བུ་ཆུང་དང་ལྷན་དུ་འགྲོ་བཤད་བྱས་པ། སེང་རྡོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཨ་ཕའི་ལོ་ལོ། ཉོན་དང་ངས་ཁྱོད་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད།

བྱིས་པ་མངལ་ན་ཡོད་དུས་ཀྱི་ཤེས་པ་དེ་ཧ་ལམ་བདེ་གཤེགས་སྙིང་པོའི་ཚོད་ན་ཡོད་སྐད། བྱིས་པ་བཙས་མ་ཐག་གི་རིག་པ་ཡང་མི་དར་མ་དང་བསྡུར་ན་ཧ་ལམ་རང་སངས་རྒྱས་ཀྱི་ཚོད་ན་ཡོད་སྐད། བོད་མིས་བུ་ཆུང་སངས་རྒྱས་ཡིན་ཟེར་དོན་ཡང་དེས་ཡིན་པ་འདྲ། བྱིས་པ་རེ་རེས་ལོ་གསུམ་བཞི་ལྔ་དྲུག་བཅས་ཡུན་གྱིས་བརྒལ་ཏེ་འཇིག་རྟེན་ཧྲིལ་པོ་འདི་མིག་དང་རྣ་བས་དང་། སྐད་དང་ཡི་གེ་སོགས་ཀྱིས་ནང་སེམས་སུ་འདྲེན་བཞིན་ཡོད་པ་རེད། ཁྱོད་ཀྱང་དེ་བཞིན་ནོ། །

ང་ལ་མཚོན་ན། ཁྱོད་རང་ནད་མེད་ཚེ་རིང་ཁ་དྲོ་ཞིག་ཡོང་ན་དེས་འཐུས་ཀྱི་ཡོད། ནད་མེད། ཚེ་རིང་། ཁ་དྲོ། ང་ལ་མཚོན་ན་ཁྱོད་ཀྱི་ཐད་དུ་འདི་གསུམ་ལས་གལ་ཆེ་བ་ཅི་ཡང་མེད་དོ། །མ་འོངས་པར་ཁྱོད་ཀྱིས་ཀྱང་འདི་གསུམ་གྱི་ཆེད་དུ་ཤུགས་རྒྱག་དགོས་སོ། །ང་མིན་རུང་ཕ་མ་ཕལ་ཆེར་གྱིས་འདི་གསུམ་རང་བསམ་གྱི་ཨེ་ཡོད་སྙམ་མོ། །

དེང་སྐབས་བསམ་ཤེས་ལ་མི་ཤེས་ཀྱི་བྱིས་པ་ཚོ་གར་སྟེགས་ཆེ་ཆུང་མང་པོར་བརྫངས་ཏེ་ཕ་མར་གཟི་བརྗིད་འཚོལ་བའང་མང་མོད་ང་རང་དེའི་ལྡོག་ཕྱོགས་ཡིན་ནོ། །དེའི་སྟབས་ཀྱིས་ངས་ཁྱོད་ཀྱི་མིང་དངོས་སུ་རྩོམ་ནང་དྲངས་པ་ཡང་བརྒྱ་ལམ་ཙམ་ཡིན་ནོ། །

ང་རང་ཉིད་ཆུང་དུས་ཤིག་ནས་ཕ་མས་ཀྱི་རྣམ་ཤེས་དགའ་ཅན་ཞིག་ཏུ་རེ་བ་བཅངས། ཁྱིམ་མཚེས་དག་གིས་ཀྱང་སྐྱེ་བ་མཐོན་པོ་ཅན་ཞིག་ཏུ་ཐག་བཅད། རིམ་པས་སོ་སོས་ཀྱང་ང་རྒྱལ་ཕྲ་མོ་ཞིག་རྙེད། འགན་ཞིག་ཡོད་དོགས་ཀྱིས་བསླབས་ཀྱང་བསླབས། ཚང་མས་ངོ་ཤེས་པ་ཞིག་ཏུའང་གྱུར་མོད། དེའི་གོ་རིམ་དུ་གནོན་ཤུགས་ཀྱང་མང་། དཀའ་ལས་ཀྱང་འབེལ། དེའི་རྐྱེན་གྱིས་ཀྱང་ད་ཚོད་ངས་རང་གི་བརྒྱུད་པ་དེ་ཁྱོད་ཀྱིས་ཀྱང་བརྒྱུད་དགོས་པའི་ཐག་གཅོད་འདྲ་བྱེད་མི་ཕོད་དོ། །དེ་ངོ་མས་ལས་སླ་མོ་ཞིག་མིན་ཡ།

