དཀར་མཛེས་ཀྱི་ཉེ་བའི་ལོ་ཤས་རིང་གི་རྩོམ་རིག་འཕེལ་འགྱུར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

__ ཡང་ན《གངས་དཀར་རི་བོ》ཡི་འདས་པའི་ལོ་ངོ་བཅུ།

ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས།)

ཁོ་བོས་འདིར་བརྗོད་པར་འདོད་པ་ནི་དཀར་མཛེས་ཕྱོགས་ཀྱི་ཉེ་བའི་ལོ་ཤས་རིང་གི་རྩོམ་རིག་འཕེལ་རྒྱས་སྐོར་ཡིན་པ་དང་། དེ་ལས་ཀྱང་བོད་ཡིག་གི་དེང་རབས་རྩོམ་རིག་སྐོར་ཁོ་ན་གླེང་བར་འདོད་མོད། དེ་སྔོན་འདིའི་སྐོར་ཐོར་བཀོད་བཞག་པའམ་དཔེར་བལྟ་ས་མེད་པ་དང་། ང་རང་ལ་ལྟ་རྒྱ་ཐོས་རྒྱ་ཆུང་བའི་སྟབས་ཀྱིས། བརྗོད་བྱས་མ་ཁེབས་པའམ་བརྗོད་ཉེས་བྱུང་བ། བརྗོད་དོན་གནད་ལ་མ་ཁེལ་བ་སོགས་ཀྱི་གནད་དོན་ཅི་རིགས་འབྱུང་སྲིད་པས། ཐོག་མར་ཆེན་པོ་གཉན་པོ་དག་གི་ཐུགས་དགོངས་དང་མི་མཐུན་པ་རེ་ངག་ནས་ཐལ་སོང་ན་མཐོལ་ལོ་བཤགས་དང་བཟོད་པར་གསོལ་ཞེས་ཞུ་འདོད་བྱུང་། དེ་ཡང་འདིར་གནའ་དེང་གཉིས་ཀྱི་ཟླས་ཕྱེ་བའི་དེང་རབས་རྩོམ་རིག་གི་སྐོར་གཙོ་བོར་བརྗོད་པར་འདོད་པས། རྩོམ་རིག་སྒྱུ་རྩལ་གྱི་ཁུངས་སུ་གཏོགས་པའི་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག འཁྲབ་གཞུང་བཅས་མ་ཡིན་པའི་བོད་ཡིག་གི་ཚིག་རྐང་བསྒྲིགས་མྱོང་མྱོང་ཐམས་ཅད་རེ་ཞིག་གླེང་ཐབས་བྲལ་བས། དེ་ལའང་སྔོན་ནས་བཟོད་པར་གསོལ་ཞེས་ཞུ་དགོས་བྱུང་། དེ་ལྟ་ནའང་། དེང་རབས་རྩོམ་རིག་ནི་སྲོལ་རྒྱུན་རྩོམ་རིག་གི་རྨང་གཞིའི་སྟེང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་སྨྲོས་མ་དགོས་པ་དང་། སྲོལ་རྒྱུན་གྱི་རྨང་གཞི་མ་བརྟན་ན་དེང་རབས་ཀྱི་རྐང་པ་ཚུགས་ས་མེད་པས། ད་ལྟ་རང་ཅག་དཀར་མཛེས་ཕྱོགས་ལ་དེང་རབས་རྩོམ་རིག་གི་མེ་ཏོག་ཁར་ཁེར་བཞད་བཞིན་པའང་སྔོན་མའི་སྲོལ་རྒྱུན་རྩོམ་རིག་གི་རྨང་གཞི་ངེས་ཅན་ཡོད་པས་ཅི་ལ་མིན་ཨང་།

འདས་ཟིན་པའི་ལོ་ངོ་འདི་དག་གི་རིང་ལ། དཀར་མཛེས་ཀྱི་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཤད་པར་མི་སྤོབས་ཀྱང་། སྔོན་ཆད་དང་བསྡུར་ན་ལྟོས་བཅས་ཀྱིས་འཕེལ་རྒྱས་ཅུང་ཙམ་བྱུང་ཡོད་པ་ནི་ངེས་གཏན་རེད། དེ་ནི་ངའི་སྟོང་གཏམ་ཙམ་མིན་ཏེ་གཤམ་གྱི་གླེང་བྱ་དག་གིས་ཀྱང་ར་སྤྲོད་ངེས་ཅན་ཐུབ། དེ་ལ་ཐོག་མར་ང་རང་ལ་ཆ་རྒྱུས་ཡོད་པའམ་དངོས་སུ་བརྒྱུད་མྱོང་བ་དང་ཡང་ན་མིག་མཐོང་ལག་ཟིན་དུ་གྱུར་པའི་དོན་དངོས་ཀྱི་སྟེང་ནས་གླེང་ན། དཀར་མཛེས་ཀྱི་རྩོམ་རིག་གམ་ཡང་ན་དཀར་མཛེས་ཀྱི་དེང་རབས་རྩོམ་རིག་ནི་དུས་དེབ་གཅིག་དང་མི་སྣ་འགའ་ཞིག་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཡིན་ཞེས་བརྗོད་པར་འདོད། འཕེལ་རྒྱས་ཀྱི་གོམ་སྟབས་དེ་ཉིད་ཅི་ཙམ་དལ་ཡང་གོམ་པ་གང་རེ་གང་རེ་བྱས་ནས་མདུན་དུ་སྐྱོད་བཞིན་པ་ནི་སུས་ཀྱང་བསྙོན་ཏུ་མེད། གོམ་པ་གང་རེ་གང་རེ་བྱས་ནས་མདུན་དུ་སྐྱོད་བཞིན་པ་དེས་ང་ལ་ལྷག་ཏུ་འཕེལ་རྒྱས་བྱུང་དང་འབྱུང་བཞིན་པའི་ཚོར་བ་སྐྱིད་པོ་ཞིག་སྤྲད་ཡོང་།

འོ་ན། དུས་དེབ་དེ་གང་ཡིན་ནམ། མི་སྣ་དེ་དག་སུ་སུ་ཡིན་ནམ་ཤེས་འདོད་ན་ཀློག་པ་པོ་ཁྱེད་ཀྱིས་ཐུགས་ལྷོད་ལྷོད་དང་ལུས་དལ་དལ་གནང་ནས་གཤམ་གྱི་གཏམ་རྒྱུད་ལ་ཐེངས་གཅིག་གསན་རོགས་ཞུ། གཅིག་བྱས་ན། གཏམ་རྒྱུད་འདི་ཉིད་ནི་ཉོག་གཏམ་འབའ་ཞིག་ཏུ་འགྱུར་ངེས་མོད། འོན་ཀྱང་། གུས་པ་རང་ལ་མཚོན་ན་འདི་ནི་མི་ཞིག་གི་འཚར་ལོངས་ཁྲོད་ཀྱི་གཏམ་རྒྱུད་ཆེས་སྙན་ཤོས་དེ་ཡིན་པར་འདོད་ཀྱིན་ཡོད།

འདི་ནས་ཡར་བརྩིས་པའི་མི་ལོ་བཅུའི་སྔོན་ཏེ་སྤྱི་ལོ༢༠༡༥ལོའི་དབྱར་ཟླ་ལྔ་པའི་ནམ་ཟླ་སྐྱིད་དུས་ཤིག་ལ། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབལ་ཤུལ་གསེར་རྟ་ནས་སྐབས་དང་པོའི《གངས་དཀར་རི་བོ》དུས་དེབ་ཀྱི་བོད་ཡིག་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། དེ་ལ་རང་ལོ་ཉི་ཤུ་བརྒལ་མ་ཐག་པའི་ང་རང་ཡང་ཞུགས་པའི་སྐལ་བ་བྱུང་། ད་ལྟར་ཕྱིར་འདང་བརྒྱབ་ན་ང་རང་སྐབས་དེའི་ཚོགས་འདུར་ཞུགས་ཐུབ་པ་ནི་ཏན་ཏན་མ་ཡུམ་སི་བོད་སློབ་གླིང་གི་གསོ་སྐྱོང་དང་འབྲེལ་བ་ཡོད་པར་འདོད། མ་ཡུམ་སི་བོད་སློབ་གླིང་གི་སློབ་གསོའི་བག་ཆགས་ཀྱིས་ང་རང་སྤྱི་ཚོགས་ཀྱི་ལས་རྐང་དུ་ཞུགས་ཟིན་ནའང་། སྔར་བཞིན་བོད་སྐད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་ཡོད་པ་དང་། སྔར་བཞིན་བོད་ཡིག་གི་ཚིག་རྐང་འགའ་རེ་རྡོ་ཆག་བཙན་སྒྲིག་བྱེད་བཞིན་ཡོད་པ་རེད། དེ་བས། སྐབས་དེར་ང་ལྟ་བུའི་རྩོམ་རིག་ཆེར་མི་ཤེས་ཀྱང་བོད་ཡིག་གི་འཛིན་པ་ཆེ་བ་འགའ་རེའང་ཞུགས་ཐུབ་སོང་བ་རེད།

ང་ལ་མཚོན་ན། ཐེངས་དེའི་ཚོགས་འདུ་བརྒྱུད་ནས་ཆེས་ཐོག་མར་བོད་ཀྱི་རྩོམ་པ་པོ་དང་ཉེ་བར་བཅར་བའི་སྐལ་བ་དང་ལྡན་པར་གྱུར། སྐབས་དེར་བོད་ཀྱི་སྙན་ངག་པ་འདས་པོ་གཅན་མེ་སྟག་དང་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་གཉིས་འཆད་ཁྲིད་དགེ་རྒན་ལ་གདན་ཞུ་གནང་འདུག དྲང་མོར་བཤད་ན་སྐབས་དེར་དགེ་རྒན་ཁོང་རྣམ་གཉིས་ཀྱིས་ངའི་མི་ཚེ་ལ་ཤུགས་རྐྱེན་ཐེབས་པའི་འཆད་ཁྲིད་ཅིག་གནང་ཡོད་མེད་ད་ལྟ་དྲན་ངོགས་ན་མི་འདུག་མོད། ཁོང་ཚོ་དང་མཉམ་འགྲོ་མཉམ་འདུག་བྱས་པའི་ཉིན་དེ་དག་གི་རིང་ལ་ཁོང་ཚོའི་འགྲོ་འདུག་སྤྱོད་གསུམ་དང་སྐད་ཆ་བཤད་སྟངས། བསམ་བློ་གཏོང་སྟངས་སོགས་ཀྱིས་ཤུགས་རྐྱེན་ངེས་ཅན་ཐེབས་སོང་ལ། རང་ཉིད་ཀྱང་སྔོན་ཆད་དང་མི་འདྲ་བ་ཞིག་ཏུ་འགྱུར་བཞིན་པ་མིན་ནམ་སྙམ་པའི་དགོད་བྲོ་བའི་ཚོར་སྣང་རེའང་སྐྱེས་ཡོང་། འོན་ཀྱང་། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི། སྐབས་དེར་དགེ་རྒན་གཞན་པ་གཉིས་གསར་དུ་ངོ་ཤེས་པ་དེས་ངའི་མི་ཚེ་ལ་ཏག་ཏག་འགྱུར་བ་བཏང་བྱུང་ཞེས་བཤད་པར་འདོད། དགེ་རྒན་ཁོང་གཉིས་ནི་སྐབས་དེ་ཚོད་ཅིག་ལ《གངས་དཀར་རི་བོ》བོད་ཡིག་པར་མའི་གདན་ཞུས་རྩོམ་སྒྲིག་པ་དང་ལག་བསྟར་རྩོམ་སྒྲིག་པར་གཏན་ཁེལ་གནང་ཟིན་པའི་གངས་དབང་བཀྲ་ཤིས་དང་ཀུན་བཟང་རྣམ་རྒྱལ་གཉིས་རེད།

