
བོད་ཀྱི་གློག་བརྙན་གླེང་སྐབས། གློག་བརྙན་ལ་དགའ་མཁན་མང་པོ་ཞིག་གིས་ཐོག་མར་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས“བོད་ཀྱི་རླབས་རྒྱུན་གསར་པའི”སྒོ་འཕར་ཕྱེ་བ་དེ་དྲན་འོང་།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནས་བཟུང་། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་རྣམ་པ་གསར་རྐྱང་གི་གློག་བརྙན་ལམ་ནས་བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་མི་མང་པོ་ཞིག་ལ་ཤེས་སུ་བཅུག ལྷག་པར་ནུས་ཤུགས་ཡོད་རྒུས་ན་གཞོན་གློག་བརྙན་གསར་རྩོམ་པ་ཁག་ཅིག་གསོ་སྐྱོང་དང་རོགས་སྐྱོར་བྱས་ཏེ། ཁོ་ཚོའི་བརྩམས་ཆོས་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་བཏང་བ་ལས། འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱི་གློག་བརྙན་རིང་གྲས《བཀྲ་ཤིས》ཡང་དེའི་ཁྲོད་ཀྱི་གཅིག་རེད།

གློག་བརྙན་དེ་ནི་བརྩམས་སྒྲུང《བཀྲ་ཤིས་ཞེས་པའི་ཁྱི་ཞིག་རྗེས་སུ་དྲན་པ》དང《རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར》ཞེས་པ་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཡིན་ཞིང་། དེ་ཧྭ་ཧྲ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དངFIRSTན་གཞོན་གློག་བརྙན་འགྲེམས་སྟོན།ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་ཆེན་འགྲེམས་སྟོན་གྱི་འགྲན་སྡུར་དང་འགྲེམས་སྟོན་ཁྲོད་ཚུད་པར་མ་ཟད། ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མ་སྐབས38པའི་འཁྲབ་ཁྲིད་པ་རྩེ་གྲས་དང་བྱིས་པའི་གློག་བརྙན་རྩེ་གྲས་ཀྱི་མིང་འདོན་བྱ་དགའ་ཐོབ། གཏམ་རྒྱུད་ལམ་ནས་བལྟས་ན། 《བཀྲ་ཤིས》ཞེས་པའི་ནང“མིང”དང“མིག”སོ་སོར་དོན་བརྗོད་ཀྱི་རྩ་བའི་འགག་རྩ་བྱས་ཏེ། གཙོ་འཁྲབ་པ་བཀྲ་ཤིས་ཀྱི་བྱིས་དུས་ཀྱི་འདས་དོན་བརྒྱུད་བོད་ཀྱི་སྲོལ་རྒྱུན་དང་དེང་རབས། འདས་དོན་དང་ད་ལྟ་བཅས་སྦྲེལ་ནས་བརྗོད་ཡོད།

