དགེ་འདུན་ཆོས་འཕེལ། འཇུ་སྐལ་བཟང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས་བཟུང་།

ཁྱོད་རང་དགོད་སླ་ལ་ངུ་ཡང་སྐྱེན།

ཐ་སྙད་ཀྱི་རྫ་བུམ་ཆེ་ཆུང་དུ་མ།

སིལ་བུར་བཅག་སྟེ།

ནམ་མཁའ་དང་ནམ་མཁའ་ཡུག་གཅིག་བསྲེས།

རེ་དོགས་ཀྱི་སྐུད་པ་རྒྱ་ཞིག་ཀྱང་།

རྣམ་གཞག་གི་ཁབ་མིག་ཇི་ལྟར་སྐྱེད།

གཅིག་ནི་ཡོད་པའམ་ཡིན་པ་དང་།

ཅིག་ཤོས་ནི་མེད་པ་དང་མིན་པའི་མིག་ཟུང་དེ།

ཇི་ལྟར་བགྲད་ཀྱང་།

ཁྱེད་རང་མི་ཤོང་བས།

སྐུ་ན་ལྔ་བཅུའི་གྲངས་ལ་ཉེ་བའི་ཚེ།

(མིན།ལོ་གྲངས་ལྔ་བཅུ་ནི། 

དུས་ཀྱི་བགྲོད་པ་ལགས་ཀྱི།

ཁྱོད་ཉིད་ག་ལ་ཡིན།

ཁྱོད་ཀྱིས་སྡོམ་ཚིག་བགྲེས་པོ་ཞིག་བཞག་མེད་ལ།

རྒས་འཁོགས་ཀྱི་སྙན་ངག་ནི་དེ་བས་ཀྱང་བྲིས་མ་མྱོང)

འཇིག་རྟེན་གྱི་མགོ་བོ་ཁྲག་ལ་བསྒྲེས་ཏེ།

འཇིག་རྟེན་ལས་འདས་པའི་སྒོ་གླེགས་བརྡུངས་པ་ན།

བདག་གིས་ནི་རབ་རབ་ཀྱི་ས་སྲོད་ཅིག་ལ།

ཁྱོད་རང་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི།

ལྕགས་ཐག་རིང་བོ་ཞིག་དྲུད་དེ།

ས་སྒང་གི་གངས་ཐིག་མཐོ་ཤོས་ལས།

དལ་བུར་བཞུད་པ་མཐོང་།

སྡིག་བོའུ་ཁྲ་རིང་གི་ཁ་ན་འཐིབས་པའི།

རྫས་དུད་མོག་པོ་དེ་ཡུན་གྱིས་དྭངས་པ་ན།

ཁྱོད་ཀྱི་བང་སོ་དེ།

ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།