ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དཔེ་ཆ་ཀློག་པ་དེ་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པས། མི་མང་ཆེ་བས་གནས་སྐོར་དུ་འགྲོ་བ་དང་ཡར་མར་ལ་ཁམས་གསེང་དུ་སྐྱོད་དུས་ཀྱང་དཔེ་ཆ་འགའ་རེ་བཟུང་ནས་འགྲོ་བ་དང་། ཁོ་ཚོའི་ཁྱིམ་དུ་ཕྱིན་ཚེ་ཐབ་ཚང་དང་གཟིམ་ཁང་། འགྲུལ་ཁང་། ཐ་ན་སྤྱོད་ཁང་སོགས་སུའང་དཔེ་ཆ་བཞག་ཡོད་ཅིང་། ཁོམ་ལོང་རེ་བྱུང་ན་ཅི་འདོད་དུ་བླངས་ནས་བཀླག་ཆོག་པས་ཧ་ཅང་སྟབས་བདེ་ཡིན་པ་རེད་ཟེར། ཁོ་ཚོའི་དཔེ་ཆ་ཡང་རྒྱ་ནག་པའི་ཁྱིམ་དུ་རྒྱུན་དུ་མཐོང་བའི་དཔེ་ཆ་དང་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི།ཚལ་ཐོ་དང་སྨན་བཅོས་འཕྲོད་བསྟེན་སྐོར་གྱི་གསལ་བཤད་ཡི་གེ གནས་སྐོར་ལམ་ཡིག་སོགས་ཁོ་ན་ཙམ་མ་ཡིན་པར་འཛམ་གླིང་ན་སྐད་གྲགས་ཆེ་བའི་བརྩམས་ཆོས་མང་པོ་ཞིག་ཡོད་སྐད། དཔེ་ཆ་དེ་དག་ཀྱང་ཕ་མས་རང་གི་བུ་རབས་ཚ་རྒྱུད་ལ་བརྒྱུད་ཅིང་། དེས་ཀྱང་རང་གི་ཕྱི་རབས་པར་བརྒྱུད་པས་རིག་གནས་ཀྱི་གཟུང་ཐག་དེ་མཚམས་མ་ཆད་པར་གཅིག་ནས་གཅིག་ལ་མཐུད་པ་དང་། གོམས་སྲོལ་བཟང་པོ་འདི་ཡང་མུ་ནས་མུ་རུ་བསྲིངས་པ་ཡིན་འདུག
དེ་ལྟ་ནའང་། རང་རེའི་གཞི་རིམ་གྱི་རོང་འབྲོག་མང་ཚོགས་ལ་མཚོན་ན་ཡིག་ངོ་ཆོད་པ་ལས་ཡིག་རྨོངས་པ་མང་ཞིང་། འགྲིམ་འགྲུལ་དང་ཆ་འཕྲིན་སོགས་ཕྱོགས་གང་ཐད་ནས་སྟབས་བདེ་མིན་པ་སོགས་ཀྱི་དབང་གིས་རེ་ཞིག་བཏང་སྙོམས་སུ་བསྐྱུར་ཀྱང་རུང་མོད།ཡིད་སྐྱོ་བ་དང་བློ་ཁ་གཏན་དུ་བདེ་ཐབས་བྲལ་བ་ཞིག་ནི། གྲོང་ཁྱེར་དང་གྲོང་རྡལ་སོ་སོ་ན་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་དང་སློབ་མ་རྣམས་ཏེ། ལས་བྱེད་པ་དེ་དག་ལས་མང་ཆེ་ཤོས་ཤིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ཐེམ་ལས་ཕྱིར་ཐོན་པ་ནས་དཔེ་ཆ་ཡོངས་སུ་འདོར་བ་དང་། སློབ་མ་མང་ཆེ་བ་ནི་སློབ་དེབ་ཁོ་ན་ཙམ་དང་ཡང་ན་ཟང་ཟིང་གི་དངོས་པོར་མགོ་འཁོར་ནས་འདུག་པ་ལས། འགྲོ་མིའི་བསམ་པའི་ཐོན་ཁུངས་སུ་རྩི་ཞིང་། མི་རབས་ནས་མི་རབས་བར་གསེར་བཞིན་ཡང་ཡང་བཙོ་སྦྱང་བྱས་ནས་བྱུང་བའི་བརྩམས་ཆོས་གྲགས་ཅན་ཁག་ལ་ལྟ་མཁན་ནི་ཉུང་ཙམ་ལས་མེད་པའི་ཚོད་དུ་གདའ།