ལོ་རབས90པའི་སྟོད། བུ་ཆུང་བཀྲ་ཤིས་ཀྱིས་ཁྱི་ལྡོམ་ཞིག་བསྐྱབས་ཤིང་། ཨ་མ་སྒྲོལ་མས་ཁྱི་དེའི་མིང་ལ“བཀྲ་ཤིས”ཞེས་བཏགས་པ་མ་ཟད། ཁྱི་དེར་དད་མོས་ཡོད་ཅིང་མཇལ་སྐོར་བྱེད་ཤེས་པར་འདོད་མོད། འོན་ཀྱང་ཁྱི་དང་མིང་གཅིག་པའི་བཀྲ་ཤིས་ཀྱི་སོ་གསོད་པའི་བྱིས་དུས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་། དེ་དང་ཆབས་ཅིག གཞོན་ནུ་བསོད་ནམས་དར་རྒྱས་ཀྱིས་སྡེ་བའི་ནང་གློག་བརྙན་ཁང་ཞིག་བཙུགས་ཏེ། འཛམ་གླིང་ས་ཆ་སོ་སོའི་གློག་བརྙན་བསྟན་པས་ནམ་རྒྱུན་མི་མང་པོ་ཞིག་གི་མིག་དབང་བཀུག་ནས་བལྟ་རུ་བསྐྱོད།བཀྲ་ཤིས་དང་ཁོའི་གྲོགས་པོ་ཚོས་ཀྱང་གློག་བརྙན་ལ་བལྟ་ཆེད་ཐབས་བརྒྱ་ཇུས་སྟོང་གིས་སྒོར་མོ་གསོག་པར་འབད། རིམ་བཞིན་དགུང་མོར་གོ་འདོན་བྱེད་མཁན་ཇེ་ཉུང་དུ་སོང་སྟབས་སྡེ་བའི་ནང་གི་ལོ་ལོན་ཚོར་བསམ་འཆར་བྱུང་།

སྨྱན་སྦྱོར་གསར་པ་བོད་ཁུལ་དུ་དར་ཁྱབ་བྱུང་རྗེས་སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་ཟླ་ནི“བོད་ཀྱི་རླབས་རྒྱུན་གསར་པའི”གློག་བརྙན་ཕལ་ཆེར་གྱི་རྩ་བའི་བརྗོད་གཞི་གྲས་ཀྱི་གཅིག་རེད། དཔེར་ན།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་ནང་གསར་འགྱུར་དང་།རླུང་འཕྲིན།བརྙན་ཕབ་སོགས་སྨྱན་བྱེད་སྣ་ཚོགས་ཀྱིས་བོད་ཀྱི་རིག་གནས་ལ་ཕྱོགས་ཡོངས་ནས“བཙན་འཛུལ”བྱས་ཏེ། བླ་མ་དང་བཙུན་པ་ཆུང་ཆུང་གཉིས་བརྙན་འཕྲིན་ནང་གི་འགུལ་རིས་གློག་བརྙན་གྱིས་ཡིད་དབང་འཕྲོག་ནས། ཁོ་ཚོའི་སེམས་སུ་ལྷ་སྒྲུང་འཇིག་རྟེན་ནང་གི་སུན་ཝུའུ་ཁུང་ནི་བོད་ཀྱི་ཟློས་གར་གཏམ་རྒྱུད་ནང་གི་དྲི་མེད་ཀུན་ལྡན་ལས་ཀྱང་བརྒལ་ཡོད་པ་འདྲ།

