མི་མ་ཡིན། ཆོས་དབྱིངས་རྒྱ་མཚོ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

འདི་ནི་སྤྱི་ལོ2225ལོར་བྱུང་བའི་གཏམ་རྒྱུད་ཅིག་རེད།

སྐབས་དེར། འཇིག་རྟེན་འདིའི་སྟེང་དུ་མི་ཉུང་ངུ་ལས་མེད། སྐབས་དེའི་འཇིག་རྟེན་ནི་མི་མ་ཡིན་གྱིས་དབང་སྒྱུར་བྱེད་བཞིན་ཡོད་ཅིང་། མི་མ་ཡིན་རྣམས་ཆར་རྗེས་ཀྱི་ཤ་མོ་བཞིན་མང་དུ་འཕེལ་ཡོང་བ་དང་མི་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་དཀོན་པའི་སྲོག་ཆགས་ཤིག་ཏུ་གྱུར་ཏེ། ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད། འོན་ཀྱང་། སྐབས་དེའི་མི་རྣམས་ནི་ཇི་ལྟར་དཀོན་པར་གྱུར་ཡང་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་སྟེ་སྲུང་སྐྱོབ་གནང་མཁན་ནི་གཅིག་ཀྱང་མེད་པས། འཇིག་རྟེན་འདིར་མི་ཞེས་པའི་འགྲོ་བ་ཉིད་རྩ་མེད་དུ་འགྱུར་བར་དུས་ཚོད་རིང་པོ་མི་དགོས་པ་འདྲ། དེ་བས། གསེར་ལུང་ཞེས་པའི་མཐོ་སྒང་གི་འབྲོག་ས་འབྲོག་ཡུལ་འདི་ཡང་མི་མ་ཡིན་གྱི་ཡུལ་ལུང་ཞིག་ཡིན་ཞེས་བཤད་ན་མི་ཆོག་པ་མེད་དེ། སྐབས་དེར་ལུང་པ་འདིར་འཛོམས་སྐྱིད་ཅེས་པའི་མ་རྒན་ཞིག་ལས་མི་གཅིག་ཀྱང་ལྷག་མེད།

འཛོམས་སྐྱིད་ནི་ཡུལ་ལུང་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་ལ། མོའི་ཕ་མེས་ཡང་མེས་ཐམས་ཅད་ཀྱང་མིའི་རིགས་སུ་གཏོགས་པ་ཤ་སྟག་ཡིན་མོད། རྗེས་སུ་གློ་བུར་གློ་བུར་དུ་མི་མ་ཡིན་གྱི་རིགས་མང་དུ་འཕེལ་ཡོང་བ་དང་མིའི་རིགས་ཀྱི་རྒན་རབས་པ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཚེ་ཡི་འཕེན་པ་རྫོགས་རྗེས། ད་ལྟ་གསེར་ལུང་སྡེ་བའི་ཡར་ནང་མར་ནང་ཐམས་ཅད་དུ་མིའི་རིགས་སུ་གཏོགས་པ་ནི་འཛོམས་སྐྱིད་ཁོ་ན་ཡིན།

འཛོམས་སྐྱིད་ཚང་ནི་མི་གཅིག་དང་མི་མ་ཡིན་གཉིས་ཀྱིས་གྲུབ་པའི་ཁྱིམ་ཚང་ཞིག་ཡིན། འོན་ཀྱང་། མི་རིང་བའི་ཡར་སྔོན་ལ་འཛོམས་སྐྱིད་ཀྱི་ཁྱོ་ག་སྟེ་མི་མ་ཡིན་འཕྲུལ་སྟོབས་ནི་འཇིག་རྟེན་དཀར་ངོགས་ནས་བྲལ་སོང་བས། ད་ལྟ་ཁྱིམ་ཚང་འདིར་འཛོམས་སྐྱིད་དང་མོའི་བུ་ཆུང་མི་མ་ཡིན་འཕྲུལ་འཕེལ་གཉིས་ལས་མེད། མི་གཅིག་དང་མི་མ་ཡིན་གཅིག་གིས་གྲུབ་པའི་ཁྱིམ་ཚང་འདི་གསེར་ལུང་སྡེ་བའི་སྡེ་སྟོད་དུ་ཆགས་ཡོད་ཅིང་། ཁྱིམ་མཚེས་རུ་སྐོར་མང་པོ་མེད་པའི་ཁར་ཕན་ཚུན་གྱི་ཁ་ཐག་ཅུང་ཙམ་རིང་བས། སྡེ་བ་འདི་ནི་ཤིན་ཏུ་ལྷིང་འཇགས་གེར་གནས། ལྷིང་འཇགས་ཀྱི་ཚད་ནི་ཡུལ་ལུང་འདིར་སྲོག་ལྡན་གཅིག་ཀྱང་མི་གནས་པ་ལྟ་བུ་ཞིག་ཏུ་འཁུམས། ཡང་ན་འདིར་ཡོད་ཀྱི་སྲོག་ལྡན་ཡིན་ནོ་ལོ་ཐམས་ཅད་ནི་ངག་ལྐུགས་པ་ཇི་བཞིན་ཕན་ཚུན་ལ་འབྲེལ་འདྲིས་ཤིན་ཏུ་ཉུང་།

