ཆེས་མཐའ་མཇུག་གི་མཁའ་མཐའི་སྐར་མ་འོད་ཆེན། སྐྱ་ཁྲ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ང་འགྱོད་གདུང་དྲག་པོས་མནར་བྱུང་། ཕ་མའི་དྲིན་ལན་འཇལ་མ་ཐུབ་ནའང་། སེམས་ཁ་དཀྲུགས་ག་ལ་རུང་།” ངག་ནས་དེ་ལྟར་ཆིག་ལབ་ཅིག་ཤོར། སྒྲས་བདག་ཏུ་མ་ཟིན་པ་ཞིག་སེམས་གཏིང་ནས་ན་ཟུག་དང་བཅས་ཐོན་ཞིང་མགྲིན་པ་ཡང་ཁེགས་འདྲའི་ཚོར་བ་མི་བདེ་བ་ཞིག་སྐྱེས། དུས་རྒྱུན་གནད་དོན་ཞིག་ལ་འཕྲད་སྐབས། ཕ་རོལ་པོའི་འདང་རྒྱག་སྟངས་དེར་ཐད་ཀར་ལན་ཞིག་ཤོར་འགྲོ་ཞིང་། ཁེར་རྐྱང་ཡིན་དུས་ཀྱི་སེམས་གནད་དུ་མ་ཟིན་པའི་གནས་སྐབས་སུ་སྡོད་པ་དང་ཡིད་སེམས་ལྷོད་ལ་འབབ་པའི་དུས་དང་དུས་སུ། སྐབས་ཐོག་གི་ཐག་བཅད་རེ་རེར་ཏག་ཏག་ཕྱི་འགྱོད་ཀྱི་ཤུགས་རིང་ནར་ནར་འབྱིན། འགྱོད་གདུང་ཞིག་སྤྲིན་ནག་པོས་རི་རབ་ནོན་པའམ་ན་བུན་ལང་ལོང་ཐང་ལ་ལྷུང་བ་བཞིན། སེམས་ཀྱི་ཟབ་ས་ཞིག་ནས་ཡུན་རིང་སེལ་ཐབས་མེད་པར་ནར་མར་འཁྲིགས།

སྐབས་དེ་དག་ལ་ཨ་ཕའི་གདོང་གི་ནམ་མཁའ་ནག་རོག་གེར་འགྱུར་བཞིན། གནས་སྤོར་ལ་འགྲོ་དགོས་མི་སྲིད་ཀྱང་། ཟོག་ལུག་ཇེ་ཉུང་དུ་གཏོང་དགོས་ན་ཐངཞེས་ཟེར་ཞིང་། ཨ་མས་ལན་ཅི་ཡང་མི་འདེབས་པར་ཁ་རོག་གེར་འདང་རྒྱག་པར་བྱེད། ཨ་མའི་རྣམ་འགྱུར་ལ་བརྟགས་ན། ཨ་མས་གློ་བུར་དུ་ཐང་ནས་དཀར་ཡོལ་བླངས་ཏེ་འོ་ཇ་ཚ་རྒྱག་བྱེད་པ་ལས་ཁ་གཅིག་ཀྱང་མི་གྲག །ངས་ཨ་མས་ཁ་མི་གྲག་དོན་ལ་མནོ་བསམ་གཏོང་འདོད་མེད་མོད། རང་ཤུགས་ཀྱིས་དེའི་རྒྱབ་ཀྱི་གནད་དོན་ལ་ཞིབ་འདང་བརྒྱབ་འགྲོ། ཨ་ཕས་སྔོན་ལ་ཁ་གྲག་བྱུང་བས་ཨ་མས་ཀྱང་དེ་དང་འདྲ་བའི་རྗེས་མཐུན་གྱི་རྣམ་འགྱུར་ཞིག་འཛིན་བཞིན་ཡོད་པ་འདྲ།