སྐབས་དེའི་དགེ་རྒན་གངས་དབང་ནི་ན་ཚོད་དར་ལ་བབ་པའི་མི་ཕོ་སྒམ་ཚུགས་ཅན་ཞིག་དང་ཀུན་བཟང་རྣམ་རྒྱལ་ནི་ཤ་དར་ཁྲག་དར་གྱི་གཞོན་པ་རྣམ་རིག་ཅན་ཞིག་རེད།  《གངས་དཀར་རི་བོ》དུས་དེབ་ཀྱི་བོད་ཡིག་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་དེའི་མགོ་མཇུག་བར་གསུམ་དུ། དགེ་རྒན་གངས་དབང་གིས་ཚོགས་འདུར་ཞུགས་མཁན་ཚང་མ་ལ་ཀུན་བཟང་རྣམ་རྒྱལ་ངོ་སྤྲོད་གནང་ཞོར་མ་འོངས་པར《གངས་དཀར་རི་བོ》ལ་བརྩམས་ཆོས་མང་ཙམ་སྐུར་བའི་རེ་བ་ཞུས་པ་དང་། རྩོམ་རིག་གི་སྐོར་ལ་འབད་བརྩོན་ཕུ་ཐག་ཆོད་པ་དགོས་པའི་སྙིང་ཕུར་ཡང་ཡང་བརྡབས་བྱུང་བས། ང་རང་དང་བཅས་པའི་ཚོགས་ཞུགས་མི་སྣ་ཀུན་ལ་ངེས་པར་དུ་འབད་པ་བྱ་དགོས་ཨང་སྙམ་པའི་ཚོར་སྣང་ཤུགས་ཆེན་སྐྱེས། ཁྱད་པར་དུ་དགེ་རྒན་ཁོང་གི་སྐད་ཆ་ཞིག་གིས་ང་ཚོ་ལ་དེ་ལས་ཀྱང་སྒུལ་ཤུགས་ཆེན་པོ་ཐེབས་སོང་། སྐད་ཆ་དེ་ད་ལྟ་ད་དུང་ཡང་སེམས་ཀྱི་དཀྱིལ་ལ་བཟུང་ཡོད་མཁན་ཚོའི་སེམས་ཀྱི་རྟེན་དུ་ཉར་འཇོག་པ་ལས་འདིར་མི་འབྲི་བར་བྱ།

《གངས་དཀར་རི་བོ》དུས་དེབ་ཀྱི་བོད་ཡིག་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུའམ་གསོ་སྦྱོང་འཛིན་གྲྭ་ནི་སྐབས་དེ་ནས་བཟུང་མགོ་བརྩམས་ཏེ་ད་བར་དུ་ཏག་ཏག་ཐེངས་བཅུ་ལ་སྤེལ་ཟིན་པ་དང་། ཐེངས་རེ་རེའི་གསོ་སྦྱོང་འཛིན་གྲྭར་དབུས་གཙང་དང་མཚོ་སྔོན་ཕྱོགས་ཀྱི་རྩོམ་པ་པོ་རྒན་རབས་པ་མང་པོ་ཞིག་གདན་འདྲེན་ཞུས་ཏེ་ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་རིག་ལ་དགའ་མོས་ཡོད་མཁན་ཚོར་མཛུབ་སྟོན་དང་སློབ་ཁྲིད་གནང་དུ་བཅུག་པས། ཚོགས་འདུ་རེ་རེའི་སྟེང་དུ་སློབ་ཁྲིད་འདྲ་མིན་ལ་ཉན་ཆོག་པར་མ་ཟད་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ཀྱང་ངོ་ཤེས་པའི་སྐལ་བ་བྱུང་། དྲང་མོར་བཤད་ན། ཉིན་གསུམ་བཞི་ཙམ་གྱི་རིང་ལ་འཆད་ཁྲིད་འགར་ཉན་པས་ཡར་སྐྱེད་ཆེན་པོ་ཞིག་ཡོང་དགོས་ན་ཧ་ཅང་དཀའ་མོད། འོན་ཀྱང་། འདི་འདྲའི་ཚོགས་འདུ་རེ་རེ་འཚོགས་རྗེས་ང་ཚོ་ལ་སེམས་ཤུགས་ལྷག་མ་རེ་སྩོལ་ཡོང་བ་དང་། དུས་ཀྱི་ཁུགས་སོ་ན་བག་ལ་ཞ་བཞིན་པའི་དགའ་ཁ་འཁྱེར་ཕྱོགས་དེའི་མེ་ཁ་སླར་ཡང་གསོ་ཡོང་བས། ཚོགས་འདུ་རེ་རེའི་རྗེས་སུ་སྔར་ལས་འབད་པ་བྱེད་དགོས་ཨང་སྙམ་པའི་ཆོད་སེམས་རྙེད་ཡོང་། དེ་འདྲའི་སེམས་ཚོར་དེ་ནི་དགེ་རྒན་ཚོའི་སློབ་ཁྲིད་ལ་ཉན་སྐབས་སྐྱེས་ཡོང་བ་ཞིག་རེད་ལ། དེ་ལས་ཀྱང་སློབ་ཁྲིད་རྗེས་ཀྱི་ཟ་འཐུང་གི་སྐབས་དང་ཁྱད་པར་དུ་ཆང་ཁང་ཆུང་ཆུང་རེར་འཛོམས་ནས་ཕན་ཚུན་ལ་སྙིང་གཏམ་བརྗོད་དུས་སྐྱེས་ཡོང་བ་ཞིག་རེད། དེ་ནི་ང་རང་ལྟ་བུའི་དངོས་སུ་མཉམ་ཞུགས་བྱས་པ་ཀུན་ལ་ཤིན་ཏུ་གསལ། ངས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ནི། ཐེངས་རེ་རེའི་ཚོགས་འདུའི་སྐབས་ཀྱི་དགོང་མོ་དེ་དག་གི་རིང་ལ་དགེ་རྒན་གངས་དབང་དང་ཀུན་བཟང་རྣམ་རྒྱལ་གཉིས་ཀྱིས་ཆང་ཁང་ཆུང་ཆུང་རེ་ན་ང་ཚོ་རྫོང་ཁག་སོ་སོ་ནས་སློབ་སྦྱོང་ལ་ཡོང་མཁན་རྣམས་སྒུག་ཡོད་ངེས། ཁོང་རྣམ་པ་གཉིས་ཀྱིས་ནམ་རྒྱུན་རང་གི་ཁུག་མའི་ནང་དུ་ཡོད་པའི་སྒོར་རྡོག་འགའ་བོ་ཕངས་མེད་དུ་ང་ཚོའི་ཆང་རིན་དུ་སྟེར་ངེས་པ་དང་། ང་ཚོ་རྒྱུས་མེད་ནས་རྒྱུས་ཡོད་དང་རྒྱུས་ཡོད་ནས་གྲོགས་པོར་ཆགས་པའི་མཐུན་རྐྱེན་ཆེན་པོ་བསྐྲུན་ལ། ཁྱད་པར་དུ་རྩོམ་རིག་གི་སྐོར་ལ་འབད་འབུངས་དགོས་པའི་སྙིང་ཕུར་ཡང་ཡང་བརྡབས་ཡོང་བས། ཏག་ཏག་དེ་འདྲིའི་བློས་གཏོང་ཆེན་པོ་དང་སྤྱི་སེམས་ཆེན་པོས་ང་ཚོར་མགོ་སྐམ་པོའི་ནང་ནས་མཆི་མ་རློན་པ་ཐོན་ཡོང་བའི་སེམས་འགུལ་ཐེབས་པར་བྱེད་ལ། ལྷག་ཏུ་ཁོང་རྣམ་པ་གཉིས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་སྙམ་པའི་སེམས་ཚོར་ཤུགས་ཆེན་སྐྱེས་ཡོང་།

སྐབས་འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི།  《གངས་དཀར་རི་བོ》དུས་དེབ་ཀྱི་བོད་ཡིག་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཡར་སྔོན་ལ་དཀར་མཛེས་ཕྱོགས་སུ་དེང་རབས་རྩོམ་རིག་དར་མ་མྱོང་བ་ཡང་མིན་ཏེ། ཏག་ཏག་སྐབས་ཐོག་དེ་འདྲ་ཞིག་ལ་དགེ་རྒན་གངས་དབང་བཀྲ་ཤིས་ཀྱི་ལྷུག་རྩོམ་དེབ་གཅིག་དང་ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་གཏམ་དེབ་གཅིག ཕྱག་ཕྲེང་རྣམ་རྒྱལ་གྱི་སྒྲུང་གཏམ་དེབ་གཅིག་སྤྱི་ཚོགས་སུ་བཀྲམ་པ་དང་། དཀར་མཛེས་ཁུལ་གྱིས་དེ་ལ་དཔྱད་གླེང་ཚོགས་འདུ་རྒྱ་ཆེན་པོ་ཞིག་ཀྱང་བསྡུས་སོང་བས། དེ་ནི་ང་ཚོ་དཀར་མཛེས་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་དཀྱོགས་མཚམས་གལ་ཆེན་ཞིག་ཅི་ལ་མིན།

དེ་ལས་ཨ་སྐྱབས་དར་རྒྱས་ཀྱི་ངོས་ནས་ཅུང་ཙམ་སྤྲོས་ན། ཁོང་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་རྩོམ་རིག་ཆེད་སྦྱོང་གནང་སྟེ་མཐར་ཕྱིན་པ་དང་དགེ་རྒན་བཀྲ་བྷའི་དགེ་ཕྲུག་རྩེ་གྲ་ཞིག་ཡིན་པའི་ངོས་ནས། སྒྲུང་གཏམ་གསར་རྩོམ་གྱི་རྨང་གཞི་བཟང་བར་མ་ཟད། བརྩམས་ཆོས་མང་པོ་ཞིག་ལ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་ཆོས་སྐྱོང་ངམ་ཨ་བུ་སོགས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་རེད། དེ་བས། ཨ་སྐྱབས་དར་རྒྱས་ཀྱིས་ང་ཚོ་དཀར་མཛེས་ཕྱོགས་ཀྱི་སྒྲུང་གཏམ་ལ་སྔར་མེད་ཀྱི་གསོན་ཤུགས་ཤིག་གམ་རེ་བའི་འོད་སྣང་ཞིག་བསྩལ་བར་མ་ཟད་། ཁོང་གི《ལམ་འགྲོ་བ》ཞེས་པའི་སློབ་རའི་བརྩེ་དུང་བརྗོད་པའི་སྒྲུང་རིང་དེ་ནི་ང་ཚོ་དཀར་མཛེས་ཕྱོགས་ཀྱི་ལོ་རྒྱུས་སྟེང་གི་བོད་ཡིག་གི་སྒྲུང་རིང་ཐོག་མ་ཡིན་ལ། དུས་ད་ལྟའི་བར་དུ་སྒྲུང་རིང་དེ་གཅིག་པུ་ལས་གཞན་པ་འཁྲུངས་མ་ཐུབ་པ་འདྲ། དེ་བས། དཀར་མཛེས་ཀྱི་རྩོམ་རིག་གླེང་ན་ཨ་སྐྱབས་དར་རྒྱས་ནི་ཐོག་མའི་གྲས་སུ་མི་གླེང་ཐུ་མེད་ཡིན་ལ། ཆེས་གླེང་རིན་ཡོད་པ་ཞིག་ཀྱང་ཅི་ལ་མིན། དེ་ནི་དགེ་རྒན་བཀྲ་བྷས་ཁོང་རང་གི་བུ་སློབ་གཙོ་བོ་རྣམས་བགྲང་སྐབས་ཨ་སྐྱབས་དར་རྒྱས་ནི་ནམ་ཡང་ཆེས་སྔོན་ལ་བགྲང་བཞིན་པ་དེས་ཀྱང་ཤེས་ཐུབ། དེ་བཞིན་དགེ་རྒན་གངས་དབང་བཀྲ་ཤིས་ཀྱི་ལྷུག་རྩོམ་དང་སྒོ་ཡོན་གྱི་སྙན་ངག་སོགས་ཀྱང་གཙོ་ཆེར་གླེང་དགོས་མོད། འདིར་རེ་ཞིག་བཞག་སྟེ་འོག་ནས་གླེང་བར་བྱ།