འཕྲུལ་སྟོབས་འཇིག་རྟེན་དཀར་ངོགས་དང་བྲལ་བ་ནས་བཟུང་། ཁྱིམ་ཚང་འདི་ནི་སྔར་ལས་ཀྱང་ལྷིང་འཇགས་སུ་གྱུར་སོང་། ཨ་མ་འཛོམས་སྐྱིད་ཀྱིས་དུས་རྒྱུན་ཁོམ་ལོང་ཅུང་ཙམ་རེ་བྱུང་བ་དང་བསྟུན་ནས་ཁ་ཏོན་འདོན་ཅི་ཐུབ་དང་། འཇིག་རྟེན་ཕྱི་མ་འགྲིམ་ཚར་བའི་ཁྱོ་གའི་དོན་དུ་བསྔོ་བ་སྨོན་ལམ་ཅི་ཐུབ་བགྱིད་བཞིན་ཡོད་མོད། འོན་ཀྱང་། བུ་འཕྲུལ་འཕེལ་ནི་དུས་སྐབས་དེ་ནས་བཟུང་ཤིན་ཏུ་སྤྲོ་སྣང་ཅན་ཞིག་ཏུ་གྱུར་སོང་སྟེ། ཕ་རྒན་འཇིག་རྟེན་ནས་བྲལ་སོང་བ་དེས་ཁོ་ལ་འཛད་མཐའ་བྲལ་བའི་སྤྲོ་སྣང་ཞིག་བསྩལ་བ་ཇི་བཞིན་ཉིན་མཚན་དབྱེར་མེད་དུ་དགའ་བའི་འཛུམ་གྱིས་ཁེངས་འདུག་ཅིང་། སྐབས་ལན་རེར་སྒོ་ཁྱིམ་ཕྱི་ནང་ནས་སྣ་གླུ་ཐན་ཐུན་རེའང་བླངས་ཡོང་། དེ་ལ་ཨ་མ་འཛོམས་སྐྱིད་ཤིན་ཏུ་མ་རངས་པར་བུ་ཆུང་ལ་དུས་ངེས་མེད་དུ་གཤེ་གཤེ་བཏང་ནའང་། འཕྲུལ་འཕེལ་ནི་དགོད་འཛུམ་འཛུམ་དུ་འདུག་པ་ལས་ཡིན་མིན་གྱི་ལན་ཅི་ཡང་མ་སྦྱིན་པས། ཨ་མ་འཛོམས་སྐྱིད་ཀྱང་འུ་ཐུག་ཐབས་ཟད་ནས་ཅི་བྱ་གཏོལ་མེད་དུ་གྱུར་སོང་།

དུས་ངན་སྙིགས་མའི་མཐའ་ཟེར་བ་ལོས་ཡིན། ཕ་རྒན་ཤི་སོང་ན་སེམས་དགའ་ནས་འདུག་མཁན་སུ་ཞིག་ཡོད།

ང་ཡོད་པ་མིན་ནམ།

ཁྱི་ཁ་ཚུམས།

ཕ་ཤི་ན་ལོས་དགའ་སྟེ། མ་ཤི་ན་དེ་ལས་ཀྱང་དགའ།

ཨ་མ་འཛོམས་སྐྱིད་ཀྱིས་བུ་ཆུང་གི་སྐད་ཆ་དེ་དག་ཚོར་དུས་ཧ་ལས་ཤིང་ཧང་སངས་སོང་། ཡུད་ཙམ་གྱི་རིང་ལ་བུ་ཆུང་གི་གདོང་ལ་མིག་ཅེ་རེར་ལྟ་བཞིན་སྡོད་པ་ལས་ཅི་ཞིག་བཤད་དགོས་པའང་མ་ཤེས། ཁ་གདངས་མིག་ཅེར་བའི་རྣམ་པ་དེས་འཕྲུལ་འཕེལ་དེ་ལས་ཀྱང་དགོད་འཛུམ་འཛུམ་དུ་བཏང་། དགོད་འཛུམ་འཛུམ་གྱི་ངོ་གདོང་དེ་ཨ་མ་འཛོམས་སྐྱིད་ཀྱི་མིག་ལ་ཐོགས་ཐེངས་རེར་མོ་རང་སྙིང་ལངས་ནས་གས་འགྲོ་ནའང་། འཕྲུལ་འཕེལ་ནི་སྔར་བཞིན་དགོད་འཛུམ་འཛུམ་དུ་འདུག

ཁྱོ་ག་འཇིག་རྟེན་དཀར་ངོགས་ནས་བྲལ་དུས། ཁྱིམ་མཚེས་རུ་སྐོར་དང་གཉེན་ཉེ་དུ་གྲོགས་མཛའ་བཤེས་གཅིག་ཀྱང་མ་བྱུང་བ་དེས་ཨ་མ་འཛོམས་སྐྱིད་ཀྱི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཞག་ཡོད་པའི་ཁར། ད་ལྟ་བུ་ཆུང་ཡང་དེ་འདྲའི་མ་རབས་ཐ་ཤལ་ཞིག་ཏུ་གྱུར་སོང་བས། མོ་རང་སེམས་སྡུག་པའི་སྟེང་ལ་ཁེར་རྐྱང་གི་གདུང་བས་ཡང་ཡང་མནར་ཡོང་། དྲང་མོར་བཤད་ན། ད་ལྟ་ཡུལ་ལུང་འདིར་མོ་ལ་བུ་ཆུང་འཕྲུལ་འཕེལ་མ་གཏོགས་གཉེན་ཉེ་རུ་བགྲང་རུང་བ་གཅིག་ཀྱང་མེད་དེ། མོ་རང་གི་ཕ་མ་ཟུང་འཇིག་རྟེན་དང་གྱེས་པ་ནས་མོ་ལ་ཤ་ཁྲག་གཅིག་པའི་གཉེན་ཉེ་གཞན་པ་གཅིག་ཀྱང་མེད། འོན་ཀྱང་། འཕྲུལ་སྟོབས་དང་འཕྲུལ་འཕེལ་གྱི་གཉེན་ཉེའི་རིགས་སུ་གཏོགས་པ་ནི་མང་པོ་ཞིག་ཡོད་མོད། དེ་དག་ནི་ཕན་ཚུན་ལ་འབྲེལ་བ་ཅི་ཡང་མེད་པ་ལྟར་དོན་དག་ཆེ་ཕྲ་ཅི་བྱུང་ཡང་ཁ་ཡ་གཏན་ནས་མི་བྱེད།