མི་རིགས་ཤིག་གི་འབྱུང་སྤུས་དང་། མི་རིགས་ཤིག་གོང་འཕེལ་དང་ཡར་རྒྱས་ཡོང་མིན་དེ་མི་རིགས་དེའི་དཔེ་ཀློག་ཆུ་ཚད་དང་། དཔེ་ཀློག་ལ་བཟུང་བའི་རྣམ་འགྱུར་ལས་རྟོགས་ཐུབ་པ་ཡིན་ལ། མི་གཞི་བཟང་པོ་ཞིག་ཆགས་ཐུབ་མིན་ཡང་མཐར་གཏུགས་ན་དཔེ་ཆ་ཀློག་མི་ཀློག་དང་འབྲེལ་བ་དམ་པོ་ཡོད་པ་རེད། རྒྱུ་མཚན་ནི་རླབས་ཆེན་གྱི་སྐྱེས་བུ་གང་མང་གི་རིན་ཆེན་གསེར་ལས་ལྷག་པའི་རྣམ་དཔྱོད་ཀྱི་ཉིང་ཁུ་དེ་དཔེ་ཆའི་བར་གསེང་དུ་འཐིམ་ནས་ཡོད་པ་དང་། ཁོ་ཚོའི་བསམ་པའི་ཁང་བཟང་ནས་བསྐྲུན་པའི་ཆེས་བླ་རུ་འཕགས་པའི་བསམ་བློའི་ཐོན་རྫས་ཀྱང་དཔེ་ཆའི་སྟེང་དུ་མངོན་པར་གསལ་ལ། ཁོ་ཚོའི་ལག་ལེན་དངོས་ལས་བྱུང་བའི་བདེན་ཐུབ་ཀྱི་གནས་ལུགས་དག་ཀྱང་དཔེ་ཆའི་ཡིག་འབྲུ་རེ་རེའི་ཁོང་དུ་སྦས་ཡོད་པ་རེད། དེ་བས། དཔེ་ཆ་ལེགས་པོ་དེ་རིགས་ནི་ང་ཚོའི་ལམ་སྟོན་གྱི་སྒྲོན་མེ་རུ་འགྱུར་སྲིད་ལ། དཔེ་ཆ་དེ་རིགས་བཀླགས་པའི་ཚེ་ན་ང་ཚོའི་བསམ་བློ་འཐུས་ཚང་ཅན་དུ་འགྱུར་བ་དང་། ང་ཚོའི་ཤེས་རྒྱ་ཡངས་པོར་བསྐྱེད་པ། ང་ཚོས་རང་ཉིད་ལ་ངོས་ཟིན་འཐོབ་པ། ང་ཚོའི་བློ་སྒོ་ཆེ་རུ་འབྱེད་པ། ང་ཚོའི་མི་གཞི་ཇེ་ལེགས་སུ་འགྲོ་བ། ང་ཚོའི་རིན་ཐང་ལྟ་ཚུལ་ལེགས་པར་བསྒྱུར་པ་སོགས་ཀྱི་རྒྱུ་རུ་འགྱུར་བ་རེད། དཔེ་ཆ་བཀླགས་ན་མི་ཡི་ཚེ་ཡུན་རིང་དུ་སྲིང་མི་ཐུབ་ཀྱང་། མི་ཚེ་ཡི་མདུན་ལམ་ཇེ་ཡངས་དང་།དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གྲ་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རྔོ་ཐོགས་སྲིད་པས། དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཁོ་ན་ཙམ་མིན་པར། མི་རིགས་གང་དེ་འཕེལ་རྒྱས་དང་དཔལ་ཡོན་ལྡན་པའི་ལམ་དུ་སྐྱོད་པའི་གེགས་རྐྱེན་ཡིན་ནོ། །