《བཀྲ་ཤིས》གྱིས་ཐད་ཀར་དུ་དེང་རབས་ཀྱིས་སྲོལ་རྒྱུན་ལ“བཙན་འཛུལ”བྱས་པ་དེའི་རྒྱུན་མཐུད། གློག་བརྙན་གྱི་མགོ་བརྩམས་རྗེས《རི་བོའི་ཕ་རོལ་བརྒལ》ཞེས་པའི་རྒྱབ་ལྗོངས་ཀྱི་རོལ་དབྱངས་དང་འགྲོགས་ནས་བསོད་ནམས་དར་རྒྱས་ཀྱིས་ཕི་ཁ་རླངས་འཁོར་ཞིག་སྐོར་ནས་སྡེ་བར་ལོག་དུས། ལམ་བུར་ཚང་མ་བྱེ་རྡུལ་གྱིས་ཁེངས་འདུག འགྲོས་གསར་པའི་གཞོན་ནུ་ཚོས་སྡེ་བར“ཕྱི་རོལ་གྱི་འཇིག་རྟེན”ཞིག་འཁྱེར་ཡོང་སྟེ། རླངས་འཁོར་ནང་གི་བརྙན་འཕྲིན་དང་།སྒྲ་ལྡན་སྒྲིག་ཆས། བརྙན་ཕབ་སྤྱིན་ཤོག་བཅས་ནི་སྲོལ་རྒྱུན་ནས་དེང་རབས་སུ་སྐྱོད་པའི་ཟམ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཡིན་ནའང་སློབ་གྲྭ་གྲོལ་མ་ཐག་པའི་བཀྲ་ཤིས་དང་ཁོའི་གྲོགས་པོ་ཚོ་དགའ་སྤྲོའི་ངང་རིབ་ནས་ཅི་ཡིན་ཆ་མ་འཚལ་བའི་གཏམ་འདྲི་བ་མ་གཏོགས། སྡེ་བའི་ནང་གི་ལོ་ལོན་ཚོ་སྤྲོ་བ་ཅང་མི་འདུག

ངོ་མཚར་བ་ཞིག་ལ་གློག་བརྙན་དེས་འགལ་རྐྱེན་དེ་ཐད་ཀར་དུ་སྲོལ་རྒྱུན་དང་དེང་རབས་བར་ལ་བཙུགས་མེད་པ་དང་། སྡེ་བའི་ཧྲུའུ་ཅི་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་གྲོས་ཁ་བསྡུར་བའི་མཇུག་འབྲས་དེ་ཕན་ཚུན་གཉིས་ཀར་མཐུན་ཞིང་། གློག་བརྙན་ཁང་སྔར་བཞིན་གཉེར་ཆོག་མོད། འོན་ཀྱང་གཟའ་མཇུག་མ་གཏོགས་བསྟན་མི་ཆོག ཉིན་ཞིག་གི་དགོང་མོར། བཀྲ་ཤིས་ཀྱིས་ཁང་ཀླད་ནས་ལྐོག་བལྟ་བྱེད་པའི་མཐོང་སྣང་ལས། གློག་བརྙན་ཁང་དུ་ཡོད་པའི་བསོད་ནམས་དར་རྒྱས་ཀྱི་མིག་མདའ་དེ། སྐྱེ་འབྲས་ལེགས་པའི་བུ་མོ་ཞིག་གི་སྟེང་ལ་ཤོར་འདུག སྐྱེས་པ་གཞན་ཞིག་གིས་མོ་ལ་སྐད་ཆ་བཤད་བཞིན་པ་མཐོང་ཐུབ། འོན་ཀྱང་གཏམ་རྒྱུད་ཀྱི་གོ་རིམ་དེའི་རྗེས་སུ་གློག་བརྙན་ཁང་དུ་རྡུང་རེས་བརྒྱབ་བྱུང་། བཀྲ་ཤིས་སྐབས་དེ་དང་བསྟུན་ནས་གློག་བརྙན་ཁང་གི་ནང་དུ་སོང་ནས་སྐད་ཅོར་དང་ཡོ་བྱད་གདོང་ཐུག་གི་འཛེར་སྒྲའི་ཁྲོད་བརྙན་འཕྲིན་ནང་གི《མའོ་ཏུན་དུས་རབས》ཀྱིས་ཡིད་དབང་བཀུག་མོད། འོན་ཀྱང་ཅང་མ་འགོར་བར་བརྙན་འཕྲིན་ལ་དངོས་པོ་ཕོག་ནས་ཡོད་ཚད་ནག་ཚུབ་སེ་གྱུར།
