རྩད་པ། གཞི་ཚང་ཟླ་བ་གྲགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩད་པ། གཞི་ཚང་ཟླ་བ་གྲགས་པ། དཀར་མཛེས།

སྙིང་མཆོང་རི་སྨུག་པོའི་སྐྱིབས་སུ་ཐང་ཕྲོམ་མེ་ཏོག་མི་སྐྱེ་བ་བྱ་དགོས་ན། ཁྱོད་ཀྱིས་ཇི་ལྟར་བྱའམ། གློ་བ་པདྨའི་ཐང་ལ་རྩྭ་ལྡུམ་གཏན་ནས་མི་སྨིན་པ་གནང་དགོས་ན། ཁྱོད་ལ་ཐབས་བཀོད་ཅི་ཞིག་ཡོད་དམ། དཔྱིད་ཀར་འཇོར་བུས་བསློགས་པས་ཆོག་གམ། དབྱར་ཁར་ཟོར་བས་བྲེགས་པས་རུང་ངམ། སྟོན་ཀར་མེ་ལ་བསྲེགས་པས་འཐུས་སམ། དགུན་ཁར་འཁེངས་པར་བྱས་པས་འགྲིག་གམ། ཁྱོད་ཀྱིས་ཀྱང་དེ་ལྟར་སྙམ་བཞིན་ཡོད་དམ། དོན་དངོས་སུ་ཚེགས་ཆུང་ལ་ལས་སླ་བ་ཞིག་ཡིན་མི་འདུག་སྟེ། ངས་ཏག་ཏག་དུས་ཚིགས་བཞི་ལ་ཚོད་ལྟ་མི་འདྲ་བ་བཞི་ཀ་བྱས་ཀྱང་། མཐའ་མར་ངའི་གཞིས་ཀ་ཧྲིལ་པོ་མེ་ཏོག་དང་རྩྭ་ལྡུམ་གྱིས་ཁེངས་སོང་། ངས་ལན་རེར། ཉིན་གྱི་ཟས་དང་མཚན་གྱི་གཉིད། ཕྱི་ཡི་ལུས་དང་ནང་གི་རྣམ་ཤེས་བདག་གིར་བཞེས་འགྲོ་བའི་རྩྭ་ལྡུམ་འདི་ཉིད་བདག་གི་འཇིག་རྟེན་དུ་མི་སྐྱེ་བར་བྱ་འདོད་ཀྱང་། རྩྭ་ལྡུམ་ཞིག་གི་རིགས་རྒྱུད་གཅོད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་ཡིན་མི་འདུག་ཨང་།

གནས་དེ་དང་རྒྱང་ཐག་བཀྱེད་ན། ག་ལེར་རང་ཡལ་དུ་འགྱུར་ངེས་བསམས་ཀྱང་། རྩད་པ་འདི་ས་གནས་དང་ཁོར་ཡུག་ཅིག་ལ་འབྲེལ་བ་མེད་པར་རི་བོ་སྟོང་དང་ཆུ་བོ་བརྒྱ་ཕྲག་གིས་བར་ཐག་ཕྱེ་བའི་གནས་འདི་ནས་ཀྱང་ཡལ་ག་ཇེ་རྒྱས་དང་ལོ་འདབ་ཇེ་སྨིན་དུ་འགྱུར་ཡོང་། ངས་དུས་ཚོད་གང་འཚམས་འདས་རྗེས། རྩད་པ་འདི་རང་བཞིན་གྱིས་བསྐམ་འགྲོ་དྲན་ཡང་། ལོ་དང་ཟླ་བ། ཉིན་དང་མཚན་མོ་ལ་ཁྱད་པར་མེད་པར་དུས་ཚོད་འགོར་གྱིན་འགོར་གྱིན་རྩ་བ་ཇེ་བརྟན་དང་གཞུང་ཤིང་ཇེ་སྦོམ་དུ་འགྲོ་བཞིན་འདུག །སྐབས་རེར་དངོས་ཡོད་གཟུགས་ཅན་ཞིག་གི་ཚུལ་གྱིས་ས་སྟེང་ནས་བུད་དེ་འཕྲུལ་སྣང་ཕངས་མེད་དུ་སྩོལ་བར་བྱེད་ཅིང་། ལན་རེར་དངོས་མེད་གཟུགས་མེད་ཅིག་གི་ཟོལ་གྱིས་ས་འོག་ཏུ་འཛུལ་ནས་མི་མངོན་པའི་རྩད་པ་འདི་ཨང་།

དེ་རིང་རང་ཤག་ནས་ང་རང་ཡ་ཧུ་དཱ་པ་ཞིག་དང་འཕྲད་སོང་། མིང་ལ་ཧུ་མེ་འབོད་པའི་བགྲེས་སོང་རྒན་པ་ཞིག་དང་འཕྲད་སོང་། ཁོང་གིས་སྐྱིད་མ་སྡུག་གི་འཇིག་རྟེན་འཁོར་བའི་ཀློང་ནས། ངུ་མ་དགོད་ཀྱི་རང་གི་མི་ཚེ་གཅིག་གི་རིང་དུ་དཀའ་སྤྱད་སྡུག་རུས་དང་བསམ་གཞིག་གི་སྒོ་མོ་ཡང་ཡང་ཕྱེ་བ་ལས་མཐོང་བའི་རྩྭ་ལྡུམ་གྱི་རྩད་པ་གཅོད་ཐབས་འདི་འདྲ་ཞིག་ང་ལ་བསླབས་བྱུང་།