དུས་དེ་ནས་བཟུང་། མོ་རང་དགོང་མོ་རེ་རེ་བཞིན་རྨི་ལམ་རྨི་མཁན་ཞིག་ཏུ་གྱུར་སོང་། རྨི་ལམ་དུ་འཇིག་རྟེན་དཀར་ངོགས་ནས་བྲལ་སོང་བའི་ཁྱོ་ག་འཕྲུལ་སྟོབས་ཡང་ཡང་རྨིས་ཡོང་བ་དང་། ཁྱོ་གས་དམྱལ་བའི་ཁམས་སུ་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་པའི་སྣང་བརྙན་འབའ་ཞིག་འཆར་ཡོང་། སྐབས་རེར་གྲང་དམྱལ་ན་ཨ་ཆུ་ཆུ་ཞེས་སྡུག་སྐད་འདོན་བཞིན་པ་དང་། ལན་རེར་ཚ་དམྱལ་ན་ཨ་ཚ་ཚ་ཞེས་ཚ་གདུག་མི་བཟོད་པར་སྡུག་བསྔལ་རབ་དང་རིམ་པ་མྱོང་བཞིན་པའི་སྣང་བརྙན་ཤིན་ཏུ་གསོན་ཉམས་དོད་པོའི་སྒོ་ནས་འཆར་ཡོང་།

ལོ་དེར། འཛོམས་སྐྱིད་ཀྱི་ཕ་མ་ཟུང་འདས་གྲོངས་སུ་གྱུར་ཏེ་མི་ལོ་མང་ཙམ་ཕྱིན་ཡང་། མོ་རང་མིའི་རིགས་སུ་གཏོགས་པ་ཞིག་གི་མནའ་མར་འགྲོ་ས་མ་རྙེད་པས། མཐར་འཕྲུལ་སྟོབས་ཞེས་པའི་མི་མ་ཡིན་ལོ་ཡར་གསེག་ཅིག་དང་མཉམ་དུ་འདུག་དགོས་བྱུང་། འོན་ཀྱང་། འཕྲུལ་སྟོབས་ལ་ནད་རྙིང་ཞིག་ཡོད་པ་དེ་འཕར་ནས་རིམ་བཞིན་མོ་ལ་དཀའ་ལས་ཅུང་ཙམ་གཏད་ཡོང་བ་ལས་རྒྱུན་པར་གཤིས་ཀ་འཇམ་པོ་ཞིག་ཡིན་པས། དུས་ཀྱི་འགྲོས་དང་བསྟུན་ནས་ཕན་ཚུན་བརྩེ་བ་ཟབ་ཙམ་བྱུང་། མ་མཐའ་ཡང་འཛོམས་སྐྱིད་ཀྱི་ངོས་ནས་དེ་ལྟར་འདོད་མྱོང་།

མོ་རང་རྨི་ལམ་ལས་སད་ཐེངས་རེར་དམྱལ་བའི་གཏིང་ལ་ལྷུང་ཡོད་པའི་ཁྱོ་གའི་ཆེད་དུ་ཆོས་ཡག་པོ་རེ་བསྒྲུབ་རྒྱུ་བྱུང་ན་ཅི་མ་རུང་དྲན་ཡོང་མོད། འོན་ཀྱང་། མི་མ་ཡིན་གྱིས་གཏམས་པའི་ཡུལ་སྡེ་འདིར་ཆོས་སྒྲུབ་མཁན་ཞིག་ལྟ་ཅི། ཐ་ན་སེར་གཟུགས་ཅན་གྱི་ཨ་ཁུ་ཞིག་གི་གྲིབ་མ་ཙམ་ཡང་མཇལ་དུ་མེད། དེ་བས། ཉིན་དེར་ཁྱོ་གའི་ཕུང་པོ་ས་འོག་ཏུ་སྦས་པ་ནས་བཟུང་མོས་ཁོམ་སྐབས་དང་བསྟུན་ནས་ཁ་ཏོན་དགེ་སྦྱོར་ལ་འབད་པ་ལས། དེ་མིན་སུ་གཅིག་གིས་ཀྱང་འདས་པོའི་དོན་དུ་སེམས་སྡུག་མི་བྱེད། ཐ་ན་ཁོ་རང་གི་ཤ་ཁྲག་ལས་ཆད་པའི་བུ་ཆུང་གིས་ཀྱང་སེམས་སྡུག་མི་བྱེད། ལྡོག་སྟེ་དགོད་འཛུམ་འཛུམ་དུ་ཡོད་པ་དེ་རེད།

འཕྲུལ་སྟོབས་ཕྱི་མའི་ལམ་དུ་ཕྱིན་པ་ནས་བཟུང་། ཨ་མ་འཛོམས་སྐྱིད་ཉིན་མཚན་མེད་པར་སེམས་སྡུག་དང་ཁེར་རྐྱང་གི་སྣང་བས་དུས་འདའ་དགོས་བྱུང་བ་དང་། བུ་ཆུང་འཕྲུལ་འཕེལ་ནི་ཉིན་བཞིན་དགོད་འཛུམ་འཛུམ་དུ་བསྡད་པས། དུས་དེ་ནས་བཟུང་མ་བུ་གཉིས་ཀྱིས་གྲུབ་པའི་ཁྱིམ་ཚང་འདིར་སྐབས་རེར་ཉིན་གང་བོར་ཁ་བརྡ་ཚིག་གཅིག་མེད་པ་དང་། ཡང་སྐབས་རེར་ཉིན་ཞག་གསུམ་བཞི་རེར་ཁ་བརྡ་ཚིག་གཅིག་མེད་པའི་སྣང་ཚུལ་བྱུང་། དེ་ལྟ་ནའང་། འཕྲུལ་འཕེལ་གྱི་གདོང་གི་འཛུམ་མདངས་ལ་བར་ཆད་ཅི་ཡང་མ་བྱུང་བའི་ཁར། མ་འཛོམས་སྐྱིད་དང་སྐད་ཆ་ཚིག་གཅིག་མ་བྱུང་ན་ཡང་ནམ་རྒྱུན་མོའི་གདོང་ལ་བལྟས་ནས་འཛུམ་དམུལ་དམུལ་བྱེད།

