ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱིས་བརྩམས་པའི་དེབ་གསར《བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ཞིབ་འཇུག》ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དེབ་གསར་འདི་ལ་ལེའུ་བདུན་གྱིས་གྲུབ་ཅིང་། ཐོག་མར་མགུར་གྱི་ནང་དོན་དངོས་སུ་མ་ཞུགས་སྔོན། བོད་བཙན་པོའི་སྐབས་སུ་བྱུང་བའི་མགུར་གྱི་མིང་ཐོགས་ཚུལ་དང་མགུར་གྱི་ཁྱད་ཆོས། མགུར་གྱི་ཚེག་ཁྱིམ་སྒྲིག་སྟངས་དང་མགུར་གྱི་དཔེ་འགོད་ཚུལ་སོགས་རགས་བསྡུས་བཤད་པ་དང་། དེ་ནས་བཙན་པོའི་སྐབས་སུ་བྱུང་བའི་མགུར་དག་གི་མ་ཡིག་འདྲ་བཤུས་བྱས་ཏེ། དེ་དག་ལས་རྟོགས་དཀའ་བའི་ཐ་སྙད་དག་འགྲེལ་བཤད་བྱས་པ་དང་། ནང་དོན་གནད་དུ་བསྡུས་ཏེ་དོན་འགྲེལ་བྱས་ཡོད། དེ་ནས་རིམ་བཞིན་སྤུ་དེ་གུང་རྒྱལ་གྱི་སྐུ་རིང་དུ་བཞེངས་པའི་མགུར་གྱི་སྐོར། སྟག་རི་གཉན་གཟིགས་སྐུ་རིང་དུ་བཞེངས་པའི་མགུར་གྱི་སྐོར། གནམ་རི་སྲོང་བཙན་གྱི་སྐུ་རིང་དུ་བཞེངས་པའི་མགུར་གྱི་སྐོར། སྲོང་བཙན་སྒམ་པོའི་སྐུ་རིང་དུ་བཞེངས་པའི་མགུར་གྱི་སྐོར། འདུས་སྲོང་མང་པོ་རྗེའི་སྐུ་རིང་དུ་བཞེངས་པའི་མགུར་གྱི་སྐོར། ཁྲི་ལྡེ་གཙུག་བཙན་གྱི་སྐུ་རིང་བཞེངས་པའི་མགུར་གྱི་སྐོར་བཅས་ཏེ་བཙན་པོ་དྲུག་གི་སྐུ་རིང་དུ་བཞེངས་པ་གྲགས་པའི་མགུར་དག་ཕྱོགས་སུ་བསྡུས་ཏེ། དེ་དག་ལ་ཚིག་གི་འགྲེལ་ཚུལ། དོན་གྱི་འགྲེལ་ཚུལ། ལོ་རྒྱུས་རྒྱབ་ལྗོངས། ཆབ་སྲིད་ཀྱི་གནས་བབས། མི་རིགས་བར་གྱི་འབྲེལ་བ། རྒྱལ་བློན་བར་གྱི་འབྲེལ་བ། རིག་གནས་ཁ་དོག་སོགས་ལ་འབད་པ་ཅི་ནུས་ཀྱིས་ཉམས་ཞིབ་བྱས་ཏེ་བྲིས་པས། མིག་སྔར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ལས་མགུར་གྱི་སྐོར་ཆ་ཚང་ཞིག་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཐོག་མ་ཡིན་ལ། བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་ལ་འགྲེལ་བཤད་གསར་པ་བརྒྱབ་ཡོད།

རྩོམ་པ་པོ།

བསོད་ནམས་སྟོབས་རྒྱལ། འབུམ་རམས་གོང་མ། མཚོ་སྔོན་ཞིང་ཆེན་ཁུ་ནུ་འཇོན་མི་མཐོ་རིམ་ཤེས་ཡོན་པ་ཡིན། མིག་སྔར་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷགཀྲུང་གོའི་བོད་རིག་པ》《བོད་ལྗོངས་ཞིབ་འཇུགསོགས་སུ་སྤེལ། བརྩམས་ཆོས་ལ་ཆེད་རྩོམ་གཉིས།  སྒྲིག་རྩོམ་གཉིས། བསྒྱུར་རྩོམ་གཅིག སྙན་དེབ་གསུམ་བཅས་པར་དུ་བསྐྲུན། རྒྱལ་ཁབ་རིམ་པའི་རྣམ་གྲངས་གཉིས་དང་ཞིང་ཆེན་རིམ་པའི་རྣམ་གྲངས་གཉིས་བཅས་ལ་མཉམ་ཞུགས་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།