སྲོལ་རྒྱུན་ཐོང་འབྱེད་ཆོ་ག་ལས་ལོ་ཡག་འབོད་སྟངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སྲོལ་རྒྱུན་ཐོང་འབྱེད་ཆོ་ག་ལས་ལོ་ཡག་འབོད་སྟངས།

ཝེ། ཐོང་ལྕགས་འཕེན་ཀི་ཤོག

ཡ། དེ་རིང་ནམ་ལངས་ཀྱི་དང་པོ།

ཉི་ཤར་གྱི་རྩེ་མོ།

རྟེན་འབྲེལ་གྱི་མགོ་མ་འདི་ལ།

ངས་གསེར་གྱི་གླང་མོ་ཆེ་གཉིས་ལ་སྐེ་བཅོས་ལས་ནས་ཟེར་ཀི

སྐེ་ཤིང་འཕྲེད་ཀྱིས་འཕངས་ནས།

དངུལ་གྱི་ཁ་ཆ་གཞུག་ལ་དྲུད་ནས།

བཅོམ་ལྡན་འདས་ཀྱིས་སྣེ་ཁྲིད་ནས།

ཤཱཀྱ་ཐུབ་པས་གཟུ་བྱས་ནས།

ངས་རིན་ཆེན་གསེར་གྱི་ས་གཞིའི་སྟེང་ལ།

རི་ཆུང་སྔོན་མོར་ཐུང་ལེན་བཟིག་བྱེད་ཡཱ།

 

དང་པོ་མི་ལུས་རིན་ཆེན་ཡིན་པས་ཡག་བཟིག་བསྐུ་དགོས་ཟེར་ཀི

ཁྱོའི་མགོ་ལ་བསྐུས་ན་མགོ་འཕང་མཐོ་ཡཱ།

འདབ་ལ་བསྐུས་ན་འདབ་ལག་རྒྱས་ཡཱ་ཟེར་ཀི

ཁ་ལ་བསྐུས་ན་ཁ་ལ་དགེ་ཡ་ཟེར་ཀི

གསེར་སྒ་གླང་མོ་ཆེ་ཡིན་པས་ཡག་བཟིག་བསྐུ་དགོས་ཟེར་ཀི

རྭ་ལ་བསྐུས་ན་རྭ་རྐང་འཛོམས་མ་ཟེར་ཀི

སྐེ་ལ་བསྐུས་ན་སྐེ་ཤེད་རྒྱས་ཡཱ་ཟེར་ཀི

གསེར་གྱི་སྐེ་ཤིང་ཡིན་པས་ཡག་བཟིག་བསྐུ་དགོས་ཟེར་ཀི

དངུལ་གྱི་ཁ་ཆ་ཡིན་པས་ཡག་བཟིག་བསྐུ་དགོས་ཟེར་ཀི

 

