2025ལོའི་བོད་རྩོམ་ཕྱིར་རྟོག འབྲོག་ཀློའུ་སྒྲོལ་རྡོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

འབྲོག་ཀློའུ་སྒྲོལ་རྡོ། ཀན་ལྷོ།

དེང་གི་དུས་འདིར་མི་རྣམས་འདོད་ཡོན་སྒྱུ་མའི་བསླུ་བྲིད་ལ་ཡིད་རབ་ཕྱོགས་ཏེ།འདོད་ཡོན་ལོངས་སྤྱོད་འཚོ་བའི་སྙིང་བོ་རུ་བཀུར་བ་དང་། དངོས་པོ་དང་དཔལ་འབྱོར་འཇིག་རྟེན་བྱ་བཞག་ཀུན་གྱི་ལྟེ་བ་རུ་བྱེད་པ་འདི་དེང་གི་ལོ་རྒྱུས་འཕེལ་ཕྱོགས་ཤིག་ཏུ་གྲུབ་ཚར་ནའང་། འཕེལ་ཕྱོགས་དེའི་ཤན་ཤུགས་འོག་ཉིན་རེ་ནས་ཉིན་རེར་དྲང་ལྡོག་གཉིས་ཆ་ནས། མི་ཚེའི་ལྟ་ཚུལ་གསར་པ་དང་། རིན་ཐང་ལྟ་ཚུལ་གསར་པ་ཞིག་བསྐྱེད་བཞིན་ཡོད་ལ། ད་ལྟའི་མི་རྣམས་ཀྱི་འདུ་ཤེས་ཀྱི་གཏིང་རིམ་ན་ཁེ་ཕན་འཐབ་རྩོད་ཀྱི་ལྟ་གྲུབ་ཀྱང་གསར་པ་ཞིག་ཆགས་བཞིན་པ་མ་ཡིན་ནམ། དེང་གི་མི་རྣམས་ཀྱིས་ཕྱིའི་རྒྱུ་ནོམ་ཁོ་ནར་ཁས་འཆེས་ཏེ། མི་ཆོས་ཉམས་ཉེས་སུ་གྱུར་བ་དང་། གསང་བ་དོར་ནས་མཐོང་ཆོས་གཙོར་འདོན་ཐོག མིའི་ནང་སེམས་སུ་ཕྱི་ཕྱིར་སྙེག་པའི་སེམས་པའི་འཚོ་སྐྱོང་གི་བྱ་གཞག་ཐད་ལ་རྩོམ་རིག་གིས་བླ་ལྷག་ངང་ནུས་པ་ཆེན་པོ་ཐོན་ཐུབ་བཞིན་པ་མ་ཡིན་ནམ། 

ད་ལོའི་རྩོམ་རིག་དང་འབྲེལ་ཉེ་བའི་སྣང་ཚུལ་ཚ་ཤོས་དང་། ཀློག་པ་པོའི་མཉམ་འུར་ཆེ་ཤོས་སོོགས་ལ་ཕྱིར་རྟོག་གིས་དགོད་པ་ལ།

གཅིག ལྡོང་བུ་སོགས་ཀྱིས་གཉེར་བའི་འཛམ་གླིང་རྩོམ་རིག་སྤྱི་སྟེགས་ཀྱི་དཔེ་དེབ་འོས་སྦྱོར་ལེ་ཚན་ནང་། ད་ལོ་ནས་དཔེ་དེབ་བསྐྱར་ཞིབ་ཀྱི་རྣམ་པ་ཞིག་བཟོས་ཏེ། དུས་ངེས་མེད་ངངདཔེ་དེབ་བསྐྱར་ཞིབཀྱི་རྩོམ་ཐུང་བཀོད་པ་དང་། གཉིས། ཨ་བྱམས་བན་དེ་མཁར་གྱིས་གཙོ་སྐྱོང་དོ་བདག་བྱས་པའི་བོད་རྩོམ་དཔྱད་འབྲས་བཙལ་སའི་དྲ་ཚུགས་གསར་པ་སྟེ<<བོད་རྩོམ་ཞིབ་འཇུག>>གི་དྲ་གནས་ཐོ་འགོད་བྱས་ཤིང་། དྲ་ཚུགས་དང་སྤྱི་སྟེགས་གཉིས་ཀ་སྦྲགས་མར་བཟོས་པས། དཔྱད་འབྲས་མཉམ་སྤྱོད་ཀྱི་དགེ་ཆེ་ཞིང་དག་པ་དང་ཚང་བར་འཚོལ་བའི་དོན་སྙིང་གིས་ཕྱུག གསུམ། རྩོམ་པ་པོ་ཁྲི་སེམས་དཔས་ལོ་མང་པོའི་སྔོན་དུ་བྲིས་པའི་སྒྲུང་ཐུང<<ཆར་ལྭ།>>ཞེས་པ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་ཚོད་ལྟའི་སྐད་ཡིག་སློབ་དེབ་ཏུ་ཚུད་པ་དང་། ལོ་རིམ་བརྒྱད་པའི་སྨད་ཆ་རུ་གསལ་སོགས་ཀྱིས་བོད་རྩོམ་གྱི་འཕེལ་རྒྱས་ལ་སྔ་ན་མེད་པའི་དགེ་མཚན་བསྩལ།