འོན་ཀྱང་། དུས་ཀྱི་འགྲོས་དང་བསྟུན་ནས་ཨ་མ་འཛོམས་སྐྱིད་ཀྱིས་བུ་ཆུང་འཕྲུལ་འཕེལ་གྱི་གདོང་གི་འཛུམ་མདངས་ལ་འགྱུར་བ་འགྲོ་བཞིན་པ་ཉམས་སུ་ཆུད། ཐོག་མའི་འཛུམ་མདངས་ཀྱི་ཁྲོད་དུ་ཡོད་ཚད་ལ་དབང་སྒྱུར་ཐུབ་སོང་བ་ལྟ་བུའི་དཔའ་གདེང་ཞིག་འདྲེས་ཡོད་ནའང་། ད་ལྟ་ཁོའི་གདོང་གི་འཛུམ་མདངས་ཁྲོད་དུ་གསར་བུ་ཞིག་གིས་ཆགས་ལྡན་མ་ཞིག་མཐོང་བ་ཇི་བཞིན་ཆགས་སྲེད་ཀྱི་ཉམས་ཤིག་འདྲེས་ཡོད་པ་ཚོར། དོན་དེས་ཨ་མ་འཛོམས་སྐྱིད་ལ་སྔར་ལས་ལྷག་པའི་སེམས་ཁྲལ་ཞིག་སྤྲད་ནའང་། བུ་ཆུང་འཕྲུལ་འཕེལ་གྱི་གདོང་གི་འཛུམ་མདངས་ནི་ཉིན་རེ་ལས་ཉིན་རེར་ཇེ་མངོན་དང་ཇེ་གསལ་དུ་འགྱུར་བཞིན་འདུག ལྟས་ངན། ལྟས་ངན།

འཕྲུལ་འཕེལ་གྱི་གདོང་གི་འཛུམ་མདངས་ལ་འགྱུར་བ་ཕྱིན་པ་ནས་བཟུང་། ཨ་མ་འཛོམས་སྐྱིད་ཀྱིས་འགྲོ་ཞོར་འདུག་ཞོར་དུ་ངག་ནས་དེ་ལྟར་ཤོར་འགྲོ་ཞིང་། བུ་ཆུང་གི་སྟེང་ལ་སྡང་སེམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་འཕེལ་ཡོང་བར་མ་ཟད། སྔར་ལས་ཀྱང་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་གིས་ཡོངས་སུ་མནར།

ལྟས་བཟང་། ལྟས་བཟང་།

ཨ་མ་འཛོམས་སྐྱིད་ཀྱིསལྟས་ངནཞེས་བརྗོད་ཐེངས་རེར་བུ་ཆུང་འཕྲུལ་འཕེལ་གྱིས་དེའི་ལན་དུལྟས་བཟངཞེས་བཤད་ཐུབ་ཐུབ་བྱེད་པ་དང་། དེ་ལྟར་བཤད་ཞོར་གདོང་གི་ཆགས་ཉམས་ཀྱང་སྔར་ལས་གསལ་པོར་མངོན་པར་བྱེད།

དགོང་མོ་ཞིག་ལ། ཨ་མ་འཛོམས་སྐྱིད་ཀྱིས་སྒོ་ཁྱིམ་ཕྱི་ནང་གི་ལས་ཀ་ཐམས་ཅད་ཚགས་སུ་ཆུད་པ་བྱས་ནས་ཉལ་རྩིས་བྱས་པ་ན། གློ་བུར་དུ་བུ་ཆུང་འཕྲུལ་འཕེལ་མོ་རང་ཉལ་སའི་ཁང་མིག་ཏུ་འཛུལ་བྱུང་། སྐབས་དེར་ཏག་ཏག་ཨ་མ་འཛོམས་སྐྱིད་ཀྱིས་ཕྱི་གོས་ཐམས་ཅད་ཕུད་ནས་མལ་དུ་འཛུལ་བཞིན་པ་དང་། མོའི་ལུས་ཡོངས་ལ་བྲང་ཁེབས་ཤིག་དང་ཟུར་གསུམ་དབྱིབས་ཀྱི་གསང་དོར་ཞིག་ལས་ཅི་ཡང་གྱོན་མེད་པས། འཕྲུལ་འཕེལ་གྱིས་སྤྱང་ལྟོགས་ཀྱིས་ལུག་མཐོང་བ་ཇི་བཞིན་མ་རྒན་ལ་འཐམ་ཞིང་། མོའི་བྲང་གི་མྱོས་བུམ་དང་བཅས་པའི་གསང་གནས་སོགས་ལ་ལག་པས་ཕུར་ཕུར་དང་ཐུག་རེག་བྱས། གློ་བུར་དུ་བྱུང་བའི་དོན་དག་དེས་ཨ་མ་འཛོམས་སྐྱིད་ནི་ཧ་ལས་ཤིང་ཧང་སངས་པར་བཏང་ནའང་། འཕྲུལ་འཕེལ་ནི་ཡུན་རིང་མ་ཐུག་པའི་རང་གི་ཆུང་མར་འཕྲད་པ་ཇི་བཞིན་འདོད་བརྩེའི་ལས་ལ་རོལ་བར་སྟ་གོན་བགྱིས། འོན་ཀྱང་། ཨ་མ་འཛོམས་སྐྱིད་ཀྱིས་ཤེད་ཤུགས་ཡོད་ཚད་བཀོལ་ནས་བུ་ཆུང་འཕྲུལ་འཕེལ་ཕ་རོལ་དུ་གཡུགས་པ་དང་། དུས་མཉམ་དུ་བུ་ཆུང་གི་མགོ་བོའང་ས་ལ་བརྡབས་པས་ཁོ་རང་སྐད་ཅིག་ཉིད་ལ་དྲན་མེད་དུ་བརྒྱལ་སོང་།