སྤྱི་ལོའི་ངོས་ནས་བཤད་ན། ༢༠༡༨ལོ་ནི་ང་དང་བཅས་པའི་རྩོམ་འབྲི་བ་སྐོར་ཞིག་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་ལོ་ཞིག་ཡིན་ཏེ། ལོ་དེར་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གན་རྒྱ་འཇོག་པའི་རྩོམ་པ་པོ་བཅུ་བསྡུས་ཏེ་ལོ་གཅིག་གི་རིང་ལ་ཁ་ཕྱོགས་ཡོད་པའི་སྒོ་ནས་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་གན་རྒྱ་བཞག དེ་ནི་བོད་ཡིག་གི་རྩོམ་འབྲི་བའི་ངོས་རྐྱང་པ་ནས་བསྡུས་པ་ཡིན་པས། གཅིག་ན་འབྲེལ་ཡོད་དབུ་ཁྲིད་ཀྱིས་ཐུགས་དགོངས་ཆེར་བཞེས་དང་ལྷག་བསམ་ཟོལ་མེད་ཀྱིས་ཕ་སྐད་རྩོམ་པ་པོ་འགའ་གསོ་སྐྱོང་གནང་འདོད་པའམ་ཡང་ན་དེའི་ཕྱོགས་ཀྱི་སྟོང་ཆ་ཞིག་ཁ་སྐོང་གནང་འདོད་པ་ཡིན་ངེས་ལ། ཕྱོགས་གཅིག་ནས་དགེ་རྒན་གངས་དབང་དང་ཀུན་བཟང་རྣམ་རྒྱལ་གཉིས་ཀྱིས་ཨ་ནས་ཡང་དུ་རེ་ཞུ་ཕུལ་བ་སོགས་དཀའ་ལས་མང་པོ་བརྒྱབ་པའི་འབྲས་བུའང་ཡིན་ངེས། གང་ལྟར། ལོ་དེར་དཀར་མཛེས་ཀྱི་བོད་ཡིག་གི་རྩོམ་རིག་ལོ་རྒྱུས་སྟེང་ལ་སྔོན་ཆད་བྱུང་མ་མྱོང་བའི་ན་གཞོན་རྩོམ་པ་པོ་གསོ་སྐྱོང་གི་ལས་གཞི་ཞིག་སྤེལ་ཐུབ་སོང་བ་དེས་ཟིན་ཐོ་གསར་པ་ཞིག་བཏོད་པ་ཅི་ལ་མིན། དེ་ནི་སྐབས་དེའི་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་གཙོ་སྐལ་བཟང་འགྱུར་མེད་ཀྱི་སྐུ་དྲིན་ཡང་ཡིན་པས། དཀར་མཛེས་ཀྱི་བོད་ཡིག་གི་རྩོམ་རིག་ལོ་རྒྱུས་སྟེང་ལ་མི་སྣ་ཁོང་ནི་བརྗེད་དུ་མི་རུང་བའི་བཀའ་དྲིན་ཅན་ཞིག་ཡིན་ཞེས་བརྗོད་འདོད་བྱུང་།

ཁོ་བོས་ལོ་དེ་ནི་གནད་འགག་གི་ལོ་ཞིག་རེད་ཅེས་བརྗོད་དོན་གང་ཡིན་ཟེར་ན། དེའི་ཡར་སྔོན་ལ་ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་འབྲི་བ་མང་པོ་ཞིག་ལ་ངེས་གཏན་གྱི་ཁ་ཕྱོགས་གང་ཡང་མེད་དེ། གང་ལག་ལ་ཡོང་ན་དེ་འབྲི་བ་རེད། བཤད་སྟངས་གཞན་པ་ཞིག་གིས་བཤད་ན། རྩོམ་འབྲི་མཁན་ཕལ་མོ་ཆེ་ནི་བོད་སྐད་ཡིག་གི་འཛིན་པ་ཆེ་བ་ཙམ་མ་གཏོགས་དེང་རབས་རྩོམ་རིག་ཅེས་པར་གོ་བ་ཆེན་པོ་མེད་པ་དེ་འདྲ་ཡིན། འོན་ཀྱང་། གན་འཇོག་རྩོམ་པ་པོ་བསྡུ་བའི་ལོ་དེ་ནས་བཟུང་མ་མཐའ་ཡང་ང་ཚོ་འགའ་ཞིག་གིས་ཁ་ཕྱོགས་གཅིག་ལ་ཤི་འཐམ་རོ་འཐམ་བྱེད་པའི་མགོ་བརྩམས་པ་རེད། དཔེར་ན་སྐབས་དེར་ཉི་མ་ནོར་བུ་དང་པདྨ་རྒྱལ་མཚན། ངེད་གསུམ་གྱིས་སྒྲུང་གཏམ་འབྲི་སྦྱོང་ལ་གན་རྒྱ་བཞག་པ་དང་དུས་ད་ལྟའི་བར་དུ་རྒྱུན་མ་བཏང་བར་འབད་བཞིན་ཡོད་པ་ལྟ་བུ་རེད། ང་ཚོ་གསུམ་གར་མཚོན་ན་དེ་ལས་ཀྱང་བཤད་རིན་ཡོད་པ་ཞིག་ནི་སྐབས་དེར་ང་ཚོའི་མཛུབ་སྟོན་དགེ་རྒན་ལ་དགེ་རྒན་བཀྲ་བྷ་གདན་འདྲེན་ཞུས་འདུག་པ་དེ་ཡིན། ང་ཚོར་ཨ་སྐྱབས་དར་རྒྱས་ལྟ་བུའི་དགེ་རྒན་ཁོང་གི་སྐུ་མདུན་དངོས་ནས་སློབ་ཁྲིད་ལ་ཉན་པའི་སྐལ་བ་མ་བྱུང་ཡང་། རྒན་ལགས་ཀྱིས་ལོ་ངོ་གཅིག་གི་རིང་ལ་ང་ཚོའི“སྒྲུང་དགའ་ཚང”ཞེས་པའི་འཕྲིན་ཚོམས་དང་སྒེར་ངོས་སོ་སོར་ཞིབ་ཚགས་ལྡན་པའི་སྒོ་ནས་སློབ་ཁྲིད་དང་མཛུབ་སྟོན་གནང་བར་མ་ཟད། གན་འཇོག་རིང་གི་སྒྲུང་གཏམ་བྲིས་བྲིས་ཐམས་ཅད་ཀྱི་ལེགས་ཉེས་སྐྱོན་ཡོན་བརྗོད་པས་ང་ཚོས་ཀྱང་ཁ་ཕྱོགས་ཅུང་ཙམ་རྙེད་པར་གྱུར། ངེད་གསུམ་ག་ཙམ་མ་ཡིན་པར་མཛོད་འཕྲིན་ལྟ་བུ་ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་གྲོགས་གཞན་པ་མང་པོ་ཞིག་གིས་ཀྱང་རྒན་ཁོང་ལ་སྒེར་ཐོག་ནས་འབྲེལ་བ་བྱས་ཏེ་སྒྲུང་གཏམ་གསར་རྩོམ་སྐོར་ནས་བཀའ་སློབ་ཞུས་དང་ཞུ་བཞིན་པ་རེད་ལ། ཨ་སྐྱབས་དར་རྒྱས་ཀྱི་རྗེས་ནསTཟུང་དབྱངས་སྐྱིད་ལྟ་བུ་ཡང་དགེ་རྒན་ཁོང་གི་དངོས་སློབ་ཏུ་གྱུར། དེ་བས། དགེ་རྒན་བཀྲ་བྷ་ནི་ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ་མི་གླེང་ཐབས་མེད་དམ་ཡང་ན་ཆེས་བཀའ་དྲིན་ཆེ་བའི་མི་སྣ་ཞིག་ཡིན་ཞེས་བརྗོག་ཆོག

ལོ་དེར་གན་རྒྱ་འཇོག་པའི་རྩོམ་པ་པོ་བཅུ་བསྡུས་པ་ལས་ང་ཚོ་སྒྲུང་གཏམ་འབྲི་མཁན་གསུམ་ག་ཕུད། དེ་མིན་མགར་ཐར་བཀྲ་ཤིས་ཆོས་ལྡན་གྱིས་ད་ལྟ་ད་དུང་ཡང་མུ་མཐུད་དུ་ལྷུག་རྩོམ་འབྲི་བཞིན་པ་དང་། ཕུན་བདེ་ཡིས་སྔར་བཞིན་སྙན་ངག་འབྲི་བཞིན་པའི་ཁར་རྩོམ་རིག་དཔྱད་བརྗོད་ལ་ཚོད་ལྟ་ཡང་ཡང་བྱེད་བཞིན་ཡོད། འོན་ཀྱང་། གཞན་རྣམས་ནི་རེ་ཞིག་ལ་ང་ཚོའི་རྩོམ་རིག་གི་ཁོར་ཡུག་ནས་བྲལ་སོང་ཞེས་ཕངས་སེམས་དང་བཅས་ཏེ་བརྗོད་དགོས་བྱུང་། གཅིག་བྱས་ན། ལོ་ངོ་མང་པོའི་རྗེས་ནས་སླར་ཡང་ཕྱིར་རྩོམ་སྟེགས་སུ་མི་ལོག་པའི་ངེས་པའང་ག་ལ་ཡོད།