དེང་རབས་འཛམ་གླིང་དུ་སྐྱོད་པའི“མིག”དེ་སྲོལ་རྒྱུན་གྱིས་མ་བཀབ་པར། མིའི་བར་གྱི་བརྩེ་དུང་དང་ནང་སེམས་ཀྱི་འགལ་ཟླ་དེ་སྔར་བཞིན“མིང”གིས་མཚོན་པར་བྱས་པའི་གཏམ་རྒྱུད་ཞིག་བཞེངས་བསྐྲུན་བྱས།

མིང་ལ་བཀྲ་ཤིས་ཟེར་བའི་ཁྱི་དེ་ཡོད་པས། བཀྲ་ཤིས་ལ་རྒྱུན་ཏུ་སློབ་གྲོགས་ཚོས་འཕྱ་སྨོད་བྱེད་ཅིང་། སློབ་གྲོགས་དང་རྡུང་རེས་བྱེད་པ་དང་།ལྐོག་ཏུ་གློག་བརྙན་ཁང་དུ་འགྲོ་བ། ལས་བྱ་འབྲི་རྒྱུ་བརྗེད་ནས་དགེ་རྒན་གྱིས་སྐྱོན་བརྗོད་དང་གོ་ནོར་ཐེབས་པ་མ་ཟད། ད་དུང་བོད་ཡིག་སློབ་ཚན་གྱི་འཐུས་མིའི་གོ་གནས་ཀྱང་བླངས་སོང་བས། བཀྲ་ཤིས་ཀྱིས་རང་ལ་མ་ཉེས་ཁ་གཡོགས་ཐེབས་པ་ཚང་མ་ཁྱི་ལ་ལན་སྙམ་ནས་སེམས་སུ་སྡང་སེམས་སྐྱེས། མཐར་ཟླ་འོད་མོག་ཅིང་རླུང་འཚུབ་ཆེ་བའི་མཚན་མོ་ཞིག་ལ། བཀྲ་ཤིས་ཀྱིས་ཁྱི་དེར་རྡོ་ཡིས་བརྒྱབས་ནས་རྨས་སྐྱོན་བཏང་། བཀྲ་ཤིས་ཀྱིས་མིག་ནང་ཁྲག་གིས་བཀང་པའི་ཁྱི་དེ་ཨ་མ་སྒྲོལ་མའི་རྐང་འོག་ཏུ་འགྱེལ་ལོག་ཏུ་བསྡད་ཡོད་པ་མཐོང་སྐབས། འགྱོད་སེམས་རབ་ཏུ་སྐྱེ་པ་མ་ཟད་ཁོ་དང་འགྲོགས་ནས་ལོ་ཟླ་མང་པོ་ཞིག་འགོར་སོང་།

ནར་སོན་རྗེས། མིག་ནད་ཕོག་པའི་བཀྲ་ཤིས་སླར་ཡང་ཕ་ཡུལ་དུ་ལོག་རྗེས། ད་གཟོད་གནས་ཚུལ་དེ་རང་ཉིད་ཀྱི་ཡིད་ངོ་ན་ཡོད་པའི་དོན་དེ་དང་མི་འདྲ་བར། “མིག”དང“མིང”ཞེས་པའི་གཏམ་རྒྱུད་ཀྱི་བརྗོད་བྱ་དེ་གཉིས་གློག་བརྙན་གྱི་མཐའ་མཇུག་གི་ཕྱིར་དྲན་ཁྲོད་འདྲེས་ཡོད་པ་ཤེས། བརྙན་འཕྲིན་བཅགས་པའི་མཚན་མོ་དེར་རྨས་སྐྱོན་ཕོག་པའི་བསོད་ནམས་དར་རྒྱས་འཐེང་འགྲོ་ལངས་ནས་གློག་བརྙན་ཁང་དུ་ལོག་དུས། ལྐོག་ཟ་བྱེད་བཞིན་པའི་ཁྱི་དེ་མཐོང་ནས་ཁོང་ཁྲོ་ཆེན་པོས་རྡོ་བླངས་ཏེ་ཁྱི་ལ་རྡུང་མཐར་ཁྱི་དེ་ལོང་བར་གྱུར།