ཁྱོད་ཀྱིས་ཡི་གེ་ཅུང་ཟད་ཤེས་དགོས་ཀྱང་རྩོམ་ཡིག་འབྲི་དགོས་པའི་ངེས་པ་མེད་ལ། བྲིས་ཀྱང་ཛ་དྲག་གི་བརྗོད་བྱར་འཇུ་དགོས་དོན་མེད་དོ། །ལྷག་པར་དུ་ལོ་བཅོ་བརྒྱད་ལ་མ་བུད་གོང་དུ་བཟང་ངན་གང་གིས་ཀྱང་འབར་མི་དགོས་ཏེ། སོས་དལ་གཉོམ་ཆུང་གིས་སློབ་སྦྱོང་རན་པ་ཞིག་བྱེད་ཐུབ་པ་ཙམ་གྱིས་འགྲིགས་ཡོད་དོ། །

ཁྱོད་ཀྱིས་གོ་དགོས་པ་ཞིག་ལ། ལོ་བཅོ་བརྒྱད་ཅེས་པ་འདི་ཕྱི་སྲོལ་ཙམ་ཞིག་མིན་ལ། རྒྱལ་ཁྲིམས་ཁོ་ནའི་གཏན་སྲོལ་འདྲ་ཡང་མིན། བོད་ཀྱིས་ཀྱང་། ཕོ་ལོ་ལྔ་གསུམ་བཅོ་ལྔར་བུད་དེ། །དྲུག་གསུམ་བཅོ་བརྒྱད་ལྟག་གིས་བཞག་ནས། །ཞེས་ཟེར་དཔེ་བ་རེད། དེས་ན་ལོ་བཅོ་བརྒྱད་ལ་མ་ཐོན་བར་དུ་ཕ་མའི་རེས་ཀྱང་རེད། ལོ་བཅོ་བརྒྱད་ཕན་ཆད་དུའང་རབ་ཡིན་ན་ལྷིང་འཇགས་སྟབས་བདེ་དཀྱུས་མ་སུམ་སྦྲགས་ཀྱི་མི་ཚེ་ཞིག་རོལ་ཐུབ་ན་ཅི་མ་རུང་སྙམ་མོད་ད་གཙོ་བོར་ཁྱོད་རང་གིས་གདམ་ཀ་གཏོང་དགོས་སོ། །ཕ་མའི་ཁྲིད་སྟོན་དང་དགེ་རྒན་གྱི་མཛུབ་སྟོན་ཆ་ཚང་ཡང་ལོ་བཅོ་བརྒྱད་དུ་མ་བུད་གོང་ཆེས་མཁོ་བ་ཡིན་ནོ། །