དུས་དེབ《གངས་དཀར་རི་བོ》ནི༡༩༨༡ལོར་གསར་དུ་བཏོད་པའི་བོད་ཀྱི་རྩོམ་རིག་དུས་དེབ་ཆེས་སྔ་ཤོས་ཤིག་ཡིན་མོད། འདས་ཟིན་པའི་ལོ་ངོ་དེ་དག་གི་རིང་ལ་བོད་ཀྱི་དུས་དེབ་གཞན་པ་འགའ་ཞིག་ལྟར་ཅུང་རང་ཚུགས་ཐུབ་པའི་སྒོ་ནས་ལག་ཆགས་མ་ཐུབ་དོན་ནི། དུས་ཡུན་རིང་པོ་ཞིག་ལ་རྩོམ་སྒྲིག་པ་ངེས་གཏན་ཞིག་མེད་པས་ལན་པར་འདོད། དངོས་འབྲེལ 《གངས་དཀར་རི་བོ》ནི་བར་སྐབས་ཤིག་ལ་བདག་པོ་མེད་པའི་བུ་ཕྲུག་ཇི་བཞིན་ལོ་ངོ་མང་པོ་ཞིག་ལ་ཡར་མར་འཁྱམ་སོང་བ་རེད། འོན་ཀྱང་། སྤོབས་པ་དང་བཅས་ཏེ་བཤད་ཕོད་པ་ནི་ལོ་ངོ་དེ་དག་གི་རིང་ལ 《གངས་དཀར་རི་བོ》སུའི་ཕྱག་ཏུ་འབྱོར་ན་དེས་རང་གི་བུ་ཕྲུག་བཞིན་གཉོར་སྐྱོང་གནང་ཡོད་ངེས་པ་དེ་ཡིན་མོད། སོ་སོས་གཉོར་སྟངས་མི་འདྲ་བའི་དབང་གིས་རྣམ་པ་གཅིག་གི་སྟེང་ནས་འཚར་ལོངས་འབྱུང་མ་ཐུབ་པ་དེ་རེད། འོན་ཀྱང་། ཉིས་སྟོང་བཅུ་བཞི་བཅོ་ལྔ་ལོར་དགེ་རྒན་གངས་དབང་དང་ཀུན་བཟང་རྣམ་རྒྱལ་གཉིས་ཀྱིས་རྩོམ་སྒྲིག་གི་འགན་ཁུར་བ་ནས་བཟུང་། ཕྱིའི་ཇུས་འགོད་དང་ནང་གི་སྒྲིག་གཞི། ཁྱད་པར་དུ་བརྩམས་ཆོས་བསྡུ་བའི་ཁ་ཕྱོགས་དང་དམིགས་ཡུལ་སོགས་གཏན་ཁེལ་བྱུང་བས། རིམ་བཞིན 《གངས་དཀར་རི་བོ》ལ་རང་ཉིད་ཀྱི་ཚུགས་ཀ་དང་རྣམ་པ་ཆགས་མགོ་ཚུགས། དེ་དང་མཉམ་དུ་རྩོམ་རིག་གི་ཞིང་ས་གཤིན་པོ་དེ་ལ་བརྟེན་པའི་ན་གཞོན་རྩོམ་པ་པོ་སྐོར་ཞིག་ཀྱང་འཚར་ལོངས་བྱུང་སོང་བ་རེད།

ས་གནས་གཅིག་གི་རྩོམ་རིག་དུས་དེབ་ལ་རང་གི་སྒེར་ཚུགས་ཤིག་ཆགས་ཐུབ་པ་ནས་བཟུང་དེས་གསོ་སྐྱོང་གནང་བཞིན་པའི་རྩོམ་པ་པོ་རྣམས་ཀྱང་ག་ལ་གང་འཚམས་ཀྱིས་ནར་སོན་གྱིན་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། 《གངས་དཀར་རི་བོ》ལ་མཚོན་ན། སྔོན་ཆད་ལོ་རེར་དེབ་བཞི་སྟེ་དུས་ཚིགས་དེབ་ཅིག་ཡིན་མོད། རྗེས་སུ་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་ད་ལྟ་ཟླ་ཟུང་དེབ་ཏུ་གྱུར་ཡོད་པ་དང་། སྔོན་ཆད་ཀྱི་ཚོན་མེད་ནས་ད་ལྟ་ཚོན་མདོག་ཅན་གྱི་དེབ་སྤུས་ལེགས་ཤིག་ཏུ་གྱུར་ཡོད། དེ་མིན་ད་ལྟ་ལོ་རེར་དེབ་དྲུག་བཀྲམ་པ་ལས་བརྩམས་ཆོས་ཡག་ཤོས་དྲུག་རེ་བདམས་ཏེ་གཟིགས་བཟོས་བྱ་དགའ་སྤྲོད་བཞིན་པ་སོགས་ཀྱིས། ན་གཞོན་རྩོམ་པ་པོ་མང་པོ་ཞིག་ལ་སྔར་མེད་ཀྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་པ་དང་། སྔར་མེད་ཀྱི་རྩོམ་རིག་གི་འདུན་མ་གསར་པ་ཞིག་བསླངས་པ་ཅི་ལ་མིན། དེ་དག་ནི་དུས་དེབ་ཅིག་གི་ངོས་ནས་བརྗོད་ན་འཕེལ་རྒྱས་ཆེན་པོ་ཞིག་ཏུ་བརྩི་དགོས་ངེས་ལ། དེ་ལས་ཀྱང་དུས་དེབ་དེ་ལ་བརྟེན་པའི་རྩོམ་པ་པོ་དང་རྩོམ་རིག་ཀྱང་ཆུ་ལ་ཆུ་བཞག་གི་ཚུལ་དུ་འཕེལ་རྒྱས་འབྱུང་བཞིན་པ་བཟློག་ཐབས་མེད།

དུས་དེབ《གངས་དཀར་རི་བོ》ཚང་གིས་ལོ་རེ་བཞིན་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་སྤེལ་བ་དང་། ༢༠༡༨ལོར་གན་འཇོག་རྩོམ་པ་པོ་གསོ་སྐྱོང་བྱས་པ། དེ་བཞིན་དུ《ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བཏུས》ཞེས་པ་དང་བསྒྱུར་རྩོམ་བསྡུས་དེབ《ཕ་རོལ་གྱི་ལྟད་མོ》སོགས་གསར་དུ་བཏོད་པ་དང་། 《གངས་དཀར་རི་བོ》སློབ་གླིང་དུ་བསྐྱོད་པ། དུས་དེབ་རྩོམ་སྒྲིག་པས་ནམ་ནམ་ཞར་ཞར་དུ་ན་གཞོན་རྩོམ་འབྲི་བ་རྣམས་ལ་རྩོམ་སྐུལ་བྱེད་པ་སོགས་ཀྱིས་ཏན་ཏན་དཀར་མཛེས་ཕྱོགས་ལ་རྩོམ་རིག་གི་མཁའ་དབུགས་གསར་པ་ཞིག་བསྐྲུན་སོང་ལ། དེ་ལས་ཀྱང་གླེང་རིན་ཡོད་པ་ནི་སྔོན་ཆད་རྒྱ་ཡིག་ཁོ་ནར་ཡོད་པའི《ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས》ཞེས་པ་ད་ལྟ་བོད་ཡིག་ལའང་ཡོད་པར་གྱུར་ནས་ད་བར་དུ་རབས་དང་པོར་དེབ་བརྒྱད་དང་རབས་གཉིས་པར་དེབ་ལྔ་སྟེ་ཁྱོན་དེབ་བཅུ་གསུམ་དཔར་དུ་བཀྲམ་ཚར་བ་དང་། ད་དུང་མུ་མཐུད་དུ་རབས་གསུམ་པ་དང་བཞི་པ་སོགས་གྲ་སྒྲིག་བྱེད་སྒང་ཡིན་པ་རེད། དེ་ནི་དངོས་འབྲེལ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་བ་ཞེས་པའི་དཔེར་བརྗོད་ལེགས་ཤོས་ཤིག་ཅི་ལ་མིན།

ད་སྔ་དཔར་དུ་བཏབ་ཟིན་པའི་རྩོམ་དེབ་དེ་དག་ལས་དམིགས་བསལ་བརྗོད་འོས་པ་ནི། དགེ་རྒན་གངས་དབང་བཀྲ་ཤིས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་དེབ་བཞི་ཡིན་ཏེ། དེ་ལ་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་མང་པོའི་དགའ་བསུ་ཆེན་པོ་ཐོབ་པས་མི་ཚད། བོད་ཀྱི་རྩོམ་སྟེགས་སྟེང་གི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱིས་གདེང་འཇོག་ཚད་མཐོན་པོ་གནང་བས། དགའ་འོས་པ་ཞིག་ནི་ཁོང་ལ་སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་ཐེངས་གཉིས་ཐོབ་པ་དང་། ད་ལོར་ཡང་བོད་ཀྱི་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ་སོང་བ་རེད། དྲང་མོར་བཤད་ན། དེ་ནི་དགེ་རྒན་གངས་དབང་མི་སྒེར་གྱི་གྲུབ་འབྲས་དང་རྒྱལ་ཁ་ཞིག་རེད་ལ། ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཆེན་པོ་ཞིག་ལ་ངོས་བཟུང་ཆོག་སྙམ། བཤད་སྟངས་གཞན་པ་ཞིག་གིས་བཤད་ན། དགེ་རྒན་གངས་དབང་གིས་བོད་ཀྱི་རིག་གནས་ལྷུག་རྩོམ་གྱི་སྟེང་ལ་སྔར་མེད་ཀྱི་བྱས་རྗེས་ཆེན་པོ་བཞག་སོང་ཞེས་བཤད་ནའང་མི་འགྲིག་པ་ཅིའང་མེད། ཁོ་བོས་འདི་ལྟར་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། སྤྱིར་ན་བོད་ཀྱི་རྩོམ་སྟེགས་སུ་རིག་གནས་ལྷུག་རྩོམ་འབྲི་མཁན་ཤིན་ཏུ་ཉུང་སྟེ། དབུས་ན་བོད་ཀྱི་རྩོམ་པ་པ་པོ་རྒན་གྲས་ཕུན་ཚོགས་བཀྲ་ཤིས་དང་སོག་རུ་ཀརྨ་ཀུན་ཁྱབ། རྒན་གོང་ཨོ་རྒྱན་རྡོ་རྗེ་ལྟ་བུ་དང་། ཨ་མདོ་ན་རྡོ་རིང་པདྨ་དབང་ཆེན་ལྟ་བུ་དང་། ཁམས་ན་དགེ་རྒན་གངས་དབང་བཀྲ་ཤིས་ལྟ་བུ་རེ་ཟུང་ལས་མེད་པ་རེད། འོན་ཀྱང་། དགེ་རྒན་གངས་དབང་གིས་ལོ་ངོ་འདི་དག་གི་རིང་ལ་དཀའ་ལས་ཆེན་པོ་བརྒྱབ་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་བྱེ་བྲག་པ་མང་པོར་བསྐྱོད་ནས་རིག་གནས་ལྷུག་རྩོམ་གྱི་དེབ་བཞི་བརྩམས་ཚར་བ་དང་། ད་ལྟ་ད་དུང་ཡང་སྟོད་སྨད་བར་གསུམ་སྐོར་བཞིན་ཡོད་པ་དང་། སྔར་བཞིན་སྨྱུ་གུའི་འབྲི་མཚམས་བཞག་མེད་པ་རེད། ཁོང་གི་སྤྱི་ཚོགས་སུ་བཀྲམ་ཟིན་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ་གྱི་དཔེ་དེབ་དག་ལ་སྤྱིར་བཏང་གི་ཀློག་པ་པོའི་དགའ་བསུ་ཐོབ་པ་ཙམ་མ་ཡིན་པར། བོད་མདོ་དབུས་ཁམས་གསུམ་ན་སྐད་གྲགས་ཆེ་བའི་རྩོམ་རིག་དཔྱད་བརྗོད་པ་དང་རྩོམ་པ་པོ་མང་པོས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་དགེ་མཚན་དང་ཁྱད་ཆོས་སོགས་གླེང་སྟེ་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། ༢༠༢༤ལོར་ཆེད་དུ་དགེ་རྒན་གངས་དབང་གི་བརྩམས་ཆོས་ཀྱི་དཔྱད་གླེང་ཚོགས་འདུ་ཞིག་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས་པ་དང་། དེ་ལ་དགེ་རྒན་ཆེན་མོ་བཀྲ་བྷ་དང་བདུད་ལྷ་རྒྱལ། ཁང་སྐྱིད་བསོད་བསྟན། ལྷ་བྱམས་རྒྱལ་སོགས་གདན་འདྲེན་ཞུས་ཏེ་ད་སྔ་ཡན་ཆོད་ལ་བོད་ཀྱི་རྩོམ་སྟེགས་ནས་མི་སྒེར་གྱི་རྩོམ་རིག་བརྩམས་ཆོས་ལ་དཔྱད་གླེང་ཚོགས་འདུ་དེ་འདྲའི་ཚད་མཐོན་པོ་ཞིག་འཚོགས་མ་མྱོང་བ་ལྟ་བུ་རེད། དེ་མིན༢༠༢༣ལོར་ཡང་ཀུན་བཟང་རྣམ་རྒྱལ་གྱིས་གཙོར་བྱས་ཏེ་ང་ཚོ་རྩོམ་དགའ་ཅན་སྐོར་ཞིག་གིས་སྒེར་ངོས་ནས་རྩ་འཛུགས་བྱས་ཏེ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གླེང་བ་ཞེས་པའི་ཁ་བྱང་སྟེང་ནས་རྩོམ་རིག་གི་འདུ་འཛོམས་ཤིག་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས་པ་དང་། དེ་ལ་བོད་ཀྱི་སྙན་ངག་པ་ཁྲི་གོང་ཨོ་རྒྱན་ཚེ་རིང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་གཙོ་སྐུ་གཞོན་འོད་ཟེར། 《གངས་ལྗོངས་ཉི་གཞོན》གྱི་གཙོ་སྒྲིག་པ་དང་དགེ་རྒན་དཀོན་མཆོག་རྡོ་རྗེ་སོགས་མཉམ་ཞུགས་གནང་སྟེ། ཁོང་གི་བརྩམས་ཆོས་ཁག་ལ་གདེང་འཇོག་ཆེན་པོ་གནང་སོང་།