 

དང་པོ། དཔལ་དོན་གྲུབ་རྒྱལ།

བོད་ཀྱི་རྩོམ་རིག་གསར་པའི་ངོས་ནས། དཔལ་དོན་གྲུབ་རྒྱལ་ནི་མ་གླེང་ཐབས་མེད་ཀྱི་མི་སྣ་ཞིག་སྟེ། བོད་ཀྱི་དེང་རབས་རྩོམ་རིག་གི་སྣེ་འདྲེན་པ་གལ་ཆེན་ཞིག་ཡིན་པ་དང་། ཀུན་གྱིས་ཁས་འཆེས་པ་དེས། དཔྱད་འབྲས་ཀྱང་སྣ་ཚོགས་བྱུང་། འདིའི་ཐད་ཀྱི་ཆེད་དེབ་ལ་ཨ་བུ་ཆོས་སྐྱོང་གིས་བརྩམས་པ་དང་། སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བརྩམས་པ། གྲལ་ཟུར་དགུ་རོང་སྤུན་གྲོལ་གྱིས་བརྩམས་པ་སོགས་རིམ་པར་སླེབས། དེ་དག་གི་རྐྱེན་པས། རིམ་བཞིན་བོད་ཀྱི་དེང་རབས་རྩོམ་པ་པོར་ཞིབ་འཇུག་བྱ་བའི་འཕེལ་ཕྱོགས་ཤིག་ཀྱང་ཆགས། ད་ལོར། རྒན་བདུད་ལྷ་རྒྱལ་ལགས་ཀྱིས་བོད་ལྗོངས་སློབ་ཆེན་དུ་གནང་བའི་འཆད་ཁྲིད་གསར་པ<<དོན་གྲུབ་རྒྱལ་གྱི་རྩོམ་རིག་གསར་རྩོམ་གླེང་བ།>>ཞེས་པའི་བརྗོད་གཞི་ཐོག་ཁོང་གི་གསར་རྩོམ་དེ་སྔ་རྩོམ་དང་ཕྱི་རྩོམ་གཉིས་སུ་དབྱེ་ཞིང་། ཀྲུང་གོའི་ད་རབས་རྩོམ་རིག་གི་འཕེལ་རྒྱས་དེ་དོན་གྲུབ་རྒྱལ་གྱི་རྩོམ་རིག་གསར་རྩོམ་གྱི་ཐོན་ཁུངས་སུ་གྱུར་བས། ཁོའི་རྩོམ་རིག་གསར་རྩོམ་གྱི་འཕེལ་རིམ་ལས་རྒྱ་བོད་རྩོམ་རིག་བར་གྱི་འབྲེལ་བ་མཚོན་པ་མ་ཟད། བོད་ཀྱི་རྩོམ་རིག་གསར་བའི་བྱུང་འཕེལ་གྱི་རྣམ་པ་མཚོན་ཐུབ་པའི་དགོངས་གནད་བཀྲལ་བ་དང་། ཅིག་ཤོས་ནི་ད་ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ་ནས་རྩོམ་སྒྲིག་ཁང་གིསརྩོམ་རིག་ལོ་ཚིགས་ཕྲེང་བསྟར་མ།ཞེས་པའི་ལེ་ཚན་གསར་པ་ཞིག་གསར་དུ་བཟོས་ཤིང་། བོད་ཀྱི་རྩོམ་པ་པོ་སྐོར་ཞིག་གི་མི་ཚེའི་བྱུང་བ་དང་གསར་རྩོམ་གྱི་བརྒྱུད་རིམ་གཉིས་གཙོར་བྱས་ཏེ། བྱུང་བརྗོད་མཐའ་དཔྱོད་དང་རྩོམ་ཆོས་ཞིབ་ཀློག་གི་གཞུང་ལུགས་དང་ཐབས་ཤེས་སྤྱད་ཐོག ཨ་བྱམས་བན་དེ་མཁར་གྱི<<དོན་གྲུབ་རྒྱལ་གྱི་རྩོམ་རིག་ལོ་ཚིགས།>>ཞེས་པ་བཀོད་པ་སོགས་ཀྱིས་ན་ནིང་དང་ད་ལོ་ནི་ལྷག་ཏུ་དཔལ་དོན་གྲུབ་རྒྱལ་གྱི་མཛད་པ་ཆེ་ཆེར་རྒྱས་པའི་ལོ་ཞིག་ཏུ་ངོས་འཛིན་བྱས་ཆོག 