ལོ་བཅོ་བརྒྱད་ལ་བུད་ཕན་ཆད་དུ་འཇིག་རྟེན་སྤྱིའི་འགྲན་རྩོད། སྤྱི་ཚོགས་ཀྱི་ལམ་ལུགས་སོ་སོའི་གཡུལ་ས། རྒྱལ་ཕམ་གྱི་འཁོར་བ་སོགས་ལ་མི་འཇུག་རང་འཇུག་ཡིན་ཁར། སུས་ཀྱང་ཁྱོད་ཀྱི་ཚབ་བྱེད་ཐུབ་ཀྱི་མ་རེད། དེས་ན་ཡང་བོད་ཀྱི་ཁ་དཔེར། ཕོ་ཤར་གྱིས་རང་བྱ་རང་གིས་སྒྲུབ། །སྨན་ཤར་གྱིས་རང་སྐྲ་རང་གིས་བསླ། །ཞེས་པའི་དོན་དང་ཡང་མཚུངས་པས། སོ་སོ་རང་ཉིད་ལ་ཡིན་གདེང་མིན་གདེང་ཞིག་ཀྱང་མེད་ཐབས་མེད་ལ། ཁ་དྲོ་མི་དྲོ་ཡང་དོན་དག་གཞན་ཞིག་རེད་ལ་དེ་སོགས་ཐེག་ཀྱང་ཐེག་གི་རེད། སྐབས་དེར་གཞན་གྱི་སྣེ་ཁྲིད་ལའང་ཆེར་མི་ལྟོས་སོ། །

ཨ་ཕའི་ལོ་ལོ། དེ་ལྟ་ནའང་ཨ་ཕའི་རེ་བ་ཡིན་ན་ཁྱོད་རང་གཤིས་འཇམ། གཞུང་དྲང་། ཚུལ་མཐུན། བབ་ཆགས། ངང་རིང་གི་མི་ཞིག་ཡིན་པ་ཙམ་གྱིས་ཆོག དེས་ན་ཁྱོད་ཀྱི་ཨ་ཕ་དེ་འདྲ་ཞིག་ཡིན་ནམ་ཟེར་ན་ཕལ་ཆེ་བར་ཡིན་ས་མ་རེད། གང་ལྟར་བསམ་བློའི་ཐད་ནས་ཁྱོད་རང་ཨ་ཕའི་འདྲ་བཤུས་ཡིན་མི་དགོས་ལ། སྤྱོད་པའི་ཐད་ནས་ཀྱང་ཁྱོད་རང་ཨ་ཕའི་རྒྱུན་འཛིན་པ་ཡིན་དགོས་དོན་མེད་དོ། །

ཨ་ཕས་ཁྱོད་ཀྱི་ཆེད་དུ་ཤར་ནུབ་ཀྱི་བུ་སྐྱོང་གཞུང་ལུགས་མང་ཙམ་བཀླགས་མྱོང་མོད། དེ་དག་ལ་ཡང་ཡང་དགག་བཞག་སྤོང་གསུམ་བྱས་པའི་སྡོམ་ནི། ཁྱོད་ཀྱིས་ནམ་ཡང་དམིགས་བསལ་དང་ཐུན་མིན། ཁྱད་པར་བ་དང་ཁ་ཁ་ཞེས་པའི་ཐོག་ལ་འདང་མ་རྒྱག སྤྱིར་བཏང་། ཆེས་སྤྱིར་བཏང་། དེ་ལས་ཀྱང་སྤྱིར་བཏང་ཡིན་པའི་མི་ཚེ་ཞིག་ལ་རོལ་ཤོག་དང་ནོར་མེད། འུ་ཚང་གི་ཁྱིམ་རྒྱུད་ཀྱི་དབང་དུ་བཏང་ནའང་ཅིས་ཀྱང་རྒོད་མདོག་ཤེས་མདོག་སྟོན་མཁན་ཞིག་མེད་ཐབས་མེད་ཚེ་དེ་རང་ང་ཡིན་ཁུལ་བྱོས། ཁ་སྐོང་དེ་ཁྱོད་ཀྱི་ཨ་ཕས་བསྐངས་ཚར་བའི་ངོས་འཛིན་ཡང་བྱ་རོགས།