འདིར་ཞར་བྱུང་གི་ཚུལ་དུ་ཞུ་དགོས་པ་ཞིག་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཡིན་ཏེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དགེ་རྒན་གངས་དབང་བཀྲ་ཤིས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་བཞི་དང《ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས》སོགས་པར་དུ་བསྐྲུན་ནས་སྤྱི་ཚོགས་སུ་བཀྲམ་པ་དེས། དཀར་མཛེས་ཕྱོགས་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་མང་པོ་ཞིག་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ལ་རོགས་དན་ཆེན་པོ་ཐོབ་ཡོད་པར་མ་ཟད། རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་ཕྱི་ལ་བཀྲམ་སྟེ་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད། དེ་མིན《གངས་ལྗོངས་ཉི་གཞོན》དང《མི་རིགས》《ཁམས་པའི་ཚགས་པར》སོགས་ཀྱིས་ཀྱང་ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ནུས་པ་ཆེན་པོ་ཐོན་ཡོད་དེ། དཔེར་ན་ན་གཞོན་རྩོམ་པ་པོ་མ་བྱན་ལྟ་བུར་མཚོན་ན་ཁོང་གི་བརྩམས་ཆོས་ཆེས་ཐོག་མ་དེ《ཁམས་པའི་ཚགས་པར》དུ་སྤེལ་བ་ནས་བཟུང་། ཁོང་ཉིད་དངོས་སུ་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་ཞུགས་ནས་ད་བར་དུ་གོམ་ཁ་མ་ལྷོད་པར་ཡོད་པ་དང་། བརྩམས་ཆོས་མང་པོ་ཞིག་བོད་ཀྱི་རྩོམ་རིག་དུས་དེབ་སོ་སོ་ནས་ཀློག་ཐུབ་པ་ལྟ་བུར་གྱུར་ཡོད་པ་རེད།

ངས་བསམ་ན། ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་པ་པོའི་དཔུང་ཁག་ལས་ལྷུག་རྩོམ་འབྲི་མཁན་གྱི་དཔུང་ཁག་ལ་འཕེལ་རྒྱས་ཅུང་ཡག་པོ་བྱུང་འདུག་པར་འདོད། དགེ་རྒན་གངས་དབང་ལ་མཚོན་ན་བོད་མདོ་དབུས་ཁམས་གསུམ་དུ་སྐད་གྲགས་ཆོད་པའི་རྩོམ་པ་པོ་ཞིག་ལ་གྱུར་ཟིན་པས། ཁོང་གི《གངས་རི་ལ་དབང་བའི་ཁ་བའི་འདབ་མ》དང《ཕྱིར་ལོག་པའི་ལམ་དུ》ཞེས་པའི་ལྷུག་རྩོམ་དེབ་གཉིས་དང་རྗེས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ་དེབ་བཞི་པོ་བཅས་གང་ལ་མཚོན་ནའང་བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཐད་ནས་ལྗིད་ཏིག་ཏིག་ཅིག་ཡིན་པ་རེད། དེ་མིན་ང་རང་ལ་ཆ་རྒྱུས་ཡོད་པའི་རྩོམ་པ་པོའི་ཁྲོད་ན་ལྷུག་རྩོམ་ཡག་པོ་འབྲི་མཁན་ལ་མགར་ཐར་བཀྲ་ཤིས་ཆོས་ལྡན་དང་། མ་བྱན། Tཟུང་དབྱངས་སྐྱིད། ཏུག་ཏུག་དཀར་མོ། སྒོ་རང་གྲོལ། མཛོད་འཕྲིན། ཀུན་བཟང་རྣམ་རྒྱལ། སྟོང་ཉིད་མ་སོགས་ཡོད་དེ། མགར་ཐར་བཀྲ་ཤིས་ཆོས་ལྡན་དགེ་བཤེས་དང་དགོན་པའི་བདག་པོ་ཡིན་པའི་ངོས་ནས་དུས་ཚོད་ལྷག་མ་ཤིན་ཏུ་ཉུང་ན་ཡང་། ད་ལྟ་ད་དུང་ཡང་ཁོང་རང་ཉིད་ཀྱི་སྒེར་གཤིས་ལྡན་པའི་ལྷུག་རྩོམ་འབྲི་ཐབས་ཤིག་ལ་འབད་བཞིན་ཡོད་པ་དང་། དེ་མིན་མ་བྱན་དང Tཟུང་དབྱངས་སྐྱིད་གཉིས་ཀྱི་འཆར་ཡན་གྱིས་ཕྱུག་པའི་འབྲི་ཐབས་དང་། ཏུག་ཏུག་དཀར་མོའི་ཞེན་ཁོག་གིས་བཅིངས་པའི་རྩོམ་ཐབས། སྒོ་རང་གྲོལ་གྱི་སྐྱོ་ཤས་དང་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་མཚོན་ཐབས། མཛོད་འཕྲིན་གྱི་གཏམ་རྒྱུད་རང་བཞིན་གྱི་རྩོམ་ཐབས། ཀུན་བཟང་རྣམ་རྒྱལ་གྱི་བྱིས་དུས་ཀྱི་འཚོ་བ་བརྗོད་བྱ་གཙོ་བོར་འཛིན་པའི་འབྲི་ཐབས་སོགས་ཀྱིས་ཀློག་པ་པོ་མང་པོར་བག་ཆགས་བཞག་དང་འཇོག་བཞིན་པ་ཡིན་ལ། ཁོང་ཚོའི་བརྩམས་ཆོས་མང་པོ་ཞིག་ནི་བོད་ཁུལ་གྱི་དུས་དེབ་སོ་སོ་ན་མཇལ་རྒྱུ་ཡོད་པ་ལྟ་བུ་རེད། དེ་ལས་ཆེས་གླེང་རིན་ཡོད་པ་ཞིག་ནི་ཀུན་བཟང་རྣམ་རྒྱལ་ཡིན་ཏེ། སྔོན་ཆད་ཁོང་ཉིད་རྩོམ་སྒྲིག་པ་ཁོ་ན་ཙམ་ཡིན་མོད། ད་ལྟ་ཁོང་གི་བསམ་བློའི་འདུ་ཤེས་ལ་འགྱུར་བ་བྱུང་སྟེ་རྩོམ་སྒྲིག་པ་ཞིག་ཡིན་ན་རང་ཉིད་ནས་མགོ་བརྩམས་ཏེ་གསར་རྩོམ་དང་དཔེ་ཀློག་ལ་འབད་དགོས་པར་འདོད་བཞིན་པ་དང་། རྩོམ་སྒྲིག་གི་ལས་ཀ་དང་ཁྱིམ་ཚང་སྐྱོང་ཞོར་དུ་དཔེ་ཀློག་དང་གསར་རྩོམ་ལ་འབད་པ་ཆེར་བཞེས་གནང་གིན་འདུག་པས། མི་འགྱངས་བར་ཁོང་གི་ལྷུག་རྩོམ་བཏུས་དེབ《ལང་ཚོའི་ཕྱིར་རྟོག》ཅེས་པའང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་རྒྱུ་རེད། དེ་མིན་སྟོང་ཉིད་མར་མཚོན་ནའང་ལྷུག་རྩོམ་འབྲི་མཁན་ཡག་ཤོས་ཀྱི་གྲས་ཡིན་ཏེ། ཁོང་མོའི་ལྷུག་རྩོམ་དེབ《སྣང་བའི་མུ་ཏིག་བརྒྱ་རྩ་མ》ཞེས་པ་སྒོར་ཕུད་པ་ནས་བཟུང་ཀློག་མཁན་མང་པོ་ཞིག་ལ་ཤུགས་རྐྱེན་འཇོག་མྱོང་ནའང་། ད་ལྟ་དུས་དེབ་དང་དྲ་སྒང་སོགས་ལ་ཁོང་མོའི་བརྩམས་ཆོས་གསར་པ་མཐོང་རྒྱུ་དཀོན་མོ་རེད། གང་ལྟར་ཡང་། ཁོ་བོས་ནམ་རྒྱུན་ལྷུག་རྩོམ་འབྲི་མཁན་གྱི་དཔུང་སྡེ་འདི་ནི་མ་འོངས་པར་བོད་ཀྱི་རྩོམ་སྟེགས་ནས་རེ་ལྟོས་བྱེད་ཆོག་ས་ཞིག་ཏུ་འགྱུར་ངེས་རེད་འདོད་བཞིན་ཡོད།

དེ་མིན་དགྲ་ཟོར་དང་གཞི་ཚང་ཟླ་བ་གྲགས་པ་སོགས་རང་སྐྱ་འཕེར་བའི་སྒོ་ནས་གསར་རྩོམ་ལ་ཞུགས་མཁན་འགའ་རེ་ཡོད་པའང་ངེས་པར་གླེང་དགོས་ཏེ། ཁོང་ཚོས་རང་དབང་དང་སྒེར་གཤིས་ལྡན་པའི་འཚོ་བ་ཞིག་རོལ་ཅི་ཐུབ་ཐུབ་གནང་བཞིན་པ་ལྟར་ཁོང་ཚོའི་རྩོམ་རིག་བརྩམས་ཆོས་ཀྱི་སྟེང་ནས་ཀྱང་དེ་འདྲའི་ལྷོད་བག་དང་མཛེས་སྡུག་གི་ཆ་གསལ་པོར་མངོན་ཡོང་གིན་འདུག ཁྱད་པར་དུ་དགྲ་ཟོར་གྱི་ལྷུག་རྩོམ《པད་སྒྲོན་སྐྱོ་གླུ》སོགས་ཀྱིས་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་མང་པོར་བག་ཆགས་ཟབ་མོ་བཞག་པར་མ་ཟད། 《མི་རིགས་ཀྱི་རྩོམ་རིག》སོགས་ཀྱིས་ནམ་རྒྱུན་ཁོང་གི་བརྩམས་ཆོས་ལ་ས་མིག་གནང་བཞིན་པ་ལྟ་བུ་རེད། དེ་བཞིན་དུ་གྲྭ་ས་ཁག་དང་སློབ་གྲྭ་སོ་སོ་ནའང་ལྷུག་རྩོམ་ཡག་པོ་འབྲི་མཁན་ཡོད་ངེས་མོད། ཁོ་བོར་ཆ་རྒྱུས་མེད་པ་རྣམས་རེ་ཞིག་གླེང་ཐབས་བྲལ་སོང་།