གཉིས་པ། སྐྱབས་ཆེན་བདེ་གྲོལ།

སྐྱབས་ཆེན་བདེ་གྲོལ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྡིངས་ཆར་གྲགས་པ་ཆེ་ཞིང་། ལྷག་པར་དེང་གི་གཞོན་པའི་སྡེ་ན་ཚ་ཚ་འུར་འུར་དུ་གླེང་གིན་པས། གཞོན་པའི་ཚོགས་ཀྱི་སྙིང་སྟོབས་རིགས་ཤིག་ཏུ་དཔེ་མཚོན་དུ་བཀྲལ་ཆོག་པ་ལྟར། གསར་རྩོམ་གྱི་ངོས་ནས་ཀྱང་སྒེར་གཤིས་ཤིན་ཏུ་གསལ་བའི་རྩོམ་པ་པོ་ཞིག་སྟེ། <<མི་རིགས་ཀྱི་རྩོམ་རིག>>དེབ་དྲུག་པར་འཁོད་པའི་སྙན་ངག<<བཞད་གད་མཁན་པོ། ཞར་བཀོད་གསུམ།>>དང་། བོད་ཀྱི་སྙན་ངག་དུས་དེབ<<གངས་རྒྱན་མེ་ཏོག>>དེབ་བཞི་བའི་རྐང་གླིང་ལེ་ཚན་དུ་འཁོད་པའི་སྙན་ངག<<ངས་རྨི་ལམ་ནས་ཅི་ཞིག་རྨིས་པ་ཁྱོད་ལ་མི་བཤད།(ཞར་བཀོད་གཉིས།)>>དང་། ཀན་ལྷོའི<<ཟླ་ཟེར།>>དེབ་བཞི་བར་འཁོད་པའི་སྙན་ངག<<བསླབ་བྱ།>>ཞེས་པ། <<བོད་ཀྱི་རྩོམ་རིག་སྒྱུ་རྩལ།>>དེབ་དྲུག་པར་འཁོད་པའི་ལྷུག་རྩོམ་གསར་པ<<དཔེ་དེབ་ཀྱི་འོད་སྣང་།>>སོགས་རྒྱ་ཆེའི་ཀློག་པ་པོ་དག་ལ་གསོལ་རས་སུ་བཤམས་ཤིང་། རྩོམ་པ་པོ་ཁོང་གིས་ལོ་འཁོར་ཧྲིལ་བོའི་གསར་རྩོམ་གྱི་རྒྱུན་བསྲིང་བའི་ངོས་ཤིག་ཀྱང་མཚོན་ཐུབ། 