ཡ། དང་པོ་ངས་འབྲུ་རིགས་སྣ་ལྔའི་ས་བོན་འདི་དགུང་ལ་གཅིག་མཆོད་ཡཱ།

མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ།

དཔའ་བོ་མཁའ་འགྲོ།

ཆོས་སྐྱོང་སྲུང་མ།

བོད་མགོ་ནག་གི་སྐྱབས་རེ་ས།

གནམ་སྐྱོང་གུང་སྨན་རྒྱལ་མོ།

གནམ་རྒན་སྔོ་ལྡང་མ།

སྐུ་གསུམ་རྩ་བའི་བླ་མ།

ཤར་ཕྱོགས་རྡོ་རྗེ་སེམས་དཔའ།

ནུབ་ཕྱོགས་སྣང་བ་མཐའ་ཡས།

དུས་གསུམ་གྱི་སངས་རྒྱས།

རིགས་གསུམ་གྱི་མགོན་པོ།

མཆོག་གསུམ་གྱི་དགེ་འདུན།

རྩ་གསུམ་གྱི་ལྷ་ཚོགས།

ལྷ་ཨོ་རྒྱན་པདྨ་འབྱུང་གནས།

མཁའ་འགྲོ་ཆོས་སྐྱོང་སྲུང་མ།

དྲག་པོའི་ལྷ་སྲིན་སྡེ་བརྒྱད།

ལྷ་ཆེན་ཚངས་པ་དཀར་པོ།

འཛམ་གླིང་གེ་སར་རྒྱལ་བོ།

དགྲ་ལྷ་ཝེར་མ་བཅུ་གསུམ།

རང་གི་ཆོས་སྐྱོང་སྲུང་མ།

ཆོས་སྐྱོང་མ་གཟའ་རྡོར་གསུམ།

ཆོས་སྐྱོང་ཀརྨ་དབང་གྲགས་བསྟན་སྲུང་།

རྒྱབ་ཀྱི་དཔལ་གྱི་རི་བོ།

ནུབ་ཕྱོགས་རྡོ་རྗེ་གཟི་འབར།

 

ལོ་ཡག  ལོ་ཡག  ལོ་ཡག

ཡ། རྒྱ་བོད་སོག་གསུམ་གྱིས་མཆོད་ཀོ་ནོ།

འཇམ་འབྲོག་རོང་གསུམ་གྱིས་བཀུར་ཀོ་ནོ།

བོས་ན་ཨ་ཟེར་ནོ་བཅོལ་ན་ཡ་ཟེར་ནོ།

ལྷ་གསོན་པོ་ཐུགས་དྲོན་པོ་ཡོད་ནོ།

ལྷ་འཇམ་དབྱངས་ནག་པོའི་ཐུགས་ཀྱི་སྤྲུལ་བ།

ཁྲི་ཀའི་ཤན་པན་གྱི་ཡུལ་ལྷ།

 

ཡ་ལོ་མགོ་ཐུགས་སྲས་རྒྱལ་བོ།

ཐུགས་ཆེན་བཙུན་མོ།

ལོ་ཚིགས་གནམ་ལོའི་ལོ་འདི་ལ།

ངས་ཕར་ལ་འབྲུ་ཞིག་བཏབ་ན།

ཚུར་ལ་འབྲུ་བརྒྱ་སྐྱེ་དགོས།

ཕར་ལ་ཐ་རེ་ཐོར་རེ་བཏབ་ན།

ཚུར་ལ་བ་ངེ་བོང་ངེ་སྐྱེ་དགོས།

 

ཡ། ངའི་ལོ་མགོ་ལ་སེར་བ་མ་ཁེལ།

ལོ་རྟིང་ལ་འབུ་སྲིན་མ་ཁེལ།

གནམ་ལ་ཆར་ཆུ་འཛོམས་དགོས།

ས་ལ་རྫ་ཆུ་འཛོམས་དགོས།

ལོ་རྟིང་ཟོར་བས་མི་ཆོད་པའི་ལོ་ཡག་དགོས།

ལོ་མགོ་རྡོ་རིལ་མི་ནོན་པའི་ལོ་ཡག་དགོས།

ཡེ། ལོ་ཡག་ཤོག  ལོ་ཡག་ཤོག

 

སྟོད་རྒྱ་གར་ཡུལ་གྱི་ལོ་ཡག་འདིར་ཤོག

སྨད་རྒྱ་ནག་ཡུལ་གྱི་ལོ་ཡག་འདིར་ཤོག

སྤུར་རྒྱལ་བོད་ཀྱི་ལོ་ཡག་འདིར་ཤོག

རྨ་ཕར་རིའི་ལོ་ཡག་འདིར་ཤོག

རྨ་ཚུར་རིའི་ལོ་ཡག་འདིར་ཤོག

གཤོང་ཞན་བ་མོ་སྟེང་གི་ལོ་ཡག་འདིར་ཤོག

རེབ་གོང་གསེར་མོ་ལྗོངས་ཀྱི་ལོ་ཡག་འདིར་ཤོག

ལྷོ་རྒྱུད་འཛམ་བུ་གླིང་གི་ལོ་ཡག་འདིར་ཤོག

ལོ་ཡག ལོ་ཡག ལོ་ཡག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།