ང་ལ་མཚོན་ན་དཀར་མཛེས་ཕྱོགས་ཀྱི་སྙན་ངག་པ་གླེང་ན་སྒོ་ཡོན་དང་བཞག་སྲས། ཐོ་ཡོར་སོགས་ཆེས་ཐོག་མར་དྲན་ཡོང་བ་ཞིག་རེད། ཁྱད་པར་དུ་སྒོ་ཡོན་ནི་བོད་ཀྱི་རྩོམ་སྟེགས་ཡོམ་ཡོམ་སྒུལ་མྱོང་བའི་རྩོམ་པ་པོ་སྔ་རབས་པ་ཞིག་ཡིན་ལ། ཁོང་གི《སྣང་ཚོར་རོ་མཉམ》གྱིས་མཚོན་པའི་བརྩམས་ཆོས་དག་གིས་ཀློག་པ་པོ་མང་པོ་ཞིག་ལ་ཤུགས་རྐྱེན་ཆེན་པོ་བཞག་མྱོང་བར་མ་ཟད། བརྩམས་ཆོས་རེ་རེའི་བརྗོད་བྱ་དང་སྒྱུ་རྩལ་གང་གི་ངོས་ནས་གླེང་ནའང་རྒྱ་ཁ་ནོན་བྱེད་འབའ་ཞིག་ཡིན་ཏེ། དེ་ནི་རྩོམ་པ་པོ་ཁོང་ཉིད་གསར་རྩོམ་ལ་ནན་ཏུར་གྱིས་འཇུག་བཞིན་པའི་ལན་ཆ་ཡག་པོ་ཞིག་ཀྱང་ཅི་ལ་མིན་ཨང་། སྒོས་སུ་ད་ལྟ་ཁོང་གིས་བོད་ཀྱི་ཚན་རྟོག་རྩོམ་རིག་གི་སྐོར་ལ་འབད་འབུངས་གནང་བཞིན་པ་དེའང་བོད་ཀྱི་རྩོམ་རིག་གི་སྟོང་ཆ་ཞིག་སྐོང་བཞིན་པ་མ་རེད་དམ། བཞག་སྲས་ཀྱང་དུས་སྐབས་ཤིག་ལ་མདོ་དབུས་ཁམས་གསུམ་དུ་སྐད་གྲགས་ཆེ་བའི་སྙན་ངག་པ་ཞིག་ཏུ་གྱུར་པ་རེད། ཁོང་གིས་བཅད་གསར་ཁོ་ནས་གྲུབ་པའི《ན་གཞོན་སྙིང་སྟོབས》ཞེས་པའི་སྙན་དེབ་ཅིག་དཔར་བ་དེས། སྐབས་ཐོག་དེར་ཀློག་པ་པོ་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་མྱོང་བར་མ་ཟད། མང་པོ་ཞིག་གིས་ཁོང་གི་བཅད་གསར་སྙན་ངག་དེ་དག་ཁ་དོན་བཞིན་བློ་ཐོག་ནས་གྱེར་ཐུབ་པ་ལྟ་བུ་རེད། དེ་མིན་ཐོ་ཡོར་དང་རྨོག་ཐང་དཀར། ཆུང་ཆུང་། ཀླུ་པད་བཟང་། ཁམས་གསེར་ཐིག དུར་མིག ནག་རླུང་ཐར། བསོད་ནམས་དབང་པོ། བཙན་མི། ཆུ་ཐིགས་སོགས་ཀྱིས་མཚོན་པའི་སྙན་ངག་པའི་དཔུང་སྡེ་ཡག་པོ་ཞིག་ཀྱང་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་སྟེ། གྲྭ་བཙུན་སྙན་ངག་པ་ཐོ་ཡོར་ལ《མི་རིགས་ཀྱི་རྩོམ་རིག》དང《ཟླ་ཟེར》རྩོམ་རིག་བྱ་དགའ་ཐོབ་པ་དང་། ཆུང་ཆུང་ལ《མི་རིགས་ཀྱི་རྩོམ་རིག》རྩོམ་རིག་བྱ་དགའ་ཐོབ་པ་སོགས་ཀྱིས་མཚོན། ཁོང་རྣམ་པ་ནི་རྗེས་སུ་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་སུ་འཆར་བའི་སྐར་མ་འོད་ཆེན་འབའ་ཞིག་ཏུ་འགྱུར་བར་ངེས་ཞེས་ཁོ་བོས་བརྗོད་པར་སྤོབས། ངས་བསམ་ན་སྙན་ངག་པའི་དཔུང་སྡེ་འདིའི་ཁྲོད་ཀྱི་སྙན་ངག་པ་ཕལ་མོ་ཆེ་ནི་རང་སྐྱ་འཕེར་བའི་སྒོ་ནས་འཚར་ལོངས་བྱུང་བ་དང་། འགའ་རེར《གངས་དཀར་རི་བོ》དུས་དེབ་དང་རྩོམ་སྒྲིག་པས་ཀྱང་ག་ལ་གང་འཚམས་ཀྱིས་ཤུགས་རྐྱེན་དང་རོགས་དན་ངེས་ཅན་ཐེབས་ཡོད་ངེས་སྙམ། དེ་མིན་སྲོལ་རྒྱུན་ཚིགས་བཅད་སྙན་ངག་རྩེ་གྲ་འབྲི་མཁན་ལ་གཟན་དཀར་རིན་པོ་ཆེ་དང་། རྫོགས་ཆེན་པདྨ་སྐལ་བཟང་། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། མཁན་ཆེན་འཆི་མེད་རིག་འཛིན། རྫོགས་ཆེན་ཀུན་བཟང་ཉི་མ། བླ་མ་འཇམ་བློ། ལྕང་ཞབས་པ་འགྱུར་མེད་ཚེ་དབང་། གཉགས་ཆོས་རྡོར་སོགས་ཡོད་མོད། ང་ལ་ཁོང་ཚོའི་བརྩམས་ཆོས་རེ་རེ་བཞིན་འགྲེལ་བའི་རིག་གནས་ཆུ་ཚད་མེད་སྟབས། འདིར་རེ་ཞིག་ཕངས་སེམས་དང་བཅས་ཏེ་མི་སྐྱུར་ཐབས་མེད་བྱུང་།

སྒྲུང་གཏམ་གྱི་ངོས་ནས་བརྗོད་ན། ད་བར་དུ་རང་ཚུགས་ཐུབ་པའི་སྒོ་ནས་བོད་ཀྱི་རྩོམ་སྟེགས་སུ་འགྲེང་ཐུབ་མཁན་ཞིག་བྱུང་བ་ནི་ཨ་སྐྱབས་དར་རྒྱས་ཁོ་ན་རེད། ཁོང་གིས་སྔ་གཞུག་ཏུ་སྒྲུང་གཏམ་དེབ་འགའ་སྤྱི་ཚོགས་སུ་བཀྲམ་པར་མ་ཟད་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་དང་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པ་དང་། ཁོང་གི་བརྩམས་ཆོས་དག་ལས་སྒྲུང་ཐུང《ནད》ཅེས་པ་སློབ་འབྲིང་བོད་སྐད་ཡིག་གི་བསླབ་དེབ་ཏུ་བདམས་བཀོད་བྱུང་བ་སོགས་ནི་ཆེས་ང་རྒྱལ་སྐྱེས་ཆོག་པ་ཞིག་ཏུ་མཐོང་། ད་ལྟ་ཁོང་ཉིད་ཡུལ་ཚོ་ཞིག་གི་ཏང་ཨུ་ཧྲུའུ་ཅི་ཡི་གོ་གནས་སུ་བཞུགས་རུང་། ཁོང་གིས་སྔར་བཞིན་གསར་རྩོམ་གྱི་རྒྱུན་སྐྱོང་བཞིན་པ་ནི་ཆེས་དགའ་འོས་པ་ཞིག་རེད། དེ་མིན་འཛོམས་པ་དར་རྒྱས་དང་བོད་རྩེ་རྒྱལ། ཉི་མ་ནོར་བུ། པདྨ་རྒྱལ་མཚན། ང་སོགས་ཀྱིས་ཀྱང་སྒྲུང་གཏམ་འབྲི་སྦྱོང་ལ་སྔར་བཞིན་འབད་འབུངས་བྱེད་བཞིན་ཡོད་ནའང་། ད་རུང་གྲུབ་འབྲས་ངོམ་དུ་རི་བ་ཞིག་ནི་ཅི་ཡང་འཁྱོངས་མེད་པ་འདྲ། གཅིག་བྱས་ན་ད་ལྟ་འགའ་རེས་བརྩམས་ཆོས་ཡག་པོ་རེ་འཁྱོངས་ཚར་ཡོད་ནའང་ཐང་། དཀར་མཛེས་ཕྱོགས་ཀྱི་སྒྲུང་གཏམ་གླེང་སྐབས། ངའི་ཀླད་པའི་ནང་ལ་ཡང་བསྐྱར་མི་སྣ་ཁྱད་མཚར་བ་ཞིག་ཤར་ཡོང་སྟེ། ཁོང་ནི་ཕ་ཡུལ་མགར་ཐར་ནས་ཡིན་པའི་དགེ་བཤེས་འཇིགས་མེད་བསམ་འགྲུབ་རེད། སྤྱིའི་ཆ་ནས་བོད་མདོ་དབུས་ཁམས་གསུམ་གང་ལ་མཚོན་ནའང་གྲྭ་བཙུན་མང་པོ་ཞིག་སྙན་ངག་ལ་འཇུག་བཞིན་པ་ལས། ལྷུག་རྩོམ་དང་སྒྲུང་གཏམ་ལ་འཇུག་མཁན་ནི་ཤིན་ཏུ་ཉུང་། འོན་ཀྱང་། དགེ་བཤེས་འཇིགས་མེད་བསམ་འགྲུབ་ཀྱིས་གཞུང་བཀའ་པོད་ལྔ་སོགས་ལ་སློབ་གཉེར་གནང་བའི་ཞོར་ཏུ་སྒྲུང་གཏམ་འབྲི་སྦྱོང་གི་གོམ་ཁ་མ་ལྷོད་པས། ༢༠༢༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས《སྨན་པ་མཚོ་མོ》ཞེས་པའི་ཁོང་གི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཕུད་པ་དེ་ཕལ་ཆེར་བོད་ཀྱི་དགེ་བཤེས་ཀྱི་སྒྲུང་དེབ་ཐོག་མའམ་ཆེས་སྔ་ཤོས་སུ་གྱུར་ཡོད་པ་དེ་རེད། བོད་རྩེ་རྒྱལ་གྱི《མཆོད་རྟེན་འགྲམ་གྱི་བྱམས་པ》དང་ཉི་མ་ནོར་བུའི《རྨི་ལམ་ནང་གི་མེས་པ》ངའི《སྒེའུ་ཁུང》སོགས་སྤྱི་ཚོགས་སུ་བཀྲམ་པ་དེས་ཀྱང་དཀར་མཛེས་ཕྱོགས་ཀྱི་བོད་ཡིག་གི་སྒྲུང་གཏམ་གྱི་འཕེལ་རྒྱས་ལ་ཁ་དོག་ཅུང་ཙམ་བསྩལ་ཡོད་པ་འདྲ། ང་རང་གི་ངོས་ནས་གླེང་ན་ཅུང་ཙམ་དགའ་འོས་པ་ནི་སྒྲུང་ཐུང་བསྡུས་དེབ་དེ་ཉིད་སྤྱི་ཚོགས་སུ་བཀྲམ་པ་ནས་བཟུང་ཀློག་པ་པོ་མི་ཉུང་བ་ཞིག་གིས་བཀླགས་ཚོར་དང་དཔྱད་བརྗོད་འབྲི་བ་སོགས་ཀྱི་སྣང་ཚུལ་བྱུང་བ་དེ་རེད། ཁྱད་པར་དུ་ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་ན་ཞིབ་འཇུག་འདོན་བཞིན་པའི་སློབ་གྲོགས་བསྟན་འཛིན་ཆོས་མཚོ་ཞུ་བས་གུས་པའི་སྒྲུང་ཐུང་ཁྲོད་ཀྱི་དུས་ཀྱི་སྒྱུ་རྩལ་གྱི་ངོས་ནས་རྩོམ་རིག་དཔྱད་བརྗོད་རིང་ཤོས་ཤིག་བྲིས་འདུག་པ་དེས་ང་རང་ལའང་སྐུལ་ལྕག་ཆེན་པོ་ཐེབས། བར་སྐབས་ཤིག་ནས་བཟུང་ཉི་མ་ནོར་བུས་བྱིས་སྒྲུང་གསར་རྩོམ་གྱི་ཕྱོགས་ལ་གོམ་ཁ་བསྒྱུར་བ་དེས་ཀྱང་དཀར་མཛེས་ཕྱོགས་ཀྱི་རྩོམ་རིག་གསར་རྩོམ་གྱི་སྟོང་ཆ་ཞིག་ཁ་བསྐངས་དང་སྐོང་བཞིན་ཡོད་པ་མ་རེད་དམ། དེ་མིན་གྲྭ་བཙུན་སྐོར་ཞིག་དང་རང་དབང་རྩོམ་འབྲི་བ་མཛོད་རྒུ་ཏིང་འཛིན་འཕྲིན་ལས། སྡེ་རོང་གི་མི་འཁྱམ་རབ་རྒྱས། བསྟན་འཛིན་འཕྲིན་ལས། སྡེ་དགེའི་མོག་གྲོང་སོགས་ཀྱིས་ཀྱང་སྒྲུང་གཏམ་གསར་རྩོམ་གྱི་ཕྱོགས་ལ་ཚོད་ལྟ་བྱས་དང་བྱེད་བཞིན་པ་དེས་ཀྱང་རེ་བ་ཆེན་པོ་ཞིག་སྩོལ་ཡོང་བར་འདུག