དོན་དེས་ཨ་མ་འཛོམས་སྐྱིད་ནི་ཤིན་ཏུ་མི་སྐྱིད་པར་བཏང་སྟེ། འཇིག་རྟེན་འདི་ནས་གསོན་འདོད་མེད་པར་གྱུར་ནའང་། ད་ལྟ་གདོན་གྱིས་བརླམས་པ་ལྟ་བུའི་བུ་ཆུང་འཕྲུལ་འཕེལ་ཇི་ལྟར་སྡུག་ཀྱང་རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་ཡིན་པས། བུ་ཆུང་ཁེར་རྐྱང་དུ་བསྐྱུར་ཏེ་འཇིག་རྟེན་ནས་བྲལ་བའི་སྙིང་སྟོབས་དང་ཆོད་སེམས་ག་ལ་ཡོད་ཨང་། དེ་ལས་ལྡོག་སྟེ་བུ་ཆུང་ལེགས་པའི་ལམ་དུ་འཇུག་པར་རེ་ཞིང་སྒུག་བཞིན་ཡོད།

དེ་ལྟ་ནའང་། ད་ལྟའི་ཨ་མ་འཛོམས་སྐྱིད་ནི་བུ་ཆུང་ལ་གདོང་གཏད་པའི་སྤོབས་པ་ལར་ནས་མེད་པར་གྱུར་འདུག་སྟེ། ཅི་ཡིན་འདི་ཡིན་མེད་པར་དོན་འདིའི་བྱེད་གཏེ་ནི་མོ་རང་ཉིད་ཡིན་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་། འོན་ཀྱང་། བུ་ཆུང་ནི་དེ་ལས་ལྡོག་སྟེ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་ངོ་སྡུག་ཁོ་ན་སྟོན། སྔར་གྱི་འཛུམ་དམུལ་དམུལ་གྱི་ངོ་གདོང་ན་ད་ལྟ་ཁོང་ཁྲོ་དང་ཞེ་སྡང་ལས་ཅི་ཡང་ལྷག་མི་འདུག ཁོང་ཁྲོ་དང་ཞེ་སྡང་དེ་འཕྲུལ་འཕེལ་གྱི་སེམས་ནང་དུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས་པ་ནས་བཟུང་། ཨ་མ་འཛོམས་སྐྱིད་གང་ནས་མཐོང་རུང་སྡང་མིག་བགྲད་པ་དང་ཁ་ནས་སྡིག་དམོད་ཁོ་ན་སྤྱོ་བར་བྱེད།

ཉིན་ཞིག ཨ་མ་འཛོམས་སྐྱིད་ཀྱིས་བུ་ཆུང་འཕྲུལ་འཕེལ་གྱི་རྣམ་འགྱུར་དེ་མ་བཟོད་ནས་ཐེངས་གཅིག་སྡིགས་པར་འདོད་ཀྱང་། བུ་ཆུང་གིས་མོ་ལ་སྐད་ཆ་ཚིག་གཅིག་བཤད་པའི་དབང་ཆའང་མ་སྤྲད་པའི་ཁར་ཤིན་ཏུ་ཁོང་ཁྲོ་ཆེན་པོསཁྱོད་ཀྱིས་གསལ་པོར་ཤེས་དགོས་ཏེ། ཨ་ཕ་འཕྲུལ་སྟོབས་ཚེ་ལས་འདས་པ་ནས་བཟུང་། ཁྱིམ་ཚང་འདིའི་བདག་པོ་ང་རང་ཡིན་པ་རེད། ཕ་ཤུལ་བུས་འཛིན་ཞེས་པ་ཁྱོད་ཀྱིས་ཀྱང་གོ་ལོས་མྱོང་། འོ་ན། ད་ནས་བཟུང་ངས་ཨ་ཕའི་ཤུལ་འཛིན་དགོས་པས། ཁྱོད་ཀྱིས་ཅིས་ཀྱང་ངའི་ངག་བཀོད་ལ་ཉན་དགོས་པ་རེདཅེས་སྐད་གསང་མཐོན་པོས་བརྗོད་བྱུང་བས། ཨ་མ་འཛོམས་སྐྱིད་ནི་ཐ་ན་རང་གི་རྣ་བར་ཡང་ཡིད་མི་ཆེས་པར་གྱུར་ཏེ་ཁ་མལ་དེར་ཁ་གདངས་མིག་ཅེར་ནས་འདུག་དགོས་བྱུང་།

