སེམས་འདི་ངོ་མ་མཚར་བོ་ཞིག་རེད། དཔལ་མོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

སེམས་ཟེར་བ་འདི་ངོ་མ་མཚར་བོ་ཞིག་རེད། 

མ་སེམས་ཅན་ཐམས་ཅད་ཀྱིས་མཚན་མོ་གོན་ཏེ་གཉིད་འདུག་དུས། 

ཁོ་ལ་ཉིན་དཀར་ལས་ལྷག་པའི་འོད་འཁྱུག་སྟངས་ཤིག་ཡོང་། 

ཉིན་དཀར་ཟང་ཟིང་དུ་གྱུར་པའི་ངང་ཚུལ་ལ་འགྱོད་གདུང་དང་། 

ནམ་རྒྱུན་གཞན་དབང་དུ་ཚུད་པའི་དཀའ་སྡུག་ལ་རྒོལ་བ་བཞིན། 

མཚན་མོའི་ལྷིང་འཇགས་ལ་མ་ཆུད་པར་སྔོ་ཡུག་ཡུག་འཕྱུར་འོང་། 

སྐབས་དེར་ཁོས་ལྷག་བསམ་ཆེ་བའི་དྲིལ་ཆུང་ཞིག་གིས། 

གཉིད་དུ་ཡུར་བའི་བྱིས་པ་ཞིག་ལ་ཅོང་བརྡ་རྒྱག་པ་བཞིན། 

དོན་དག་མང་བོའི་སྣེ་མོ་སྨག་ནག་གི་རུམ་ནས་བསླངས་ཤིང་། 

ངའི་གཉིད་དང་ངལ་གསོའི་ལམ་ཁར་ཤིག་ཤིག་ཏུ་འཚང་འོང་། 

ཉིན་གཅིག་ལ་བཀོལ་བའི་རྫོགས་ཚིག་ཡང་ཡང་བསུམས་འགྲོ། 

སེམས་ཟེར་བ་འདི་ངོ་མ་མཚར་བོ་ཞིག་རེད། 

ངས་ནམ་རྒྱུན་ཁོ་ལ་ཡིད་རྟོན་ལས་རྒྱབ་འགལ་མི་བྱེད་ཀྱང་། 

ཁོ་ལ་མནར་གཅོད་བྱེད་པའི་འགན་འཁྲི་བདོག་པ་ལྟར། 

ངའི་རྒུད་པའི་ལུས་པོ་འདི་མལ་ཁྲི་ལ་ལྗིད་ཏིག་གེར་གཡུགས་རྗེས། 

དྲན་རིག་གི་ལྕག་ཙཚན་ཕྲ་མོས་བརྩེ་མེད་དུ་འབྲབ་ངེས་ཡིན། 

མཚན་མོ་སླེབས་ཐེངས་རེར་ཁོས་ཧ་ཅི་ཞིག་གོ་སོང་བ་ལྟར། 

ངའི་དབང་རྩ་སོ་སོའི་སྐུད་སྣེ་རེ་རེ་ནས་ཤེད་ཀྱིས་འཐེན་ཞོར། 

གླུ་ཚིག་དང་དབྱངས་རྟ་གང་ཡང་མེད་པའི་བཞུར་རྒྱུན་ཞིག 

གདུག་རྩུབ་ཀྱིས་ངའི་ཡ་ཆུང་ནང་ལ་ཚ་བེར་བེར་སྤྲད་འོང་། 

སེམས་ཟེར་བ་འདི་ངོ་མ་མ་ཚར་བོ་ཞིག་རེད། 

ཁོས་རྣོ་དབལ་ལྡན་པའི་རལ་གྲི་ཞིག་འོད་ལམ་ལམ་འཕྱར་ཞིང་། 

དུས་ཙོད་ཀྱི་གཤོག་ཟུང་ལ་དུག་གི་རླངས་པ་ཡང་ཡང་བསྒོས་ཏེ། 

ངའི་མཚན་མོའི་རྨི་ལམ་གྱི་སྲུབས་ལ་བཙན་གྱིས་འཛུལ་འོང་། 

ཉིན་དཀར་ལ་འཁྱག་རོམ་ཆགས་རྗེས་སྨག་རུམ་གྱི་ཤུབས་ལས། 

འབྱུང་སྲིད་དང་མི་སྲིད་པ་དག་ལ་དམར་འཛིང་ཐེབས་སུ་འཇུག 

སྟོང་འདང་གི་སོར་མོའི་བར་ནས་འཛད་ངེས་པའི་ཐ་སྙད་དག་གི 

རེག་བྱ་གཉོམ་པོའི་ཡན་ལག་ལ་རྨས་སྐྱོན་ཕོག་པར་བྲེད་ཤ་ལང་ཞོར། 

བརྩེ་བས་རེག་དུས་ཀྱི་དྲན་སྣང་ལས་ན་ཟུག་དམར་པོ་བཞུར་འོང་། 

སེམས་འདི་ངོ་མ་བཅོས་ཐབས་བྲལ་པའི་མཚར་བོ་ཞིག་རེད། 

བརྩེ་བའི་ལྷ་ཕྲུག་དེ་ལ་ལུས་སེམས་ཀྱི་མཆོད་པ་ཇི་ལྟར་ཕུལ་ན། 

དེ་ལྟར་གཡང་གཟར་ལ་འཕེན་པའི་ལག་དམར་ཞིག་ཏུ་བརྫིས་ཏེ། 

ཉིན་མཚན་ལ་གོ་འབྱེད་དཀའ་བའི་གཅོང་རོང་དུ་ལྟུང་བར་བཟོ་ངེས། 

སེམས་འདི་ངོ་མ་ཆག་གྲུམ་ཐེབས་པའི་ཤེལ་ཕོར་ཞིག་ན་འཛར་བའི། 

བཟི་སྟོབས་ཞན་པའི་ཆང་སྙིགས་ཧུབ་གང་གི་རྫིག་ཉམས་དང་འདྲ། 

སེམས་འདི་ངོ་མ་མཚན་མོ་ནག་པོ་ས་ལ་བྱོ་བའི་ལྗིད་ཚད་དང་འདྲ། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།