས་རྒྱུགས་ཕུལ། བློ་རྟགས། གྲུབ་མཐའ། དོན་བདུན་ཅུ་སོགས་རིམ་པར་ཐུགས་སུ་བཟུང་། དགུང་ལོ་ཉེར་གཅིག་པར་རྗེ་བཙུན་ཐུབ་བསྟན་རྒྱ་མཚོའི་དྲུང་ནས་དགེ་བསྙེན་ནས་བཟུང་བསྐྱར་སྒྲུབ་ཀྱི་ཐོག་ཚིགས་སྔ་མ་དགེ་ཚུལ་དང་བསྙེན་རྫོགས་སྡོམ་པ་ཡང་དག་པར་མནོས། མཚན་བསྟན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་ཉེར་གཉིས་པ་ལ་དཀའ་བཅུ་གླིང་བསྲེའི་མཚན་བཞེས། ལོ་དེའི་དགུན་ཆོས་ལ་ཚོགས་བསགས་རབ་འབྱམས་པའི་མཚན་བཏགས་གནང་། དེ་ནས་སྐྱབས་མཆོག་འཇིགས་མེད་རྒྱ་མཚོ་དང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱ་མཚོ། རྗེ་དབལ་མང་བའི་ཞབས། གྲུབ་དབང་དཀོན་མཆོག་རྒྱ་མཚོ། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ངག་དབང་ཐུབ་བསྟན་རྒྱ་མཚོ་སོགས་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ལས་སྔ་ཕྱིར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཚིམ་པར་རོལ་པས། མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པའི་མཁས་པ་ཆེན་པོར་གྱུར།

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ།

བདག་ཉིད་ཆེན་པོ་འདི་ཉིད་དགུང་ལོ་སུམ་ཅུ་པར་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དུ་པེ་ཅིང་ལ་ཕེབས། མེ་འབྲུག་ལོར་ཕྱིར་གདན་སར་ཆིབས་བསྒྱུར། སོ་གསུམ་པ་ལ་དགོན་ལུང་དུ་ཕེབས་ཏེ་ལོ་གཉིས་རིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར།དགུང་ལོ་ཞེ་གསུམ་པ་ནས་ལོ་ངོ་བདུན་ཙམ་གྱི་རིང་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཚན་ཉིད་གསན་སྦྱོང་གི་ཞབས་འདེགས་བསྒྲུབས། ལྕགས་རྟ་ལོར་ཞྭ་དམར་སྤྲུལ་བའི་སྐུ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཆེད་གཉེར་གྱིས་ཕེབས་པའི་ཐུགས་འདུན་ལྟར་བཀའ་ཆོས་མཐའ་ཡས་པ་གནང་བ་སོགས་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་ཟུང་དུ་འབྲེལ་བའི་ཉམས་བཞེས་ཀྱི་སྒོ་ནས་སྤོངས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུའི་གཏེར་དུ་གྱུར་ཅིང་གདུལ་བྱ་རྗེས་སུ་འཛིན་པའི་ཡོན་ཏན་ལ་དབང་འབྱོར་བའི་སྙན་པ་མཐའ་དབུས་ཀུན་ལ་ཁྱབ་པར་གྱུར།

བརྩམས་ཆོས།

བཀའ་དྲིན་མཚུངས་མེད་ཞང་སྟོན་རྡོ་རྗེ་འཆང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་གཟུར་གནས་མཁས་པའི་གཙུག་ནོརདངབྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་རང་རྒྱུད་གླང་སྨྱོན་འདུལ་བའི་ལྕགས་ཀྱུ》《བླ་མའི་རྣལ་འབྱོར་བརྒྱུད་འདེབས》《རྡོ་རྗེ་འཆང་ཞང་སྟོན་ཆོས་ཀྱི་རྒྱལ་བོའི་བཀའ་འབུམ་ལས་ཆབ་ཤོག་གི་སྐོར》《རྗེ་བཙུན་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བསྡུས་པ》《རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལསོགས་གསུང་རྩོམ་པོད་འབྲིང་བཞི་ཙམ་བཞུགས་ཡོད་དོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།