མོས་ད་གཟོད་འཇིག་རྟེན་འདིའི་སྟེང་ནས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་མཇུག་རྫོགས་རན་པ་རྟོགས་སོང་། ཨ་མ་བུ་ཆུང་གི་ཆུང་མར་འགྱུར་དགོས་པའི་དུས་སྐབས་ཤིག་འགྲོ་བ་མིའི་ལོ་རྒྱུས་སྟེང་དུ་བྱུང་མྱོང་མེད་པས། ད་ནི་མི་མ་ཡིན་གྱི་འཇིག་རྟེན་ནས་མིའི་འཚོ་བ་རོལ་མི་ཐུབ་པ་གསལ་པོར་ཤེས་སོང་། དེ་ལྟ་ནའང་། མོས་སྔར་བཞིན་བུ་ཆུང་བསྐྱུར་ཏེ་འཇིག་རྟེན་ནས་བྲལ་མ་ཐུབ། མོས་གསལ་པོར་ཤེས་ཡོད་དེ། མོ་རང་འཇིག་རྟེན་འདི་ནས་བྲལ་སོང་ན་བུ་ཆུང་གི་འཚོ་བ་དང་བུ་ཆུང་གི་ནར་སོན་གྱི་བརྒྱུད་རིམ་ལ་སེམས་ཁུར་བྱེད་མཁན་གཅིག་ཀྱང་མེད་ལ། དེ་ལས་ཀྱང་བུ་ཆུང་དཀའ་སྡུག་གི་འགག་འཕྲང་ལ་འཕྲད་སྐབས་རོགས་རམ་གནང་མཁན་གཅིག་ཀྱང་ཡོད་མི་སྲིད་པས། བུ་ཆུང་ཁེར་རྐྱང་དུ་བསྐྱུར་ནས་འགྲོ་ཐབས་ག་ལ་ཡོད།

རྒྱུ་མཚན་ཡང་མི་མ་ཡིན་གྱིས་ཁེངས་པའི་ཡུལ་ལུང་འདིར་ཕན་ཚུན་ལ་རོགས་རེས་དང་སེམས་ཁུར་བྱེད་མཁན་ཞིག་མེད་པ་ཨ་མ་འཛོམས་སྐྱིད་ཀྱི་སེམས་ནང་དུ་ཁྲིགས་སེར་ཡོད། མིའི་བརྩེ་བ་བྲལ་བའི་འཇིག་རྟེན་འདིར་རང་ཉིད་ཀྱི་བུ་གཅིག་པུ་བསྐྱུར་བ་ནི་བློས་ཐོངས་པ་ཞིག་ག་ལ་ཡིན།

དེ་བས། མོས་སྔར་བཞིན་རང་གི་བུ་ཆུང་གི་སེམས་ལ་འགྱུར་བ་གཏོང་བར་ཚོད་ལྟ་བྱེད་ཅི་ཐུབ་བགྱིས་མོད། བུ་ཆུང་འཕྲུལ་འཕེལ་ནི་རྡོ་བའི་སྟེང་ལ་ཆུ་འཕྱར་བ་ཇི་བཞིན་ནང་སེམས་སུ་བརླན་ཐིགས་གཅིག་ཀྱང་འབབ་མ་ཐུབ་པས། ཨ་མ་འཛོམས་སྐྱིད་ཀྱི་ཚོད་ལྟ་དང་རེ་བ་ཐམས་ཅད་ཆུད་ཟོས་སུ་གྱུར།

དེའི་རྗེས་ཀྱི་ཉི་མ་འགར་བུ་ཆུང་འཕྲུལ་འཕེལ་ག་ཤེད་ལ་བོར་སོང་། ཨ་མ་འཛོམས་སྐྱིད་ཀྱིས་སྡེ་ཡར་ནང་མར་ནང་ཀུན་ལ་ཇི་ལྟར་བཙལ་ཡང་བུ་ཆུང་གི་གྲིབ་གཟུགས་ཙམ་ཡང་མ་མཐོང་། མི་མེད་པའི་ལུང་པ་དེར་མོ་རང་སྔར་ལས་ཀྱང་ཁེར་རྐྱང་དུ་གྱུར་ནའང་། མོས་སྔར་བཞིན་བུ་ཆུང་གི་ལོག་ཕེབས་ལ་སྒུག་ནས་སྡོད་པ་ལས་ཅི་བྱར་ཡོད། འོན་ཀྱང་། ཉིན་མང་པོ་ཞིག་མ་འགོར་བར་བུ་ཆུང་འཕྲུལ་འཕེལ་གྱིས་མི་མ་ཡིན་གྱི་བུད་མེད་ཅིག་ཁྲིད་ནས་ཁྱིམ་དུ་སླེབས་སོང་། བུ་ཆུང་ཁྱིམ་དུ་ལོག་པ་དེས་ཨ་མ་འཛོམས་སྐྱིད་ལ་དགའ་བ་དཔག་མེད་ཅིག་རྒྱས་ནའང་། དེས་མོ་རང་ལ་དཀའ་སྡུག་གཞན་ཞིག་གཏད་ཡོང་བ་ཇི་ལྟར་དྲན་ཏེ་བསམ་པའི་དགུ་ལའང་མ་ཤར།