ཨ་ཕའི་ལོ་ལོ། ད་ཆར་འུ་གཉིས་རི་སྡིངས་ཤིག་ཏུ་འབྱོར་ཡོད། གོམ་པ་རྒྱག་ཞོར་དང་བཤད་ཞོར་བྱེད་ཀྱི་ཡོད། ད་ལྟ་ཁྱོད་རང་ལོ་དྲུག་ཙམ་ཡིན་པས་ངས་བཤད་པ་ཆ་ཚང་གི་དོན་རྟོགས་མི་སྲིད་མོད། མ་འོངས་པར་དཔྱིས་ཕྱིན་པ་ཞིག་ཤེས་ངེས་སོ། །ཆོས་ལས་ཀྱང་བསྟན་མོད། འཇིག་རྟེན་ལའང་གྱོང་རང་གིས་ལེན་པ་དང་ཁེ་གཞན་ལ་སྟེར་བ་འདི་གཅེས། འདི་རང་ཉན་མ་ཐག་ཏུ་མི་བདེ་བ་ཞིག་ཡོད་མོད། འདིའི་འབྲས་བུ་ནི་སེམས་སྐྱིད་པ། གུ་ཡངས་པ་ཞིག་ཡིན་པས། མྱོང་བས་ཟད་པ་མེད་དོ། །

རང་ཉིད་ཅི་ཡང་མིན་པའི་རྟོགས་པ་དེ་འདྲ་ཞིག་ངས་ད་དུང་ཡང་ཕྱེད་ཙམ་ལས་རྙེད་མ་སོང་མོད། སྙིང་ཐག་པ་ནས་གུས་ཞབས་ལྡན་པ། རང་རྩིས་ཅི་བས་ཆུང་བ། ཚིག་དུག་གིས་ཡེ་མི་གནོད་པ། གནོད་ཀྱང་ལམ་སེང་རང་དྭངས་སུ་འགྲོ་བ། སོ་སོ་ཆེས་དམའ་ས་ལས་ཀྱང་དམའ་བའི་མཐར་གཏུགས་ཤིག་ལ་འཕེན་ཐུབ་ཚེ་དེའི་སེམས་སུ་རྒྱལ་ཁམས་གསལ་བའི་ཉི་མ་ཤར་ཡོད་མེད་ལ་ཐེ་ཚོམ་མི་དགོས་སོ། །ངས་བཤད་པ་འདི་དག་མི་ཇུས་ཀྱི་གཞུང་ལ་ལ་དང་ཅུང་མི་འགྲིག་ལ། ང་རང་ཉིད་ཀྱང་ཚད་དེར་སླེབས་ཐུབ་གཏན་ནས་མེད་མོད། དེ་རང་མཆོག་དང་རབ་ཡིན་པ་ནི་ངས་ནང་སེམས་དཔང་པོར་བཞག་ནས་ལབ་ཐུབ་བོ།།

ཨ་ཕའི་ལོ་ལོ། ངས་ཁྱོད་ཀྱི་མིག་མདངས་དང་སྐད་གདངས་ལས་ད་ལྟ་ཁྱོད་རང་ཐང་ཆད་པ་ཚོར་བྱུང་ལ། ཁྱིམ་དུ་ལོག་འདོད་ཆེ་བའང་རྟོགས་སོང་། དེས་ན་འུ་གཉིས་རི་ལས་འབབ་ཡ། ཨ་ཕས་ད་དུང་བརྗོད་འདོད་པ་ནི། སློབ་སྦྱོང་ག་ལེར་གྱིས། རྒྱུགས་མ་འཕྲོད་ཀྱང་ངས་ཁྱོད་ལ་འཁང་ར་བྱ་མི་སྲིད། དགེ་རྒན་ལ་བརྩི་བཀུར་བྱོས། གཅར་རྡུང་བྱས་ཀྱང་འཁོན་དུ་མ་འཛིན། སློབ་གྲོགས་ཚོར་མཐུན་སྒྲིལ་བྱོས། བྱིས་པའི་དུས་སུ་ཁ་དྲོ་བ་ཞིག་གཅེས་སོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།