གལ་སྲིད་ཨ་མ་སྒྲོལ་མའི་བཤད་པ་ནང་བཞིན་དད་པ་དང་མཇལ་སྐོར་བྱེད་ཤེས་པའི་ཁྱི་དེས་སྲོལ་རྒྱུན་མཚོན་ངེས་ཞེས་བསྙད་ཚེ། དགོང་མོ་དེར། སྲོལ་རྒྱུན་དང་དེང་རབས་ལ་རྒྱལ་ཁ་ཐོབ་གཅིག་ཀྱང་མ་ཐོབ། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ཁོ་ཚོ་ཚང་མ་དུས་རབས་ཀྱི་འཁོར་འགྲོས་འོག་གི་ཉེས་མེད་ཀྱི་བསྡུས་གཟུགས་ཁོ་ན་ལགས། བཀྲ་ཤིས་ཀྱི“གནས་འཛོལ”གྱི་དྲན་ཤེས་ཐུན་མོང་གིས་གྲུབ་པར་བྱས་ཏེ། ཁོའི་འཚར་ལོངས་དེ་སེམས་ཁམས་ཀྱི་སྡུག་བསྔལ་ཞིག་ཏུ་གྱུར་དུ་བཅུག ནར་སོན་རྗེས་ཀྱི་བཀྲ་ཤིས་གཞས་ཚིག་ནང་བཞིན་རི་བོའི་ཕ་རོལ་བརྒལ་ཏེ་རྩོམ་པ་པོ་ཞིག་ཏུ་གྱུར་ནས། སྔར་ལས་ཆེ་བའི་འཇིག་རྟེན་ཞིག་མཐོང་མོད། འོན་ཀྱང་རྒྱུ་འབྲས་མིག་ལྟར་སྲུང་བའི་སྲོལ་རྒྱུན་དད་མོས་ཀྱིས་ཁོ་རང་བྱིས་དུས་ཀྱི་འགྱོད་གདུང་ཁྲོད་ལུས་སུ་བཅུག་པ་མ་ཟད། ཕ་ཡུལ་དྲན་པའི་གདུང་བའི་ཁྲོད་དུའང་ནམ་ཡང་ནང་སེམས་ཀྱི་སྡུག་བསྔལ་དེ་འདོར་ཐུབ་མ་བྱུང་།

བརྙན་མིག་ལས་ཐད་ཀར་མཐོང་ཐུབ་པ་ཞིག་ནི། གློག་བརྙན་དེ་བཀྲ་ཤིས་ནར་སོན་རྗེས་ཀྱི་བརྒྱུད་རིམ་ཁྲོད་ཁ་དོག་སྐྱ་བོའི་མདོག་སྤྱད་དེ། ཁོང་དང་མཉམ་དུ་བྱིས་དུས་ཀྱི་འཚར་ལོངས་བྱུང་བའི་ས་ཆ་ཁ་ཤས་སུ་སླེབས། མཐོང་ལམ་དུ་མངོན་པ་ནི་ཆག་སྐྱོན་དང་ཤུལ་ལུས་སུ་གྱུར་པའི་དངོས་པོ་ཁོ་ན་ཡིན་སྟབས། རེ་ཐག་ཆད་པའི་སྐྱོ་ཉམས་ཤིག་ངང་གིས་ཐོན་ཡོང་། ལོ་རབས90པའི་སྟོད་ཀྱི་བརྙན་མིག་ནི་དེ་ལས་ལྡོག་ཏེ་སྣ་མང་བ་ཞིག་སྟེ། དེར་གྲོགས་པོ་ཚོ་དང་མཉམ་དུ་རི་ལྡེབས་སུ་རྒྱུག་སྐབས་ཀྱི་ལང་ཚོའི་སྣང་བརྙན་དང་། ཉིན་ཐོའི་ནང་མ་ཉེས་ཁ་གཡོགས་ཐེབས་པ་འབྲི་སྐབས་ཀྱི་ཁེར་རྐྱང་གི་སྒྲོན་མེ་ཡོད་ལ། མཚན་མོར་ཁྱི་ལ་འཁོན་ལན་སློག་འདོད་ཡོད་པའི་སྐབས་ཀྱི་གྲང་ངར་རྒོད་པའི་མུན་ནག་ཀྱང་ཡོད།