“རྩྭ་དང་ལྡུམ་བུ་དེ་དག་རྩ་བ་ནས་མེད་པར་བཟོ་བསམ་པ་ནི་ངལ་བ་འབྲས་མེད་ཀྱི་ལས་ཏེ། ཅིའི་ཕྱིར་ཟེར་ན། རྩྭ་ལྡུམ་དེ་དག་གི་སྐྱེ་སྟོབས་ནི་དངོས་གནས་ཧ་ལས་པར་འདུག་པས་སོ། །འོན་ཀྱང་དེ་དག་གི་སྐྱེ་སྟོབས་ཉམ་ཆུང་དུ་གཏོང་ཐུབ་པ་ཡིན་ཏེ། རྩྭ་ལྡུམ་དེ་དག་སྐྱེ་སར་ལོ་ཏོག་གི་ས་བོན་བཏབ་ན་རིམ་བཞིན་རྩྭ་ལྡུམ་གྱི་སྐྱེ་སྟོབས་ཞན་པར་འགྱུར་སྲིད། འདི་ནི་ང་ཚོས་རྩྭ་ལྡུམ་མེད་པར་བཟོ་བའི་ཐབས་ལམ་ཉག་གཅིག་ཡིན”ཟེར། གསུང་ཚིག་དེ་ཐོས་མ་ཐག་སེམས་པ་དགའ་ཐག་གཏིང་ནས་ཆོད་སོང་།

ཁོང་གིས་གསུངས་པའི་ཚིག་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྲིད་ནའང་། ད་ལྟའི་ང་ལ་མཚོན་ན་རྩྭ་ལྡུམ་མི་སྐྱེ་བར་བྱེད་ཐུབ་པ་ལྟ་ཅི། སྐྱེ་སྟོབས་ཇེ་ཞན་དུ་གཏོང་བའི་ས་བོན་འོས་འཚམས་ཤིག་ཀྱང་འདེབས་རྒྱུ་སྔར་མ་རྙེད་ཅིང། ཕྱིས་སུའང་རྙེད་མི་ཐུབ་སྟེ། རྩྭ་ལྡུམ་དེ་དག་གི་སྒུལ་ཤུགས་ནི་དངོས་གནས་ཧ་ལས་པར་འདུག །ཇི་ལྟར་རྩྭ་ལྡུམ་མེད་ཐབས་བྱས་ན། ལྡོག་སྟེ་སྐྱེ་འཕེལ་གྱི་གསོན་ཤུགས་ཇེ་རྒྱས་དང་འདབ་ལག་ཇེ་སྟུག་ཏུ་ཆགས་ཡོང་། བྱ་ཐབས་ཅི་ཡང་མེད་པར་མགོ་བོ་གུག་ནས་སྡོད་པའི་རྣམ་པ་འདི། ཨ་རིའི་གཞས་པ། ཨ་དམཁུ་རི་སི་ཐོ་ཧྥུར(Adam Christopher)ཡིས་2017ལོར་བླངས་པའི་གླུ་གཞས་གྲགས་ཅན་ཏེ། ང་རང་ཉན་པར་ཤིན་ཏུ་སྤྲོ་བའི་གླུ་དབྱངསཅི་འདྲའི་རྒྱང་ཐག་རིང་བ་ལ》(So Far Away )ཁྲོད་དུ་ཐག་གཅོད་ཇི་ལྟར་བྱ་དགོས་པ་མི་ཤེས་པའི་གནས་ཚུལ་གཉིས་ཡོད་པ་དང་ཅི་འདྲའི་འདྲ་ཨང་།

རྩད་པ་ལས་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་མ་མྱོང་ཡང་། ངའི་དོན་ལྔ་དང་སྣོད་དྲུག །ཤ་ཁྲག་རུས་གསུམ། ལུས་ངག་ཡིད་གསུམ། རྩ་རླུང་ཐིག་ལེ་སོགས་ངའི་ཡོད་ཚད་ཀྱི་ཡོད་ཚད་དང་འདྲེས་ཚར་བའི་རྩད་པ་འདི། ཞོགས་པ་རེ་རེར། ཉི་གཞོན་གསར་པའི་འོད་མདངས་བཞིན་རེ་སྒུག་དང་སྨོན་འདུན་གྱིས་བདག་ཡིད་ཀྱི་ནམ་མཁར་གསལ་ལམ་ལམ་གྱིས་འཆར་ཡོང་ཞིང་། མཚན་མོ་རེ་རེར། སྨག་ནག་གི་མུན་པ་བཞིན་དྲན་གདུང་དང་ན་ཟུག་གིས་བདག་སེམས་ཀྱི་སྤང་ལྗོངས་ལ་ལྗིད་ཏིག་ཏིག་གིས་འཐིབ་ཡོང་ཨང་།

2025.2.10ཉིན་གྱི་ནུབ་མོར་བྲིས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།