ཨ་ཕས་ཤ་བཟན་རྒྱ་རྒྱ་དེའི་སུག་མགོ་བཞི་བོ་གཅིག་ཏུ་གཏུགས་ཏེ་འབྲེང་བས་དམ་པོར་བཀྱིགས། བལྟས་ཚོད་ལ་ཡར་སྔོན་དང་བསྡུར་ན་བལྟས་བལྟས་རིག་རིག་ལ་ཤ་བཟན་དེ་ཇེ་ཆུང་དུ་གྱུར་འགྲོ། དེ་ནས་རྭ་ཅོ་གཉིས་ནས་བཟུང་སྟེ་ཤ་བཟན་གྱི་མགོ་ཆུ་མགོའི་ཕྱོགས་སུ་གྱེན་ལ་བསྐོར། ཆུ་མགོ་གངས་རི་ལ་ཐུག་ཡོད། ཆོས་མགོ་མ་ཎི་ལ་ཐུག་ཡོདཟེར་ཞིང་། མ་ཎི་རིལ་བུ་སོགས་རྟེན་རྫས་མང་པོ་མཉམ་དུ་སྦངས་ཡོད་པའི་ཤེལ་དམ་དེ་ལག་པ་གཉིས་ཀྱིས་མགོ་རྔ་ནས་དམ་པོར་བསྐྱོར་ཏེ་གཡུག་གཡུག་བྱེད་ཅིང་། དམ་བེའི་ནང་ན་ཞོ་ལྟར་ཆགས་པའི་སྨན་སྣ་མང་པོ་དཀྲུགས་ཐེངས་གཅིག་གིས་མགོ་རྟིང་བསློགས་རྗེས་ལག་པས་མཐོན་པོར་བཀྱགས་ཤིང་། ཁ་ནས“……མགོན་པོ་འོད་དཔག་ཏུ་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་འགའ་ཟློ་བར་བྱེད། གམ་དུ་ཡོད་པའི་བྱིས་པ་དག་གིས་ཡ་མཚན་ཆེན་པོའི་ངང་ནས་ཨ་ཕའི་ལས་སྟངས་བྱེད་སྟངས་ལ་ཅེར་ནས་སྡོད་སྐབས། ཨ་ཕས་ཤེལ་དམ་གྱི་ཁ་ཕྱེ་སྟེ་ལག་གཡོན་པས་ཤེལ་དམ་གྱི་ཁ་ལེབ་བཟུང་ཞིང་། ལག་གཡས་པས་ཤེལ་དམ་བཟུང་ནས་ཁ་ལེབ་ནང་ལ་སྨན་ཆུ་གང་བླུགས་ཤིང་། ཡང་བསྐྱར་ལག་གི་དམ་བེ་དང་ཁ་ལེབ་གཉིས་བརྗེ་སྤོར་ཐེངས་གཅིག་བྱས་ནས་ཤ་བཟན་གྱི་ཁ་དང་སྣ་དང་མིག་བཅས་ལ་ཅུང་ཙམ་རེ་ལྡུག་པ་དང་། ཁ་ནང་ནས་ཅི་ཞིག་གསལ་ལ་མི་གསལ་བའི་སྒོ་ནས་འདོན་བཞིན་གདོང་བ་སྔར་ལས་ནག་པོར་གྱུར་ནས་ཤེལ་དམ་གྱི་ཁ་དམ་པོར་བརྒྱབ། ཤེལ་དམ་ཤ་བཟན་གྱི་ཡར་ནང་གི་རྩྭ་གསེང་དུ་བཞག་སྟེ། ཨ་རོག་ཚོ། འདིའི་སྟེང་ལ་མ་སྤོ། ཁྱོད། ཁྱོད་སོང་ནས་མ་ཎི་འཁོར་ལོ་ཁྱེར་ཤོགཟེར་ཞིང་། ཡང་བསྐྱར་ཤ་བཟན་གྱི་རྣ་བར་སྐད་མཐོན་པོའི་སྒོ་ནས“......