གསུམ་པ། རྩོམ་རིག་དཔེ་ཚོགས།

ད་ལོའི་ཟླ་བཅུ་གཅིག་པའི་ནང་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གཡུ་དྲུག་དཀར་དཔེ་ཚོགས(ཁག་བཞི་བ།)དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། དེ་རུ་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱི<<ཐོལ་རྩོམ་བདམས་བསྒྲིགས།>>དང་། འཇུ་སྐལ་བཟང་གི<<སྒྲུང་བརྗོད་སྙན་ངག་རིང་མོ།>>(ཚིགས་བཅད་སྙན་ངག)མཚོ་སྐྱེས་ཀྱི<<གོ་ཁ།>>(རང་མོས་སྙན་ངག)བུ་ཚེ་རིང་རྒན་པའི་<<ཕ་ཡུལ་གྱི་ནམ་མཁའ། ཕ་ཡུལ་གྱི་ས་གཞི།>>(ལྷུག་རྩོམ།གཅན་རང་སད་ཀྱི<<མེ་ལོང་དགུ་རྡུང་།>>(ཚིགས་བཅད་སྙན་ངག)ཚེ་དབང་རྣམ་རྒྱལ་གྱི<<ཁྭ་ཏ།>>(སྒྲུང་གཏམ།)བཅས་དེབ་དྲུག་གིས་གྲུབ་ཅིང་། དེབ་དེ་དག་ཏུ་བསྡུས་པའི་བརྩམས་ཆོས་དག་ནི་རྩོམ་པ་པོ་དག་གི་ཉེ་བའི་ལོ་ཤས་རིང་གི་གསར་རྩོམ་ལ་གཟིགས་གཟོས་སྤྲོད་སྟངས་ཤིག་དང་། ལྷག་ཏུ་དཔེ་ཚོགས་ཁྲོད་ཀྱི་ཚེ་དབང་རྣམ་རྒྱལ་གྱི་སྒྲུང་དེབ་ལ་དྲ་ནང་དུ་ཚ་འུར་བསྐྱེད་ཅིང་སླར་ཡངཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཀློག་པའི་ཉམས་འུར་གྱི་ལོཞིག་ཏུ་ངོས་འཛིན་ཆོག  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི<<དུས་རབས་གསར་པའི་བོད་ཀྱི་གཞོན་སྐྱེས་རྩོམ་རིག་དཔེ་ཚོགས།>>སུ། སྤེན་པའི<<མོའོ་རྩེད།>>དང་། རྦབ་ཆུའི<<ཡུལ་ལ་ལོག་པའི་ལམ་བུ།>>འགྱུར་མེད་ཚེ་དབང་གི<<ཡིད་ཀྱི་མེ་ལོང་།>>ལྷག་པ་བཀྲ་ཤིས་ཀྱི<<མི་ཡུལ་གྱི་གསང་གཏམ།>>ཤ་བདེ་བུ་ཁྲིད་ཀྱི<<ཀུ་ཤུ་དམར་པོ།>>གངས་སྨྱོན་ཚུལ་ཁྲིམས་ཀྱི<<ས་སྲོད་ཀྱི་དྲན་འཆར།>>འཕན་ཕྲུག་ཆོས་འཕེལ་གྱི<<ལོ་ཟླའི་སྔ་ཚིག་ཕྱི་ཚིག>>གསར་བུའི<<སྐྱིད་ཆུ།>>རོང་པོ་རང་འཚོལ་གྱི་<<གཡུང་དྲུང་གཡས་འཁྱིལ།>>སོགས་བརྩམས་ཤིང་། དཔེ་ཚོགས་འདི་ནི་གཞོན་པའི་རབས་དག་རྩོམ་ལུས་སྣ་མང་ལ་འཇུག་སྟངས་ཀྱི་ངོས་ཤིག་ཏུ་བལྟས་ཆོག 