རང་རེའི་མེས་པོ་དག་གིས་ཀྱང“རིག་པ་ནངས་པར་འཆི་ཡང་བསླབ”ཅེས་རིག་པའི་གནས་ལ་སྦྱོང་བ་ལྷོད་མེད་བྱེད་དགོས་པའི་བསླབ་བྱ་གནང་འདུག་པ་རེད་ལ། འགྲན་རྩོད་ཀྱི་ཆར་རླུང་དྲག་ཏུ་འཁྲིགས་པའི་དུས་ད་ལྟ་དཔེ་ཆ་ཀློག་པའི་དགོས་པ་ལྷག་ཏུ་ཆེ་སྟེ། དཔེ་ཆ་ཀློག་མིན་དང་སློབ་སྦྱོང་བྱེད་མིན་དེ་ཆུང་ས་ནས་བཤད་ན། ང་ཚོའི་མི་རེ་རེའི་འཚོ་གནས་དང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་པའི་འགག་རྩར་ཐུག་ཡོད་པ་རེད། “དཔེ་ཆ་ཀློག་པར་སྤྲོ་བ་མི་ལྡན་ཚེ། ཉིད་ཀྱི་བསམ་བློའི་བཞུར་རྒྱུན་འཆད་པར་འགྱུར”ཞེས་པ་ལྟར། མི་ཞིག་གི་བསམ་བློའི་བཞུར་རྒྱུན་ཆད་པའི་ཚེ་ན། བྱ་གཞག་གང་ཞིག་བསྒྲུབ་ཀྱང་གསར་སྐྲུན་གྱི་ནུས་པ་གང་ཡང་འདོན་མི་ཐུབ་ཅིང་། རང་གཞན་ཀུན་ལ་སྨན་པ་ཞིག་ཡོང་བ་ནི་དེ་བས་ཀྱང་དཔེ་མི་སྲིད་པས། ང་ཚོ་འཚོ་བ་དོན་ལྡན་ཞིག་བྱེད་ན་ཅིས་ཀྱང་དཔེ་ཆ་བཀླག་དགོས་ཤིང་། དཔེ་ཆ་ཀློག་པའི་གོ་རིམ་ཁྲོད་ནས་བསམ་གཞིག་གནད་སྨིན་བཏང་སྟེ་ལག་ལེན་དངོས་དང་ཟུང་འབྲེལ་བྱེད་དགོས།
དྲ་བ་དང་བརྙན་འཕྲིན་སོགས་རྒྱ་ཁྱབ་ཏུ་དར་བ་དང་བསྟུན་ནས། མི་མང་ཤོས་ཤིག་གིས་དྲ་བ་དང་བརྙན་འཕྲིན་སོགས་ཀྱི་སྟེང་ནས་ཤེས་བྱ་བསྡུ་ལེན་བྱེད་པ་དེ་ཐབས་ལེགས་པོ་ཞིག་ཏུ་རྩི་བཞིན་འདུག་པས། ལ་ཤས་ཀྱིས་དཔེ་ཀློག་གི་དུས་རབས་མཇུག་རྫོགས་སོང་ཞེས་དང་།དེང་གི་དུས་རབས་ནི་འདྲ་རིས(图像)ཀྱི་དུས་རབས་ཏེ། འདྲ་རིས་ཀྱིས་ཡི་གེའི་ཚབ་བྱེད་པ་དང་། ཡི་གེའི་ཚེ་སྲོག་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཅེས་སྨྲ་ནའང་། ཚད་ངེས་ཅན་ཞིག་ནས་བཤད་ན། དྲ་བ་དང་བརྙན་འཕྲིན་སོགས་ནི་དཔེ་ཆ་དང་ཅིས་ཀྱང་བསྡུར་ཐབས་མི་འདུག་སྟེ། འདྲ་རིས་ལ་སྐད་ཆ་བཞིན་གོ་བརྡ་སྤྲོད་པའི་དཀའ་ཁག་མེད་པར་ཐད་ཀ་ཐད་ཀར་གོ་བ་ལེན་བདེ་ཞིང་། ཐ་ན་ལོ་ཙཱ་དང་འགྲེལ་པ་སོགས་ཀྱང་ཞིབ་མོ་བྱེད་མི་དགོས་པར་ཁ་ངོ་འཕྲོད་སླ་ནའང་། དེ་དག་ནི་སྐད་ཅིག་གི"ལོངས་སྤྱོད"དང་ཡང་ན་ཆ་འཕྲིན་བརྒྱུད་སྒྲོག་གི་ཡོ་བྱད་ཙམ་ལས་སློབ་སྦྱོང་དང་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