རྩོམ་རིག་དཔྱད་བརྗོད་ཀྱི་ངོས་ནས་བཤད་ན་གླེང་རིན་ཆེར་མེད་མོད། ཕུན་བདེ་ཡིས་བོད་ཀྱི་རྩོམ་པ་པོ་འཇུ་སྐལ་བཟང་དང་འཆི་མེད། གངས་དབང་སོགས་ཀྱི་བརྩམས་ཆོས་འགའ་ཞིག་ལ་དཔྱད་བརྗོད་སྤེལ་ནས་དུས་དེབ་ཁག་ཏུ་བཀོད་པ་དང་། Tཟུང་དབྱངས་སྐྱིད་ཀྱིས་རྩོམ་རིག་སྐོར་གྱི་དཔྱད་རྩོམ་འགའ་རེ་བྲིས་ནས་དེབ་སོ་སོར་བཀོད་པ་སོགས་སྟོང་ཆ་དེ་ཉིད་གསབ་ཆེད་ལ་ཤ་ཐང་རུས་ཐང་དུ་འབད་བཞིན་པ་སྐོར་ཞིག་ཡོད་པ་དང་། དེ་བཞིན་ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་འགྲིམ་བཞིན་པའི་བསྟན་འཛིན་ཆོས་མཚོ་དང་ནམ་མཁའ་ལྷ་མོ། སྔོན་མར་ནུབ་བྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་འགྲིམ་མྱོང་བའི་བསོད་ནམས་ཆོས་དར་དང་ཆོས་ཉིད། ཡ་མ་རྒྱལ་མཚན་སོགས་ཀྱིས་ཀྱང་སོ་སོའི་དགོས་མཁོའམ་བསླབ་གནས་ཀྱི་ཆེད་དུ། ཡང་ན་ལག་ཁྱེར་གྱི་ཆེད་དུ། ཡང་ན་དགའ་ཁ་འཁྱེར་ཕྱོགས་ཀྱི་ཆེད་དུ། ཡང་ན་རྩོམ་རིག་འཕེལ་རྒྱས་ཀྱི་ཆེད་དུ་སོགས་གང་ཡིན་ཡང་རྩོམ་རིག་དཔྱད་བརྗོད་འབྲི་དང་འབྲི་བཞིན་པ་གོ་ཐོས་སུ་གྱུར་ཡང་། ད་སྔ་ཡན་ཆོད་ལ་བོད་ཀྱི་རྩོམ་སྟེགས་སྒུལ་ཐུབ་པའི་བརྩམས་ཆོས་ཤིག་ནི་འབྱུང་མ་ཐུབ་པ་འདྲ་བས། རྩོམ་རིག་དཔྱད་བརྗོད་ཀྱི་ཐད་ན་ད་དུང་སྟོང་ཆ་ངེས་ཅན་ཞིག་ལུས་ཡོད་པ་མི་མཚོན་ནམ།

སྐབས་འདིར་ཅུང་དམིགས་བསལ་གྱིས་གླེང་འདོད་པ་ནི་ཕུན་བདེ་ཡིན་ཏེ། ཁོང་ཉིད་སྔོན་ཆད་དཔལ་ཡུལ་དགོན་ཆེན་ལ་བཞུགས་པའི་སྐབས་ཐོག་སྟེ། ཕལ་ཆེར༢༠༡༤ལོ་ཡས་མས་ནས“སྣང་བའི་ཕྱི་ནང”ཞེས་པའི་རྩོམ་རིག་འཕྲིན་ཚོམས་ཤིག་བཙུགས་པ་དང་། དེ་ལ་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་རྩོམ་ཡིག་འབྲི་སྦྱོང་དང་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་སོགས་སྤེལ་ནས་སྐྱ་སེར་རྩོམ་དགའ་ཅན་མང་པོ་ཞིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་བ་དང་། དེ་མིན་ཁོང་དང་འགའ་ཞིག་གིས“ཤིན་ཏུ་འཁྱག་པའི་གཞས”ཞེས་པའི་ཚོགས་པའི་ངོས་ནས་རྩོམ་དེབ་དཔར་བ་དང་། ཁྱད་པར་དུ་ཁོང་རྣམ་པས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་སོགས་ལ་མ་ལྟོས་པར“བོད་ཀྱི་རྩོམ་པ་པོར་མཇལ་བའི་ཡུལ་སྐོར”ཞེས་པའི་རྩོམ་རིག་བྱེད་སྒོ་ཞིག་སྤེལ་སོང་སྟེ། བོད་ཀྱི་རྩོམ་པ་པོ་གཅན་མེ་སྟག་དང་། འཇུ་སྐལ་བཟང་། སྐྱབས་ཆེན་བདེ་གྲོལ། འབྲུག་ལྷ་རྒྱལ། ལྡོང་ཆུ་ཤེལ། བདེ་སྐྱིད་སྒྲོལ་མ་སོགས་ལ་མཇལ་ནས་རྩོམ་རིག་སྐོར་གྱི་བཅར་འདྲི་གནང་བ་དང་ཟིན་བྲིས་འབྲི་བ་སོགས་གནང་བས། ལོ་མཉམ་མང་པོ་ཞིག་ཡིད་སྨོན་སྐྱེས་ཤིང་ཤུགས་རྐྱེན་ཆེན་པོ་ཐེབས་པས། སྐབས་འདིར་དེ་འདྲའི་སྔར་མེད་ཀྱི་རྩ་འཛུགས་དང་བྱེད་སྒོ་སོགས་ཀྱང་རྗེས་དྲན་གྱི་ཚུལ་དུ་གླེང་འོས་པ་ཞིག་རེད་འདོད་སོང་།

སྐྱེས་མའི་རྩོམ་རིག་གི་ངོས་ནས་གླེང་ནའང་། སྔོན་ཆད་དང་བསྡུར་ན་ཡར་ཐོན་ཆེན་པོ་ཡོད་དེ། སྔོན་ཆད་འབྲི་བརྒྱ་ལྷ་མཚོས《བསམ་གཞིགས་སྙིང་རྗེ་མོ》ཞེས་པའི་སྙན་དེབ་ཅིག་ཕུད་མྱོང་བ་ལྟ་བུ་ཁར་ཁེར་ལས་མེད་པ་འདྲ་མོད། ད་ལྟTཟུང་དབྱངས་སྐྱིད་དང་ཏུག་ཏུག་དཀར་མོ། སྟོང་ཉིད་མ། སྒྲོལ་མ་ལྷ་མོ། རིན་ཁོ། ཨཱ་འཕགས་ལྷ་མོ། བསྟན་འཛིན་བཟང་མོ། སྨྱུག་ཐོགས་ལྷ་མོ་སོགས་ཀྱིས་མཚོན་པའི་སྒེར་གཤིས་ཅན་གྱི་སྐྱེས་མ་རྩོམ་པ་པོ་འགའ་རེ་ཐོན་དང་ཐོན་བཞིན་པ་རེད་ལ། རྩོམ་རིག་གསར་རྩོམ་ལ་ཤ་ཐང་རུས་ཐང་དུ་འབད་བཞིན་པའི་སྣང་ཚུལ་འདུག་པས། དེ་ཡང་དཀར་མཛེས་ཀྱི་རྩོམ་རིག་གི་ངོས་ནས་གླེང་ན་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན་ཨང་།

དེ་མིན་ཕ་ཡུལ་དཀར་མཛེས་ནས་མིན་ཡང་ལས་ཀ་དཀར་མཛེས་ན་གཉེར་བཞིན་པའི་རྩོམ་པ་པོ་འགའ་ཞིག་གིས་ཀྱང་དཀར་མཛེས་ཀྱི་རྩོམ་རིག་ལ་ཁ་དོག་གསར་པ་ཞིག་གམ་གསོན་ཤུགས་ལྷག་མ་ཞིག་སྩོལ་བཞིན་ཡོད་དེ། ལི་ཐང་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་ཞོགས་ཉི་དང་ཨ་བུ་ཀུན་ཁོ་ལྟ་བུ། ཉག་རོང་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་ཨ་སྐལ་རྒྱམ་ལྟ་བུ། འདབ་པ་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་ལྡེའུ་ལྟ་བུ་དག་གིས་དཀར་མཛེས་ཀྱི་འཚོ་བ་བྲིས་པའི་བརྩམས་ཆོས་མང་པོ་ཞིག་སྤེལ་བས། ཀློག་པ་པོ་དང་སློབ་མ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཤིང་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་འཇུག་པའི་མཐུན་རྐྱེན་དང་སྒུལ་ཤུགས་མེད་དུ་མི་རུང་བར་གྱུར་ཡོད་པ་རེད། དཔེར་ན་ལི་ཐང་ན་སློབ་གསོའི་ལས་ལ་གཞོལ་བཞིན་པའི་དགེ་རྒན་ལྕགས་ཐར་རྒྱལ་ལམ་ཞོགས་ཉིའི་ཤུགས་རྐྱེན་འོག་ནས་རླུང་གཤོག་དང་ཁེར་རླུང་ལྟ་བུའི་ན་གཞོན་སྙན་ངག་པ་སྐོར་ཞིག་ཐོན་སོང་བ་ལྟ་བུ་རེད།