བཀྲ་ཤིས་ཀྱི་བྱིས་དུས་ཀྱི་འདས་དོན་ལ་མཛེས་སྡུག་དང་ཡི་ཆད། བློ་ཕམ། གནོང་འགྱོད་བཅས་འདྲེས་ཡོད་དེ། དགའ་སྐྱོ་ཆགས་སྡང་འདྲེས་མའི་བརྩེ་དུང་དེས་ཁོའི་ཕ་ཡུལ་དྲན་པའི་གདུང་བ་རབ་རིབ་དང་ཞིབ་ཕྲ་རུ་བཏང་། དྲན་པ་ནི་དུས་ཚོད་དང་བསྟུན་ཏེ་ངེས་གཏན་མེད་པར་གྱུར་ནས། དོན་དངོས་ཀྱི་མཐའ་མཚམས་སྔར་ལས་རབ་རིབ་ཏུ་འགྱུར་ངེས། འོན་ཀྱང་བརྩེ་དུང་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་མ་ཟད། ལོ་མང་རིང་གི་ཕྱིར་དྲན་དང་རང་སྐྱོན་ངོས་ལེན་ཁྲོད་ཀྱི་བཀྲ་ཤིས་ཀྱི་ཆ་ཤས་དེ། འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་ལགས་ཀྱིས་གློག་བརྙན་ལས་བརྗོད་པ་ནང་བཞིན“དུས་རབས་ཀྱི་དྲན་ཤེས་དེ་རྣམ་པ་མི་འདྲ་བའི་ལམ་ནས་མི་རེ་རེའི་ཚེ་སྲོག་ཁྲོད་འདྲེས་ནས་ཁོའི་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་སྲིད”།
གློག་བརྙན་གྱི་མཇུག་ཏུ། བཀྲ་ཤིས་ཀྱིས་སྡེ་བ་ནས་ཁ་བྲལ་བའི་ལམ་བར་དུ་བྱིས་དུས་ཀྱི་གྲོགས་པོ་ཚོ་དང་མཉམ་དུ་རི་སྐྱེས་འབྲི་ཏ་ས་འཛིན་འཐུ་བའི་སྐྱིད་པའི་ལོ་ཟླ་དེ་དྲན།མིག་མདུན་གྱི་ཆར་སྨུག་དང་དྲན་ཤེས་ཁྲོད་ཀྱི་གསེར་མདོག་གི་འོད་སྣང་སླར་ཡང་བསྡུར་བ་ཞིག་ཏུ་གྲུབ། དངོས་ཡོད་ཁྲོད་ཀྱི་མདུན་ལམ་སྔར་བཞིན་གསལ་པོ་མེད་པ་དེ་ནི་སྡེ་བའི་ནང་སྡོད་མཁན་མེད་པའི་ཁང་རྙིང་ལྟར། ཚང་མ་ཉོ་སྒྲུབ་དང་བོགས་མར་གཏོང་ལེན་བྱེད་མགོ་ཚུགས་པ་དང་། ཁང་རྙིང་བསྐྱར་བཟོ་བྱས་ཏེ་ཡུལ་སྐོར་པས་བོད་ཀྱི་ཡུལ་སྲོལ་མྱོང་རོལ་བྱེད་ཡུལ་ཞིག་ཏུ་གྱུར། དེ་ལས་མི་རབས་ནས་མི་རབས་བར་བརྒྱུད་ཡོང་བའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དེ་འབྱུང་འགྱུར་གང་འདྲ་ཞིག་ཏུ་བསྐྱོད་རྒྱུ་ཡིན་པ་སུས་ཀྱང་མི་ཤེས། ཡིན་ནའང་དྲན་ཤེས་ཁྲོད་ཀྱི་བྱིས་དུས་དེ་རིམ་བཞིན་ཡལ་ཏེ། རི་བོའི་ཕ་རོལ་བརྒལ་པའི་གཞོན་ནུ་ཚོའི་སེམས་ནང་གི་རྟག་བརྟན་གྱི་སྟོབས་ཤུགས་དང་དད་པ་རུ་གྱུར་རོ། །