ང་ཚོ་འབྲོག་གི་བུ་མོ། སྙན་རྐང་གླིང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། སྙན་རྐང་གླིང་།

གཤིས་སྤྱོད་ལྷ་ཡི་ངང་ཚུལ། །

འགྲོགས་ན་འདྲིས་ཤིང་བྱམས་པ། །

མཇལ་ན་ཡིད་དབང་འཕྲོག་པ། །

ང་ཚོ་འབྲོག་གི་བུ་མོ། །

ཞལ་རས་ལག་གིས་མ་བཅོས། །

བྱུགས་རྫས་གཞན་གྱིས་མ་བསླད། །

རང་བྱུང་དོད་པའི་ཞལ་རས། །

ཁྲ་ཆུང་མིག་ཏུ་མཛའ་བྱུང་། །

མཆུ་སྒྲོས་བུམ་པའི་ལྟོ་བར། །

དམར་བའི་རྫས་དེ་མ་བྱུགས། །

རང་བཞིན་སྣུམ་པའི་མདངས་དེ། །

འདོད་པའི་ཁ་མཆུ་སྡུད་བྱུང་། །

ཞལ་རས་འཛུམ་དཀར་ཟླ་བ། །

འབྲོག་པའི་ལྷས་ནས་འཛུམ་དུས། །

མཛེས་པའི་མདངས་ཤིག་མངོན་བྱུང་། །

སྙིང་ཆུང་དམར་པོ་འཕྲོག་སོང་། །

ཐེངས་རེར་མཐོང་བས་མི་ངོམ། །

མི་ཚེ་གཏན་འགྲོགས་བསམ་ཡོད། །

ལས་ཀྱིས་བཀོད་པ་འདུག་ན། །

མཉམ་དུ་ཁ་ཕྱོགས་འཚོལ་འགྲོ། །

དབུ་སྐྲ་ལྕང་ལོ་གནག་སྣུམ། །

མཛེས་པའི་རྒྱབ་ཏུ་སྐྱོད་དུས། །

དགའ་བའི་ཉམས་ཤིག་དོད་ལ། །

མཛའ་བའི་གར་དུ་བསྡོངས་འདུག །

སྐུ་ལུས་འབྲོག་ཏུ་སྐྱེས་ཏེ། །

ལང་ཚོ་འབྲོག་ནས་རྒྱས་ལ། །

འབྲོག་ཡུལ་སེམས་སུ་འཛིན་པའི། །

ཨ་ཅག་འབྲོག་གི་མཛངས་མ། །

སྲོལ་རྒྱུན་འབྲོག་གི་འཚོ་བ། །

དཀའ་དང་ངལ་བས་སྐྱོང་ནས། །

འབྲོག་སར་རྟ་ནོར་འཚོ་བའི། །

འབྲོག་མོ་གཡང་གི་ལྷ་མོ། །

སེམས་པ་བལ་ལས་དཀར་ཞིང་། །

ཞི་དུལ་བག་འཇམ་ལྡན་བཞིན། །

བརྩེ་ལྡན་སེམས་རྒྱུད་དྲང་མོས། །

འབྲོག་ཁྱིམ་སྲོག་ཏུ་བཟུང་ཡོད། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།