འདི་ལྟར་ཕྱིར་མིག་ཅིག་འཕངས་ན། ད་ལྟ་ང་ཚོ་དཀར་མཛེས་ཕྱོགས་ཀྱི་རྩོམ་རིག་ནི་བདེ་ཐང་གི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་འདྲ་སྟེ། སྒྲུང་གཏམ་དང་། ལྷུག་རྩོམ། སྙན་ངག་སོགས་ཁྱབ་ཁོངས་གང་ལ་མཚོན་ནའང་མང་པོ་ཞིག་གིས་དམིགས་ཡུལ་དང་ཁ་ཕྱོགས་ཡོད་པའི་སྒོ་ནས་གསར་རྩོམ་ལ་འབད་བཞིན་པ་རེད། འོན་ཀྱང་། འདིར་ཕངས་སེམས་དང་བཅས་ཏེ་མི་གླེང་ཐབས་མེད་ཅིག་ཡོད་པ་ནི། ང་ཚོ་དཀར་མཛེས་ཕྱོགས་ལ་བོད་སྐད་ཡིག་གི་ལམ་ནས་འཁྲབ་གཞུང་རྩོམ་པར་ཤུགས་རྒྱག་མཁན་ནི་ཕལ་ཆེར་མེད་པ་འདྲ་བས། དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་ངོས་ནས་གླེང་ན་སྟོང་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

གཞན་འབའ་བ་བློ་བཟང་མགོན་པོ་དང་སྨན་སྒང་མདའ་སྨྱོན་སོགས་ཀྱིས་ལི་ཐང་དང་སྡེ་དགེ་སོགས་ནས་འགོ་བརྩམས་ཏེ་རྩོམ་པ་པོའི་མཐུན་ཚོགས་བཙུགས་པ་ནས་བཟུང་། རྫོང་ཁག་གཞན་དག་གིས་ཀྱང་རིམ་བཞིན་རྩོམ་པ་པོའི་མཐུན་ཚོགས་བཙུགས་ཏེ་ས་གནས་ཀྱི་རྩོམ་འབྲི་དགའ་ཕྱོགས་ཅན་རྣམས་གསོ་སྐྱོང་ལ་ཤུགས་བརྒྱབ་པར་མ་ཟད། དེ་ལས་རྩོམ་པ་པོ་འགའ་རེ་ནི་ཁུལ་རིམ་པ་དང་ཞིང་ཆེན་རིམ་པའི་རྩོམ་པ་པོའི་མཐུན་ཚོགས་སོགས་སུ་ཞུགས་ཐུབ་པར་གྱུར་པ་དང་། བརྩམས་ཆོས་ཀྱང་གཞན་པའི་སྔུན་དུ་ངོ་གནོངས་མི་དགོས་པ་འབའ་ཞིག་བརྩམས་ཏེ་དུས་དེབ་ཁག་ཏུ་སྤེལ་དང་སྤེལ་བཞིན་པ་རེད། དེ་མིན་དཀར་མཛེས་རྫོང་གི་གཞོན་པ་སྐོར་ཞིག་གིས་བསྒྲིགས་པའི《འབོད་པ》ལོ་དེབ་དང་། འབའ་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཉེར་ཞིང་འབའ་ར་འབྱུང་ཆོས་ཀྱིས་གཙོ་སྒྲིག་གནང་བཞིན་པའི《བྱ་ཁྱུང》ལོ་དེབ། བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཉེར་བཞིན་པའི་རྩོམ་རིག་ལོ་དེབ་སོགས་ནི་ད་ལྟ་ད་དུང་ཡང་རྒྱུན་མཐུད་ནས་སྐྱོང་བཞིན་པ་རེད་ལ། རྩོམ་པ་པོ་མང་པོ་ཞིག་ཀྱང་དེ་དག་ལ་བརྟེན་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པ་རེད། དེ་བཞིན་དུ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། སི་ཁྲོན་མི་རིགས་སློབ་གླིང་། རྫོང་སར་བཤད་གྲྭ། རྫ་སེལ་ཤུལ་དགོན། དཔལ་ཡུལ་དགོན་ཆེན་སོགས་ནའང་རྩོམ་རིག་གི་ཕྱོགས་ལ་འབད་དང་འབད་བཞིན་པའི་མི་སྒེར་དང་ཚོགས་པ་མང་ཙམ་མཆིས་པས་ཀྱང་མ་འོངས་པར་རྩོམ་རིག་གི་ཕྱོགས་ནས་འོད་སྟོང་འཕྲོ་ཐུབ་པའི་རེ་བ་ཆེན་པོ་ཞིག་སྦྱིན་ཡོང་།

དེ་ལས་གཞན་ཀུན་བཟང་རྣམ་རྒྱལ་དང་སྡེ་རོང་རབ་རྒྱས་གཉིས་ཀྱིས་གྲོས་འགོ་བཏོན་པ་ལྟར། ང་ཚོ་སྐོར་ཞིག་གིས“རྩོམ་རིག་ནང་མོལ”ཞེས་པའི་རྩོམ་རིག་འཕྲིན་ཚོམས་ཤིག་བཙུགས་ཡོད་པ་དང་། དེའི་ཁ་ཕྱོགས་སམ་དམིགས་ཡུལ་གཙོ་བོ་ནི་ཚོགས་པ་དེར་ཞུགས་ཡོད་པའི་ཚོགས་མི་སོ་སོའི་རྩོམ་རིག་བློ་སྦྱོང་དང་རྩོམ་རིག་བརྩམས་ཆོས་ལ་ཡར་སྐུལ་གྱི་ནུས་པ་འདོན་ཆེད་ཡིན། ང་ཚོའི་འཆར་གཞི་དང་བཀོད་སྒྲིག་ནི་འདི་ལྟར་ཡིན་ཏེ། སྒྲུང་གཏམ་འབྲི་མཁན་ཚོས་ཟླ་བ་རེར་སྒྲུང་མཏམ་རེ་རེ་འབྲི་དགོས་པ་དང་། ལྷུག་རྩོམ་འབྲི་མཁན་ཚོས་ཟླ་བ་རེར་ལྷུག་རྩོམ་གཉིས་རེ་འབྲི་དགོས་པ། སྙན་ངག་དང་གཞས་ཚིག་འབྲི་མཁན་ཚོས་ཟླ་བ་རེར་སྙན་ངག་གསུམ་མམ་གཞས་ཚིག་གསུམ་རེ་འབྲི་དགོས་པ་དང་། (ལོ་ངོ་འདི་གཉིས་ཀྱི་རིང་ལ་རྩོམ་རིག་ནང་མོལ་ཚང་གི་ཚོགས་མི་ལོ་ཤུལ་བཀྲ་ནོར་གྱིས་གཞས་ཚིག་མང་པོ་བྲིས་པར་མ་ཟད། གཞས་ཚིག་མང་པོ་ཞིག་བོད་ཀྱི་གླུ་བ་གླུ་མ་ཚོས་བླངས་ནས་ཉན་མཁན་གྱི་དགའ་བསུ་མི་ཉུང་བ་ཐོབ་ཡོད།) དེ་མིན་ཚོགས་མི་རེ་རེས་ཟླ་བ་རེར་མ་མཐའ་ཡང་དཔེ་དེབ་གཅིག་དང་གློག་བརྙན་གཅིག་ལ་བལྟ་དགོས་པ་རེད། དེ་ལྟར་རྒྱུན་བསྐྱངས་ནས་ད་བར་དུ་ཏག་ཏག་ལོ་གཉིས་འཁོར་ཟིན་པ་དང་། ད་ལྟ་ད་དུང་ཡང་དེའི་རྒྱུན་སྐྱོང་བཞིན་ཡོད་པས། ང་ཚོར་མཚོན་ན། མ་མཐའ་ཡང་དཔེ་ཀློག་དང་རྩོམ་འབྲིའི་གྲངས་འབོར་གྱི་ཆ་ནས་སྔོན་དང་བསྡུར་ན་ཡར་ཐོན་ཆེན་པོ་འདུག་པ་དང་། རྩོམ་ལུས་ཀྱི་ཆ་ནས་འཁྲབ་གཞུང་མ་ཡིན་པ་ཚང་མར་འཇུག་མཁན་ཡོད་པས་དགའ་འོས་པ་རེད་ཅེས་བརྗོད་འདོད་བྱུང་སོང་།

གང་ལྟར་ཡང་།  《གངས་དཀར་རི་བོ》དང 《གངས་དཀར་རི་བོ》 ཡི་རྩོམ་སྒྲིག་པ་དགེ་རྒན་གངས་དབང་བཀྲ་ཤིས་དང་ཀུན་བཟང་རྣམ་རྒྱལ་གཉིས་ཀྱི་གསོ་སྐྱོང་འོག་ཏུ་དཀར་མཛེས་ཕྱོགས་ཀྱི་རྩོམ་འབྲི་བ་མང་པོ་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་པ་ཡིན་པས། ང་ཚོའི་འཕེལ་རྒྱས་ཉི་ཚེ་བ་དེ་གླེང་ན་ཁོང་རྣམ་པ་མི་གླེང་ཐུ་མེད་ཡིན། དེ་བཞིན་དུ་དཀར་མཛེས་ཀྱི་རྩོམ་རིག་གི་འཕེལ་རྒྱས་གླེང་ནའང 《གངས་དཀར་རི་བོ》ལས་མགོ་མི་རྩོམ་ཐབས་མེད་ཡིན་པས། 《གངས་དཀར་རི་བོ》དང 《གངས་དཀར་རི་བོ》ཡི་གདན་ཞུས་རྩོམ་སྒྲིག་པ་དགེ་རྒན་གངས་དབང་བཀྲ་ཤིས་དང་། ལག་བསྟར་རྩོམ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་དང་སྒྲོལ་མ་དབྱངས་མཚོ། སྟག་རོང་ཆོས་དབྱིངས་ནོར་བུ་སོགས་ཀྱིས་དཀར་མཛེས་ཀྱི་རྩོམ་རིག་ལ་བཞག་པའི་བྱས་རྗེས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།

རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ནའང་། དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཆེ་ས་ནས་འཕེལ་རྒྱས་འབྱུང་བ་གཙོ་བོ་ལོས་ཡིན་ཏེ། རྩོམ་རིག་སྒྱུ་རྩལ་སོགས་རིག་ཚན་ཆུང་བ་རྣམས་ཀྱང་སྣང་མེད་དུ་སྐྱུར་ག་ལ་རིགས། ཁྱད་པར་དུ་རྩོམ་རིག་ལ་མཚོན་ན་མི་རིགས་དང་རྒྱལ་ཁབ་དེའི་འཕེལ་རྒྱས་ཀྱི་ཚད་གཞི་ཞིག་ཡིན་པས་དེ་ཉིད་སྣང་མེད་དུ་འཇོག་མི་འོས། དེ་བས། ཁོ་བོས་འདིར་རང་ཉིད་ལ་ཆ་རྒྱུས་ཡོད་པའི་ངོས་ནས་དཀར་མཛེས་རྩོམ་རིག་གི་འཕེལ་རྒྱས་སྐོར་ཅུང་ཟད་གླེང་བ་དེས་ཀྱང་དཀར་མཛེས་ཀྱི་འཕེལ་རྒྱས་ལ་ཕྱིར་ལྟ་བྱེད་སའི་མེ་ལོང་ཞིག་ཏུ་འགྱུར་བར་སྨོན་ཞེས་བརྗོད་འདོད་བྱུང་སོང་ངོ་།།

༢༠༢༥ལོའི་ཟླ༡༢པའི་ཚེས༡༢ཉིན་གྲུབ།

༢༠༢༥ལོའི་ཟླ༡༢པའི་ཚེས༡༦ཉིན་བཅོས།

༢༠༢༥ལོའི་ཟླ༡༢པའི་ཚེས༢༢ཉིན་ཡང་བསྐྱར་བཅོས་ཏེ་གཏན་ཁེལ་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།