་འགྱུར་མི་སྲིད་ལ། འཛམ་གླིང་རིག་གནས་ཀུན་ལ་གོ་བ་བསྐོན་པའི་ཐབས་ལམ་མཆོག་གྱུར་ཞིག་ཏུའང་ཡེ་ནས་རློམ་ཐབས་བྲལ། "རིག་གནས་འཕྲལ་ཟས"(文化快餐)ཀྱི་རྣམ་པ་དེ་རིགས་ཀྱིས་ནམ་ཡང་སྐབས་ཐོག་གི་བདེ་བ་ཙམ་ལས་དཔེ་ཆ་ནང་བཞིན་ཡུན་རིང་གི་བསམ་བློའི་ཟབ་ཚད་དང་ཤེས་བྱའི་མ་ལག་འཐུས་ཚང་ཞིག་ཐེག་མི་ཐུབ་པས། ང་ཚོས་དོན་གྱི་འབྲས་བུ་ཁུར་དུ་དུད་པའི་དཔེ་ཆ་གང་མང་ལ་ཡང་ལྟ་བསྐྱར་ལྟ་དང་། དེ་ལས་རིག་གནས་ཤེས་བྱ་དང་བསམ་པའི་ཐོན་ཁུངས་འཚོལ་བ་ནི་ཆེས་ལེགས་པར་མཐོང་། དཔེ་ཆ་ཀློག་ནའང་གདམ་གསེས་ཡོད་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བཀླག་རྒྱུ་ནི་གལ་ཆེན་ཡིན་པ་རེད། དེ་མིན་པར་དཔེ་ཆའི་སྟེང་གི་བརྡ་ཁྱབ་ལ་བལྟས་ནས་དར་སྲོལ(时尚)གྱི་རྗེས་བསྙེགས་པ་ནི་ངལ་བ་འབྲས་མེད་ཡིན། ཁོ་བོར་མཚོན་ན་དཔེ་ཆ་ཉོ་དུས་དཔེ་སྟེགས་སྟེང་གི་བྲིན་ཆེའི་དཔེ་ཆའི(畅销书)སྐོར་དེ་ལ་སྤྲོ་བ་ཆེར་མེད་དེ། དེ་དག་ནི་གནས་སྐབས་སུ་དར་ཆེ་བའི་གླུ་གཞས་དང་འདྲ་བར་དུས་ཀྱི་ཉམས་ཚོད་ལས་ཐར་ཐུབ་གི་མ་རེད། དེར་བརྟེན་དཔེ་ཆ་ཀློག་མཁན་རྣལ་མའམ་ཤེས་ཡོན་ཅན་ཞིག་ལ་མཚོན་ན། མང་མང་གིས་ཚ་ཚ་འུར་འུར་ངང་ཀློག་བཞིན་པའི་དཔེ་ཆ་དེ་དག་ལ་ལྟ་བའི་དགོས་པ་ཡོད་མེད་བཤད་དཀའ་སྟེ། དེ་དག་ལས་མང་ཆེ་ཤོས་ནི་དགེ་མཚན་ཆུང་ཞིང་ཕན་ནུས་ཞན་པའི་རིགས་ཡིན་པ་ནི་ཉམས་མྱོང་གིས་ར་སྤྲོད་ཐུབ་པས། ངས་འདོད་པའི་དཔེ་ཆ་ནི་བསམ་བློའི་ཤུགས་ཆེ་ལ། མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལ་ཤུགས་རྐྱེན་ཆེན་པོ་བཟོ་ཞིང་བཀླགས་བརྒྱས་མི་ངོམས་པ་དེ་རིགས་ཡིན་པ་ལས། མར་ནང་གི་སྤུ་ཙམ་ཡང་རྒྱས་སྤྲོས་དང་འུད་ཤོབ་ཀྱིས་བསྒྲགས་པའི་དཔེ་ཆ་ཆུང་ངུའི་རིགས་དེ་ནི་མ་ཡིན་ནོ།།