བཞི་བ། རྩོམ་རིག་བརྩམས་ཆོས།

སྒྲུང་དེབ་ཀྱི་ངོས་ནས།  ནམ་མཁའ་བཀྲ་ཤིས་ཀྱི་སྒྲུང་དེབ<<ནུབ་ཀྱི་སྐར་མ་སྨིན་དྲུག>>ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། མི་ལ་ཙི་ཙིའི་སྒྲུང་ཐུང་བསྡུས་དེབ<<སྟག་མོ་རོང་ཟམ་པ།>>ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། སྙན་བུའི་སྒྲུང་དེབ<<སོར་གདུབ་དང་སྒྲུང་ཐུང་གཞན་དག>>ཅེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། གཞན་ཡང<<སྦྲང་ཆར།>>དང་<<ཟླ་ཟེར།>>སོགས་སུ་སྔར་རྒྱུན་ལྟར་སྒྲུང་འབྲིང་དང་སྒྲུང་ཐུང་མང་པོ་བཀོད་ཅིང་། བྱེ་བྲག<<ཟླ་ཟེར།>>དུས་དེབ་ཀྱི་དེབ་གསུམ་པར་སྒྲུང་ཐུང་ཆེད་དེབ་ཀྱི་རྒྱུན་བསྲིང་ནས་འདུག སྤྱིར<<མི་རིགས་ཀྱི་རྩོམ་རིག>>དུས་དེབ་ནི་རྩ་བའི་ཆ་ནས་བསྒྱུར་རྩོམ་གཙོར་འདོན་གྱི་དེབ་ཅིག་ཏུ་ཀུན་གྱིས་བགྲང་མོད་ཀྱི། ད་ལོའི་དང་པོར་གོ་རབས་རྩོམ་པ་པོའི་སྒྲུང་ཐུང་ཆེད་སྒྲིག་བཟོས་ཤིང་། རྩོམ་པ་པོ་སྔོག་འདོན་དང་བརྩམས་ཆོས་རོལ་མྱོང་ཐད་སྐུལ་ལྕག་བྱས། 

སྙན་ངག་གི་ངོས་ནས།  སྨྲེང་བུའི་སྙན་དེབ<<མཁའ་དབྱིངས་ལ་ཕྱོགས་པ།>>ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། ས་དམར་གྲགས་པའི་སྙན་དེབ<<སྐར་མའི་ས་ཁྲ།>>ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། རྨ་མདུད་གྲོལ་གྱི<<ཟླ་འོད་འོག་གི་རྟོག་འགྱུ།>>དང་། སྨྱུག་སྨྱོན་གྱི<<ནེ་སེར་རི་བོའི་སྙན་ཚིག>>གཅན་ཡེ་ཤེས་ཀྱི་སྙན་དེབ<<ལྷོད་ཀྱིས་བཞུར་བའི་དབྱངས།>>ཞེས་པ་སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། གཞན་ཡང<<མི་རིགས་ཀྱི་རྩོམ་རིག>>དུས་དེབ་ཀྱི་དེབ་གཉིས་པར་སྙན་ངག་ཆེད་སྒྲིག་གི་ལེ་ཚན་བཟོས་ཤིང་། རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་མཛེས་དཔྱོད་གསར་པའི་ངོས་ཤིག་ཏུ་བལྟས་ཆོག 

ལྷུག་རྩོམ་གྱི་ཆ་ནས། གངས་དབང་གི་མུ་འབྲེལ་ལྷུག་རྩོམ་དེབ་ཁག་བཞི་བ<<རང་ས་རང་ཡུལ་བསྐོར་བའི་སྐྱིད་སྡུག>>ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། ཐབ་ཀ་བའི་ལྷུག་རྩོམ་དེབ་ཐོག་མ<<ནས་ཞིང་རྐ་མགོ་མ།>>ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། བྱང་ཐང་སྐོར་གྱི་མུ་འབྲེལ་རིག་གནས་ལྷུག་རྩོམ་ཁག་དང་པོ་སྟེ། སོག་རུ་ཀརྨ་ཀུན་ཁྱབ་ཀྱི<<བྱང་ཐང་བསྐོར་བའི་གཏམ་རྒྱུད།>>ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། དཔལ་མོ་རྒྱལ་གྱི་དེེབ<<འདོ་རིག་རྟ་ཕོ།>>ཞེས་པ་རྟ་ཁོ་ན་བརྗོད་བྱ་བྱས་པའི་ལྷུག་རྩོམ་དེབ་ཅིག་ཡིན་ཞིང་། རྒྱ་ཆེའི་ཀློག་པ་པོའི་སྡེ་ནས་མཉམ་འུར་བྱུང་། བོད་རྩོམ་སྤྱིའི་ངོས་ནས་བལྟས་ཚེ། ལྷུག་རྩོམ་ལ་དེ་འདྲའི་གནས་བབ་ཚད་མཐོན་པོ་ཞིག་དང་། ཀུན་གྱིས་མཉམ་འུར་བསྐྱེད་ཐུབ་པ་དེ་འདྲ་ཞིག་མིན་ན་ཡང་། ཉེ་བའི་ལོ་འདི་གར་རིག་གནས་ལྷུག་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་རེ་ཟུང་འབྱུང་གིན་པས། བོད་རྩོམ་གྱི་སྡིངས་ཆར་གྲགས་འགུལ་བཟོས་ཤིང་རེ་བ་གསར་པ་ཞིག་གི་ཁ་དོག་སྣོན་ཐུབ་པར་བྱས། 

དཔྱད་བརྗོད་ཀྱི་ཆ་ནས། ཕུན་ཚོགས་དཔལ་འབྱོར་གྱི<<རྩོམ་རིག་དང་ཡིད་གཟུགས།>>ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། འཇུ་སྐལ་བཟང་གིས་བརྩམས་པའི<<སྲིད་པ་དཔེའི་འཇིག་རྟེན>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། དཔལ་ལྡན་གྱིས་བརྩམས་པའི<<སྙན་ངག་གསར་པའི་རྣམ་བཤད །>>ཅེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། རྩོམ་པ་པོ་ལེའུ་ཆེན་པོ་གསུམ་དང་ས་བཅད་བརྒྱད་དུ་བསྡུས་ཏེ19832010ལོའི་དབར་གྱི་སྙན་ངག་རྣམས་དཔྱད་གཞིར་བཟུང་སྟེ། བོད་ཀྱི་སྙན་ངག་གསར་པའི་འཕེལ་འགྱུར་གྱི་ངོ་བོ་དང་སྤྱི་དོན་ལ་ཧྲིལ་གྱིས་སྤྱི་སྡོམ་བྱས་འདུག  

བརྩམས་ཆོས་བྱེ་བྲག་པའི་ཆ་ནས། ད་ལོའི་ཀྲུང་གོའི་བོད་རིག་པའི་དེབ་བཞི་བར་འཁོད་པའི་ཨ་བྱམས་བན་དེ་མཁར་གྱི<< གྲངས་ཚད་དང་སྤུས་ཚད་ཀྱི་དཔྱོད་ཐབས་ཟུང་འབྲེལ་སྒོས་ལོ་ངོ75རིང་གི་བོད་ཀྱི་རྩོམ་རིག་ཞིབ་འཇུག་ལ་ལྟ་བ།>>ཞེས་པ་དང་། བཙུན་པོ་དོན་གྲུབ་ཀྱི<<དུས་རབས་ཉེར་གཅིག་པའི་བོད་ཀྱི་སྒྲུང་རིང་གི་བརྗོད་དོན་དང་དེའི་རིག་གནས་དོན་སྙིང་ལ་དཔྱད་པ།>>ཞེས་པ། བསོད་ནམས་རྒྱལ་གྱི<<རྩོམ་རིག་ཅེས་པའི་བརྡ་ཆད་བོད་ཡིག་ཏུ་འགྱུར་བའི་སྐོར་ལ་དཔྱད་པ།>>ཞེས་པ་བཅས་དང་། 2025ལོའི<<མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་དེབ།>>དེབ་དང་པོར་འཁོད་པའི་ཀླུ་དབང་ནོར་བུ་དང་དབང་མཆོག་འབུམ་གཉིས་ཀྱི<<ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་གི་འགོ་རྩོམ་ལུགས་ལ་དཔྱད་པ།>>དང་། སྦྲང་ཆར་དེབ་གསུམ་པར་འཁོད་པའི་བདུད་ལྷ་རྒྱལ་ལགས་ཀྱི<<ཨ་ཁུ་རྣམ་རྒྱལ་དང་ཁོའི་གནའ་རྒྱའི་ཚེ་ལོ་ཡི་བསམ་བློའི་དོན་སྙིང་ལ་དཔྱད་པ།>>ཞེས་པ་སོགས་འདུག 