བུ་ཆུང་འཕྲུལ་འཕེལ་དང་མི་མ་ཡིན་གྱི་བུད་མེད་དེ་གཉིས་ཕྱིར་སླེབས་པ་ནས་བཟུང་། བུ་ཆུང་འཕྲུལ་འཕེལ་གྱིས་ཨ་མ་འཛོམས་སྐྱིད་ཀྱི་མིག་མདུན་ནས་འཛེམ་དོག་སྤུ་ཙམ་མེད་པར་མི་མ་ཡིན་གྱི་བུད་མེད་དེ་ལ་འོ་སྦྱོར་བ་དང་། བྲང་གི་མྱོས་བུམ་དང་འཕོངས་ཚོས་འཕུར་འཕུར་བྱེད་པ་སོགས་སྐྱུགས་བྲོ་བ་དང་ཞེ་མེར་བའི་བྱ་བ་འབའ་ཞིག་སྒྲུབ་ཡོང་བས། དེས་ཨ་མ་འཛོམས་སྐྱིད་ནི་ཤིན་ཏུ་ཡི་མུག་པའི་གནས་སུ་བསྐྱལ། དེ་ལས་ཀྱང་མི་མ་ཡིན་གྱི་བུད་མེད་དེས་བུ་ཆུང་འཕྲུལ་འཕེལ་ཡོད་མེད་གང་གི་སྐབས་སུ་ཡང་རང་ཉིད་ནི་ཁྱིམ་ཚང་འདིའི་བདག་མོ་ཡིན་པའི་བཟོ་ལྟ་སྟོན་པ་དང་། ཨ་མ་འཛོམས་སྐྱིད་ནི་ཁྱིམ་ཚང་འདིའི་གཡོག་མོ་ཞིག་གི་ཚད་དུ་བཞག་ནས་ལས་གང་ལའང་ངག་བཀོད་འཐེན་རྐྱང་བྱེད། ཐ་ན་དགོང་མོ་རེ་རེ་བཞིན་གཅིན་པ་འདོར་སའི་ཆབ་རྫ་ཡང་འཁྱེར་ཡོང་དུ་བཅུག

ད་ལྟ་ཨ་མ་འཛོམས་སྐྱིད་ཀྱིས་གསལ་པོར་ཤེས་ཡོད་དེ། ད་ནི་རང་ཉིད་ཁྱིམ་ཚང་འདི་ནས་བསྡད་ན་དཀའ་སྡུག་མྱོང་བ་ལས་ཅི་ཡང་མེད་པས་ངེས་པར་ག་ཤེད་ལ་འཁྱམ་དགོས་སྙམ་ཡང་། དོན་དེ་བུ་ཆུང་འཕྲུལ་འཕེལ་གྱིས་མངོན་མཁྱེན་བྱུང་བ་ལྟར་ཤེས་སོང་བས། ཨ་མ་འཛོམས་སྐྱིད་ཀྱི་གདོང་ལ་མཛུབ་མོ་ཀེར་བཞིནཁྱོད་རང་ཤི་མ་སོང་བར་དུ་ཁྱིམ་ཚང་འདི་ནས་ངེད་གཉིས་ལ་ཞབས་ཞུ་བསྒྲུབས་ཏེ་འདུག་དགོས། གལ་སྲིད་དེ་ལྟར་མ་ཐུབ་ན་འཆི་བའི་ལམ་དུ་རྫོང་རྒྱུ་ལས་ཅི་ཡང་མེདཅེས་ཁྲོ་གཏམ་བསྒྲགས་བྱུང་།

བུ་ཆུང་མི་མ་ཡིན་དང་མནའ་མ་མི་མ་ཡིན་གཉིས་ཀྱི་མིག་འོག་ནས་ཐར་བའི་གོ་སྐབས་འབྱུང་དཀའ་བས། ཨ་མ་འཛོམས་སྐྱིད་ཀྱིས་ངེས་པར་དུ་མཚན་མོ་ཞིག་ལ་གོ་སྐབས་འཚོལ་བ་ལས་འོས་མེད་པ་ཤེས། དེ་བས་ཨ་མ་འཛོམས་སྐྱིད་ཀྱིས་མཚན་མོ་རེ་རེ་བཞིན་ཕྱི་ལ་འབྲོ་བའི་ཐབས་བཀོད་འཐེན་ཡང་མོ་རང་ཉལ་སའི་ཁང་མིག་དེའི་སྒོ་ལ་ཕྱི་རོལ་ནས་ཟྭ་བརྒྱབ་འགྲོ་བས། དགོང་མོར་མོ་རང་ཐ་ན་གཅིན་སྐྱག་གཏོང་བར་ཡང་འགྲོ་ཐབས་བྲལ། དེ་འདྲའི་བཙོན་མ་ཞིག་གི་ཚད་དུ་ལྷུང་བའི་ཨ་མ་འཛོམས་སྐྱིད་ནི་འཇིག་རྟེན་འདི་ནས་གཏན་བྲལ་བྱེད་འདོད་བྱུང་བས། མོས་ཅིས་ཀྱང་ཅི་མགྱོགས་ངང་རང་ཉིད་ཀྱི་ཚེ་སྲོག་ལ་རྫོགས་ཚིག་འཐེན་དགོས་སྙམ་ཡང་། དོན་དེ་ཡང་བུ་ཆུང་འཕྲུལ་འཕེལ་གྱིས་མངོན་མཁྱེན་བྱུང་བ་ལྟར་ལམ་སང་ཤེས་ཏེ་དེ་འདྲའི་གོ་སྐབས་ཤིག་ཀྱང་རྩ་བ་ནས་མ་བྱིན།

ཨ་མ་འཛོམས་སྐྱིད་ལ་ད་ལྟ་ལས་ཀ་གཅིག་ཡོད་པ་ནི་མི་མ་ཡིན་བཟའ་ཟླ་གཉིས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཁོ་ན་ཡིན་ཏེ། ཞབས་ཞུ་ཡག་པོ་མ་འཁྱོངས་ན་མི་མ་ཡིན་བུ་ཆུང་གིས་འགྲམ་ལྕག་གཞུ་ཡོང་བ་དང་། མི་མ་ཡིན་མནའ་མས་རྡོག་ཐོས་བསྣུན་ཡོང་བས། ཨ་མ་འཛོམས་སྐྱིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡིད་གཟབ་དང་ནན་ཏན་ངང་ལས་ཀ་བསྒྲུབ་དགོས་པ་དང་། ལག་ནང་གི་ལས་ཀར་ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བ་ཁག་ཐེག་ཐུབ་དགོས། དེ་ནི་འཕྲུལ་ཆས་ཤིག་གིས་ལས་ཀ་གཅིག་སྒྲུབ་པ་ཇི་བཞིན་འཁོར་རྒྱུག་རང་བཞིན་ལྡན་པའི་སྒོ་ནས་བྱ་བར་ཞུགས་དགོས་པ་ཞིག་རེད། དུས་དེ་ནས་བཟུང་ཨ་མ་འཛོམས་སྐྱིད་ཀྱིས་སྐད་ཆ་ཚིག་གཅིག་མི་བཤད་པར་མིག་སྔུན་གྱི་ལས་ཀ་སྒྲུབ་རྐྱང་བྱས་ནས་དུས་ཚོད་འདའ་བར་བྱས།

འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ཉིན་ཞིག་གི་དགོང་མོར་ཨ་མ་འཛོམས་སྐྱིད་ཀྱིས་ལས་ཀར་ནོར་འཁྲུལ་ཆེན་པོ་ཤོར་སོང་། ནོར་འཁྲུལ་ཆེན་པོ་ཞིག་ཀྱང་མིན་མོད་དོན་དེས་མོ་རང་གི་ཚེ་སྲོག་རྟ་རྔ་འདྲ་བོ་དེ་ཡང་མེད་པར་བཏང་སོང་།

ཉིན་དེའི་དགོང་མོར། ཨ་མ་འཛོམས་སྐྱིད་ཀྱིས་བུ་ཆུང་དང་མནའ་མ་གཉིས་ལ་རྐང་པ་འཁྲུད་བྱེད་ཀྱི་ཆུ་གཞོང་པ་གང་རེ་ཁྱེར་ཡོང་སྟེ། ཐོག་མར་བུ་ཆུང་གི་རྐང་པ་གཙང་མར་བཀྲུས་ཤིང་ལག་རས་སྐམ་པོ་ཞིག་གིས་འཕྱིས་པ་དང་དེ་ནས་མནའ་མའི་རྐང་པའང་གཙང་མར་བཀྲུས། དེ་དག་ལེགས་པར་རྫོགས་རྗེས་མོས་བུ་ཆུང་གི་རྐང་པ་འཁྲུད་སའི་ཆུ་གཞོང་ཁྱེར་ནས་ཆུ་འཕོས་པ་དང་། དེ་ནས་ཡང་བསྐྱར་མནའ་མའི་རྐང་པ་འཁྲུད་སའི་ཆུ་གཞོང་ནང་གི་ཆུ་འཕོ་གྲབས་བྱེད་དུས་སྟབས་མ་ལེགས་པར་མོ་རང་འདྲེད་བརྡབ་ཤོར་ནས་ཆུ་ཐམས་ཅད་མནའ་མའི་སྟེང་དུ་བྱོ་སོང་།

དོན་དེས་བུ་ཆུང་དང་མནའ་མ་གཉིས་ལ་ཁོང་ཁྲོ་ཆེན་པོ་བསླངས་སོང་བས། བུ་ཆུང་འཕྲུལ་འཕེལ་ལམ་སང་ཡར་ལངས་ཏེ་ཨ་མ་འཛོམས་སྐྱིད་ཀྱི་ལྟག་རྒྱབ་ལ་རྡོག་ཐོས་ཤེད་ཤུགས་ཆེན་པོས་གཞུས་པ་ན། ཨ་མ་འཛོམས་སྐྱིད་ནི་རང་དབང་དང་བྲལ་བའི་སྒོ་ནས་འཁྱར་འཁྱོར་ངང་ལྕགས་ཐབ་སྟེང་དུ་འགྱེལ་བ་དང་། མེ་ལྕེས་དམར་པོར་གྱུར་བའི་ལྕགས་ཐབ་སྟེང་དུ་སྐད་ཅིག་ཉིད་ལ་གཞོབ་དྲིས་ཁྱབ་སོང་། འོན་ཀྱང་། བུ་ཆུང་དང་མནའ་མ་གཉིས་ཀྱིས་སྔར་བཞིན་མཚམས་འཇོག་འདང་མི་འདུག་སྟེ། ད་ནི་མནའ་མ་ཡང་ཡར་ལངས་ཚར་བ་དང་། གཉིས་ཀས་ལྕགས་དབྱུག་རེ་ལག་ཏུ་བསྣམས་ནས་རྡུང་གྲབས་བྱས་བྱུང་། སྐབས་དེར་ཨ་མ་འཛོམས་སྐྱིད་ནི་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་བཞིན་ཨག་སྐད་ཅིག་དང་བཅས་ཏེ་ལྕགས་ཐབ་སྟེང་ནས་འགྲེ་ལྡོག་ཅིག་བྱས་པས་ཐབ་འགྲམ་དུ་ལྷུང་། བུ་ཆུང་དང་མནའ་མ་གཉིས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་དགྲ་ནག་པོར་འཕྲད་པ་ལྟར་ལག་ནང་གི་ལྕགས་དབྱུག་དང་རྡོག་ཐོ་གཉིས་ཀྱིས་རེས་མོས་སྒོས་གཞུ་ཅི་ཐུབ་བྱས། ཡུན་རིང་མ་འགོར་བར་ཨ་མ་འཛོམས་སྐྱིད་ཀྱི་ཁ་སྣ་ཀུན་ནས་ཁྲག་དམར་ཆིལ་ཆིལ་དུ་བཞུར་ཞིང་། ཐ་ན་ཨ་ན་ཨ་ཚའི་སྐད་འབོད་ཅིག་ཀྱང་སྒྲོག་མ་ཐུབ་པར་གྲགས་མེད་འགུལ་མེད་དུ་གྱུར་སོང་།

དུས་དེ་ནས་བཟུང་། གསེར་ལུང་སྡེ་བར་མི་གཅིག་ཀྱང་མེད་པར་གྱུར། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།