བསམ་གཞིག་གཏོང་བར་མོས་ཤིང་མི་ཚེའི་འདུན་མ་ཤེས་རིག་གི་ཀློང་ལ་སྲིང་མཁན་ཞིག་དང་། ཕུགས་བསམ་གྱིས་བརྟས་ཤིང་ལང་ཚོའི་འདབ་ལག་རིག་པའི་དབྱིངས་སུ་བརྐྱངས་པའི་མི་བུ་ཞིག་ལ་མཚོན་ན། དཔེ་ཆ་ནི་ཁོའི་ལམ་གྱི་རྒྱགས་ཕྱེ་དང་རིང་ནས་བརྩེ་བའི་གྲོགས་པོ་ལྟ་བུ་ཞིག་ཡིན་སྲིད་ལ། ནམ་ཡང་སློབ་སྦྱོང་གི་ཁྲོད་ནས་གོང་དུ་སྙེག་པ་དང་རང་ལ་རེ་བ་ནན་བཅངས་ཀྱིས་འབད་པ་ལྷོད་མེད་བྱེད་མཁན་ཞིག་ཡིན་པའང་གདོན་མི་ཟ། "བསླབ་མཁས་པ་གླིང་ན་མེད"ཅེས་པ་བཞིན། ང་ཚོས་འགྲོ་མིའི་ཤེས་རིག་གི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་ནི། སྔོན་བྱོན་གྱི་མཁས་པ་དང་རྩོམ་མཁན་གྲགས་ཆེན་སོགས་སྐྱེས་བུ་དམ་པ་རྣམས་ནི་ཐོག་མར་དཔེ་ཆ་པ་ཡིན་ཏེ། ཁོ་ཚོས་དཔེ་ཆའི་སྟེང་ནས་བསམ་བློའི་འཚོ་བཅུད་གཞིབ་ཅིང་། དེ་དག་ཁོང་དུ་ཆུད་པ་དང་རང་གི་ལྟ་བ་དང་མྱོང་བ་ཅི་རིགས་ལ་བརྟེན་ནས་རིག་གནས་ཀྱི་མ་ལག་འཐུས་ཚང་དང་བསམ་བློའི་སྒྲིག་གཞི་མཐའ་རུ་བསྐྱེད་པས་ཕྱི་རབས་པ་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། ཤེས་རིག་སྒྲོན་མེའི་འོད་སྣང་གིས་རྨོངས་པའི་སྐྱེ་བོ་ཁྲི་ཕྲག་གི་མདུན་ལམ་གསལ་བར་བྱས་པ་རེད།
འོན་ཀྱང་། ང་ཚོས་རང་གི་ཉེ་འཁོར་ལ་གཞིགས་ཚེ། ཟང་ཟིང་གི་དངོས་པོ་དང་འུར་ཟིང་གི་མི་ཚོགས་ཁྲོད་བློ་སེམས་རྣལ་ལ་ཕབ་ནས་དཔེ་ཆ་ཀློག་མཁན་གྱི་མི་བུ་ག་ཙམ་ཡོད་ཨང་། རྒྱ་ནག་ལ་དཔེ་རེ་བླངས་ནའང་ལོ་རེར་སྒྲུང་རིང་སྣ་གཅིག་པུ་ཡང་ལྔ་སྟོང་ཡན་པར་དུ་སྐྲུན་བཞིན་ཡོད་སྐད། དེ་དག་གི་ཁྲོད་ནས་རིན་ཐང་ཆེར་བདོག་གི་བརྩམས་ཆོས་ཧ་ཅང་ཉུང་བས་སྤུས་ཀ་དང་གྲངས་ཀ་གཉིས་གོ་ལྡོག་པའི་ཚུལ་དུ་འདུག་ཅེས་སེམས་ཁུར་གྱི་འོ་དོད་བསྒྲགས་པ་མང་དུ་ཐོས་ཐུབ་ཅིང་། དེ་ནི་རྩོམ་པ་པོ་ཚོར་འཚོ་བའི་ཉམས་མྱོང་གིས་དབུལ་བ་དང་།ཤེས་བྱའི་སྒྲིག་གཞི་འཐུས་ཚང་མིན་པ། བསམ་གཞིག་བཏང་བ་མི་འདང་བ་སོགས་ལ་རག་ལས་པར་བཤད། དེས་ན་རང་རེའི་བོད་ཀྱི་རྩོམ་པ་པོའི་སྨྱུག་འོག་གི་བརྩམས་ཆོས་ཀྱང་མཐོ་ཚད་ངེས་ཅན་ཞིག་ཏུ་བསླེབ་དགོས་ན་དཔེ་ཀློག་དང་འབྲལ་ཐབས་མེད་པ་ཡིན་ནོ།། དེ་མིན《ཀྲུང་གོའི་དཔེ་ཀློག་ཚགས་པར》(《中国读书报》)སྟེང་བཀོད་པའི་སློབ་འབྲིང་སློབ་མ་དང་སློབ་ཆེན་སློབ་མའི་དཔེ་ཀློག་གནས་ཚུལ་གྱི་བརྟག་དཔྱད་མཇུག་འབྲས་སུ་དཔེ་ཀློག་གི་ནུས་པ་ཉམས་ཞན་དུ་འགྲོ་བཞིན་པ་དང་། དཔེ་ཀློག་གི་སྤྲོ་བ་མེད་པར་འགྱུར་བཞིན་པ། དཔེ་ཀློག་གི་སྤུས་ཀ་ཇེ་དམའ་རུ་འགྲོ་བཞིན་པ(འཛམ་གླིང་གི་བརྩམས་ཆོས་གྲགས་ཆེན་སྐོར་ལ་ལྟ་མཁན་ཉུང་བ)བཅས་ཀྱི་གནས་ཚུལ་དངོས་བསྒྲགས་འདུག་ལ། དེར་གཙིགས་འཛིན་དང་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་ཡང་བཏང་འདུག རང་རེ་རྣམས་ནི་སྨོས་ག་ལ་དགོས་ཏེ། ཐ་ན། “འཛམ་གླིང་དཔེ་ཀློག་ཉིན་མོ”ཞེས་གཏན་འཁེལ་གྱི་ཉིན་མོ་ཞིག་ཡོད་པ་ཤེས་མཁན་ཡང་ག་ཙམ་ཡོད་དམ། ཡུལ་སྲོལ་གོམས་འདྲིས་དང་སྐད་ཆ། ཡི་གེ་སོགས་ཡོད་པའི་རང་རྐྱ་འཕེར་བའི་མི་རིགས་ཤིག་ཡིན་པའི་ཆ་ནས། ལྷག་ཏུ་ང་ཚོ་མི་རེ་རེ་ནས་དཔེ་ཀློག་གི་འདུན་པ་ཀུན་ནས་བསླངས་ཏེ་རིག་གནས་ཤེས་བྱས་རང་ཉིད་ལ་དྲག་ཆས་སྤྲ་དགོས་པ་ནི་གནད་ཀྱི་དོན་པོ་ལགས། མི་རིགས་གང་དེ་འཚོ་གཞེས་ཀྱི་རིག་གནས་ཁོར་ཡུག་བྱེ་ཐང་ཅན་དུ་གྱུར་པ་ཡིན་ན། མི་རིགས་དེའི་མདུན་ལམ་ཡང་སྐྱ་ཐང་ཐང་ཞིག་ཏུ་འགྱུར་སྲིད་པས། ང་ཚོ་རིག་གནས་པ་རེ་རེའི་ཕྲག་ཏུ་བབས་པའི་འགན་ཁུར་ནི་གཞན་ཀུན་ལས་ཀྱང་ལྕིའོ།།
ཤེས་རིག་དར་བའི་རྨང་གཞི་ནི་རིག་གནས་ཤེས་བྱ་ཡིན་པ་བསྙོན་དུ་མེད། དཔེ་ཆ་ནི་རིག་གནས་ཤེས་བྱའི་ཁུར་འདེགས(载体)གཙོ་བོ་ཞིག་ཡིན་པའི་ཆ་ནས། ང་ཚོས་དཔེ་ཆ་མང་དུ་ཀློག་པ་ནི་དོན་དུ་ཤེས་རིག་ལྡན་པའི་སྤྱི་ཚོགས་ནང་སྐྱོད་པར་བགྲོད་ལམ་བཏིངས་པ་ཡིན་ལ། མི་རིགས་ཤིག་འཇིགས་ཉེན་ལས་ཐར་ཐུབ་མིན་དང་། མི་རིགས་ཤིག་ལ་རེ་བ་ཡོད་མེད་ཀྱང་དཔེ་ཀློག་དང་འབྲལ་ཐབས་མེད་པས། ང་ཚོས་མཉམ་དུ་དོན་སྙིང་ལྡན་པའི་ཉིན་མོ་དེ་ལྟ་བུ་ཡིད་ལ་བཅགས་ནས། དཔེ་ཆ་ལེགས་པོ་དང་དཔེ་ཆ་རིན་ཐང་ཅན་བཀླགས་ཏེ་འགན་འཁྲི་ཅན་གྱི་མི་བུ་ཞིག་བྱེད་པ་ནི་བཤོལ་མེད་ཀྱི་འདམ་ག་ཡིན།
མཇུག་ཏུ་གྲོགས་པོ་ཡོངས་ལ་འཛམ་གླིང་དཔེ་ཀློག་ཉིན་མོར་ལེགས་སྐྱེས་སུ་དབུལ་རྒྱུ་ནི“དཔེ་ཆ་ནི་ང་ཚོའི་དུས་རབས་འདིའི་ཚེ་སྲོག་ཡིན”(པེ་ལིན་སི་ཁེའི་གསུང)ཅེས་པ་དེའོ།།