འགྱུར་རྩོམ་གྱི་ཆ་ནས། ལྡོང་བུས་བསྒྱུར་བའི<<རྒྱལ་སྲས་ཆུང་ཆུང་།>>ཞེས་པ་འཛམ་གླིང་ཀློག་མཁན་འབོར་ཆེན་གྱི་དགའ་བསུ་ཚད་མེད་དང་དཔེ་དེབ་བྲིན་ཤོས་ཡིན་པས། ལོ་ངོ་བཅུ་འགོར་རྗེས་ཀྱི2025ལོར། ཡང་བསྐྱར་དཔེ་སྐྲུན་ཁང་དེ་ག་ནས་པར་བསྐྱར་པར་དང་འགྲེམས་སྤེལ་བྱས།<<འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས།>>(ཁག་གཉིས་པ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས། བོད་འགྱུར་དཔེ་ཚོགས་འདི་ལ་ཁྱོན་དེབ་བཅུ་ཡོད་ཅིང་། <<ལྗན་ཨར།>>སོགས་ཀྱིས་མཚོན་པའི་སྒྲུང་རིང་དེབ་བཅུ་ལས་གྲུབ། འགྱུར་མཁན་ཁོང་ཅག་ཀྱང་བོད་ཀྱི་རྩོམ་རིག་གསར་རྩོམ་དང་སྐད་གཉིས་ལོ་ཙཱའི་སྡེ་རུ་གྲགས་པ་ཆེ་ཞིང་གྲུབ་འབྲས་འབུར་ཐོན་ཡོད་པའི་རྩོམ་པ་པོ་ཤ་སྟག་ཡིན་པས། བོད་ཀྱི་རྩོམ་རིག་གསར་རྩོམ་དང་མཐོར་འདེགས་དང་ལས་དོན་ཐད་དགེ་མཚན་བླ་མེད་གདོན་ཐུབ་པ་བྱུང་། 

རྩོམ་རིག་བྱ་དགའ། 

གངས་རྒྱན་རྟགས་མའི་བོད་ཡིག་གསར་རྩོམ་བྱ་དགའ་སྐབས་བཞི་བའི་གཟེངས་བསྟོད་ཚོགས་འདུ་ལྷ་སར་བསྡུས་ཤིང་། 20152025ལོའི་དབར་གྱི་རྩོམ་རིག་བརྩམས་ཆོས་དག་གཞིར་བཟུང་ནས་མཐར་བརྩམས་ཆོས་བདུན་བདམས་ཐོན་བྱུང་། སྙན་ངག་གི་སྐོར་ནས་མདོ་སྨད་ཧེ་རུ་ཀའི་སྙན་དེབ<<དབྱངས་གསལ་གན་མཛོད།>>དང་། འཆི་མེད་ཀྱི<<ཆུའི་ལང་ཚོ།>>གཉིས་དང་། ལྷུག་རྩོམ་གྱི་སྐོར་ནས་གངས་དབང་གི<<རང་ས་རང་ཡུལ་བསྐོར་བའི་སྐྱིད་སྡུག>>དང་། འདས་པོ་ཉྭ་ནག་པ་བ་རེས་ཀྱི<<ལྷུག་རྩོམ་ཆེད་སྒྲིག>>གཉིས། བརྩམས་སྒྲུང་ཐུང་འབྲིང་སྐོར་ནས་ནམ་མཁའ་བཀྲ་ཤིས་ཀྱི<<ཆུ་བོ་ལི་ཧི་ཏའི་འགྲམ་ངོགས།>>དང་། གཡུ་རྔོག་ཚེ་བཀྲའི<<སྦས་ཡུལ།>>གཉིས་དང་། སྒྲུང་རིང་གི་ངོས་ནས། ཚེ་རིང་གཡུ་སྒྲོན་གྱི<<གཡུ་ཆུང་དྲུག་དཀར།>>བཅས་སོ། ། མ་ཟད་ད་དུང་ཟོ་ཐང་རྟགས་མའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་སྐབས་གཉིས་པ་དང་། མཚོ་སྔོན་པོ་དྲ་བ་རྟགས་མའི་སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པ་སོགས་སྤེལ་ཏེ་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།