མགོན་པོ་འོད་དཔག་ཏུ་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ཐེངས་གཅིག་བཏོན་རྗེས། ང་ཚོརམྱི་ཟོག་གང་ཡིན་ཡང་འཆི་ཁར་གསུང་འདི་རྣ་བས་ཐོས་ན་ངན་འགྲོར་མི་ལྟུང་བར་བདེ་འགྲོར་སྐྱེ་ཐུབ་པ་རེད། དེ་ཁྱོད་ཚོས་ཀྱང་ཤེས་དགོས་པ་རེད།ཟེར་ཞིང་། ཤ་བཟན་གྱི་རྐང་ལག་བཞི་བོ་སྡོམ་བྱེད་ཀྱི་འབྲེང་བའི་ཕྲ་ས་ལག་ཏུ་འཛིན། ཡང་ང་ཚོར་ཕྱོགས་ནསའབྲེང་བའི་སྣེ་མོ་ཕྲ་ས་ཡིན་དགོས། དེ་ཡང་ཁྱོད་ཚོས་ཤེས་དགོས་པ་རེདཟེར། དེ་ནས་ཤ་བཟན་གྱི་རྭ་ཟུང་ས་ལ་བཙུགས་ཤིང། མཆུ་ཏོ་གནམ་ལ་བསྐོར་ནས་འབྲེང་བའི་ཁུགས་སོ་རྭ་ཡས་ལ་ཐེངས་གཅིག་དཀྲིས་རྗེས་དེ་པུས་མོས་གནོན་ཞིང་། འབྲེང་སྣེས་ཤ་བཟན་གྱི་མཆུ་ཏོ་སྡོམ་ཞོར་ཡང་བསྐྱར་ང་ཚོར་ཕྱོགས་ནསལྟོས། ཧ་ཅང་མཐོ་ཡང་མི་རུང་། ཧ་ཅང་དམའ་ཡང་མི་རུང་། འདི་མཚམས་ཤིག་ནས་བསྡམ་དགོས། དེ་ཤེས་དགོསཟེར་ཞིང་། ཤ་བཟན་གྱི་མཆུ་ཏོ་དམ་པོར་བསྡམས་ཏེ་ལག་གཡས་པས་འབྲེང་བ་ཤེད་ཀྱིས་འཐེན། ལག་གཡོན་པས་ཤ་བཟན་གྱི་མཆུ་ཏོ་སྐྱོར་ཞིང་། མགོ་དང་མཆུ་ཏོས་ས་རྒྱག་རྡོ་རྒྱག་བྱེད་དུ་འཇུག་མི་རུང་། འགུལ་དུ་མ་བཅུག་ན་ཅང་མི་འགོར། སྡུག་རིག་མི་དགོས། འདི་དག་ཚང་མ་ཤེས་དགོས་པ་རེད།” “ཁྱེད་ཚོ་གྲྭ་པ་བྱས་ན་མ་གཏོགས། སློབ་གྲྭར་སོང་ནས་ནམ་ཞིག་ལས་བྱེད་པར་གྱུར་ནའང་། ཉེ་མི་ཞིག་གིས་ལུག་ཅིག་བྱིན་ན་བཤའ་ཡང་མི་ཤེསཞེས་བཤད།

གང་ལྟར། ཨ་ཕས་ང་ཚོར་ཟོག་ལུག་བཤའ་སྟངས་དང་བཅས་པའི་གོ་རིམ་ཧྲིལ་པོ་རེ་རེ་བཞིན་བསླབས་པ་ད་དུང་ཡང་རང་དབང་མེད་པར་དྲན་ངོས་སུ་ཆུ་རིས་བཞིན་བཞུར་ཡོང་། ལྷག་པར་དུ་ལོ་ཚོད་རྒས་ཀྱིན་རྒས་ཀྱིན་ཡིན་ན་འདྲ། གསོས་ཟོག་གི་ཤ་ཇེ་མང་དུ་འགྱུར་ཞིང་། ཚོང་གྲོགས་དང་སྐུ་མགྲོན་གཞན་གྱིསཨ་རོག །ཁྱོའི་ཕ་ཡུལ་འབྲོག་ས་རེད་དེ། འདི་བོད་བཤས་ཀྱི་ཤ་ཨེ་རེད། དེ་ད་ངོ་མ་སྨན་ཡིན་ནི་རེདཟེར་དུས་དང་། རང་ངོས་ནས་འདང་བརྒྱབ་ན་ཡང་དྲི་ངན་སྣོམ་མི་ནུས་པ་ཞིག་སྣ་བར་ཐུལ་ཡོང་བའི་གནས་སྐབས་སུ། ཨ་ཤུ་རེ་ཁོ། རང་ཉིད་ཀྱིས་ཀྱང་ལུག་ཅིག་བཤའ་ཤེས་རྒྱུ་ན་བསམས་ཤིང་། རྫ་འདབས་དང་གངས་འདབས་ཀྱི་གཡང་དཀར་ལུག་ཁྱུ། སྤྲིན་གྱི་ཚོམ་བུས་འཁྱུད་ས་དེ་ཡོད་པ་ནས་མེད་པར་གྱུར་ཏེ། གོས་ཀྱི་རི་མོའི་ཚོས་གཞི་ལོ་ཟླས་གསུབ་པ་བཞིན་ཡུན་ནས་ཡུན་དུ་མི་གསལ་བའི་ངོ་བོར་འགྱུར་དུས་ལྷག་ཏུ་དྲན་ཡོང་།

སྨག་ནག་པའི་མཚན་ནུབ་རིང་མོ་དེར། མཁའ་ན་ཟླ་བ་མེད་ལ་རྒྱུ་སྐར་དབེན། སོང་གིན་སོང་གིན་ཞིབ་ཏུ་ཉན་ན་མཚེར་ཤུལ་དུ་བསྐྱུར་བའི་ཁྱི་སྐད་ཅིག་འབ་པ་གསལ་ལ་མི་གསལ་བར་གོ་ཐུབ། ཡིན་ཡང་སྨག་ཧ་ཅང་ནག་རྐྱེན། ཞིབ་ཏུ་བལྟས་ཀྱང་མིག་མདུན་ལས་གོམ་གང་ཡང་མཐོང་དཀའ། སོང་གིན་སོང་གིན་གནམ་བརྡིབས་པ་ལྟ་བུའི་འཇིགས་སྣང་ཞིག་སྐྱེས་ཤིང་། ཁྱི་སྐད་ཀྱི་ཁ་ཕྱོགས་ཡང་མུན་པ་དང་རླུང་བུས་བསྒུལ་ནས་ངོས་ཟིན་དཀའ་བའི་སྐབས་དེར། ང་རང་རྐང་འདྲེད་ཐེངས་གཅིག་ཤོར་ཏེ་བྲག་ཁ་ཞིག་ནས་མར་ལྷུང་། ཁ་ནང་ནས་ཅི་བྱུང་འདི་བྱུང་མེད་པར་ཨ་མྱེས་རྨ་ཆེན་ཞེས་ཤོར་བ་ན། ང་རང་སྐད་ཅིག་གཉིད་ལས་སད། ཏག་ཏག་སྐད་ཅིག་ཙམ་ཡིན། ད་སོ་མ་རང་ཡུལ་ལ་ལོག་པའི་སྣུམ་ལམ་སྟེང་རླངས་འཁོར་ལ་ཁ་ལོ་བསྒྱུར་ཏེ་འགྲོ། ཨ་ཁ་ཁ། ཨེན་ཙམ་མིན་ན་ཤི་སོང་། དངོས་གནས་ཞིབ་འདང་བརྒྱབ་ན་སེམས་ཀྱི་སྔ་ཕྱིའི་འབྲེལ་བ་འདི་ཡ་མཚན་ཞིག་ཡིན་པ་འདྲ། ཏག་ཏག་སུ་ཞིག་གིས་ལྐོག་ནས་བགེགས་སེལ་བ་མིན་ཚེ་དེ་རིང་ཕྱི་མར་སོང་ཟིན། ཏག་ཏག་གཅོང་རོང་གི་འཁྱོག་ལམ་དེ་ནས་བསྒགས་ཟྭ་མནན་འདུག །གཉིད་པའི་སྐབས་སུའང་སད་ཡོད་པ་དང་འདྲ་བར་ཉེན་ཁའི་གནད་འགག་གི་དུས་སུ་སྐྱབས་བཞག །ང་ཐང་ལ་བབས་ནས་རླངས་འཁོར་ལ་སྐོར་བ་ཞིག་བརྒྱབ་ཅིང་། ཏག་ཏག་བྲག་ཁ་དང་གོམ་པ་ཕྱེད་ཙམ་ལས་མེད་པའི་གནས་དེར་མར་བལྟས་ན་ཤ་གསེང་རུས་གསེང་ལ་ཟུག་གཟེར་རྒྱུག །རྨ་ཆུ་སྔོན་མོས་སུ་ཞིག་ལའང་ཁ་ཡ་མི་བྱེད་པར་རང་ཉིད་ཀྱི་བབ་འགན་ཁུར་ནས་སྔོ་ལྟེམ་མེར་སྐད་ཅིག་ལ་མི་སྡོད་པར་བཞུར་གྱིན་གདའ། ངས་ཁོག་པའི་ནང་གི་དབུགས་ཡོད་ཚད་ཐེངས་གཅིག་ཕྱིར་ཕྱུང་རྗེས། མི་ཚེ་དང་ཚེ་སྲོག་ཟེར་བ་དེར་འདང་རྩིས་སྔར་བས་ཆེ་རུ་ཕྱིན་ཞིང་གཅེས་འཛིན་བྱེད་དགོས་པའི་འདུན་པ་ཞིག་ཀྱང་སྔར་ལས་ཆེ་རུ་ཕྱིན། ངས་མྱུར་དུ་རླངས་འཁོར་གྱི་ཨོང་སྒམ་ནང་ནས་རླུང་རྟ་བསྡམ་ཐོ་གསུམ་བླངས། བྲག་ཁ་དེ་ནས་བར་སྣང་ཁམས་སུ་མཆོད་ཅིང་། ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་ཡུལ་ལྷ་གཞི་བདག །མྱུར་མགྱོགས་མ།གློག་དང་རླུང་ལྟར་མྱུར་བའི་ཨ་མྱེས་རྨ་རྒྱལ། སྐད་ཅིག་ཉིད་ལའང་ང་སྐྱབས་འོག་ནས་གཏོང་མི་རུངཞེས་ཀི་ལན་གསུམ་བཏབ། རླུང་རྟ་ནི་དལ་གྱིས་ལྡང་། ཁ་བ་ནང་བཞིན་མཁའ་དབྱིངས་ཀྱི་རང་དབང་ཁྱེར་ནས་སོ་སོར་ཐོར། ཉི་འོད་ཀྱི་ལྡོག་འཕྲོའི་ཟེགས་མ་རེ་རེ་ལུས་ལ་བཏེགས་ནས་འོད་ལམ་ལམ་བྱེད། ལ་ལ་ཇེ་མཐོ་ནས་ཇེ་མཐོར་འཕགས། ལ་ལ་ཇེ་དམའ་ནས་ཇེ་དམར་གྱུར་ཏེ་རྨ་ཆུར་སིམ།  དེ་ནས་ང་ཕྱིར་རླངས་འཁོར་ནང་བསྡད་དེ། ཡར་སྔོན་གྱི་སྐད་ཅིག་གི་གཉིད་ཐུན་ལས་རྨིས་པའི་རྨི་ལམ་ལ་ཕྱིར་འདང་བརྒྱབ་ཀྱང་། དྲན་པ་ཡོད་ཚད་རྨ་ཆུས་ཁུར་བ་བཞིན་ཏོག་ཙམ་ཡང་ཡིད་ལ་འཆར་རྒྱུ་མེད་པར་སྟོང་ལྷང་ངེར་འདུག །རང་ཉིད་ཀྱི་མྱོང་བའམ་ཤེས་བྱ་ལྟར་རྨི་ལམ་དེའི་རྨི་དོན་ཕྱིར་འཚོལ་བྱས་ན། མ་འོངས་པའི་དུས་ཤིག་ལ་འཚེ་བ་འབྱུང་མིན་ཐད་བསམ་བློ་བཏང་ན། རྨི་ལམ་ནི་མ་འོངས་ལུང་བསྟན་ཡིན་ཟེར་ལ། རྨི་ལམ་ནི་རང་ཉིད་མ་གཉིད་པའི་ཡར་སྔོན་གྱི་སྐད་ཅིག་མ་དེའི་བསམ་གཞིགས་ཀྱི་རྒྱུན་ཡིན་པར་བཤད་པས། ཕྱིར་མ་གཉིད་པའི་ཡར་སྔོན་གྱི་དྲན་པ་དེར་ཕྱིར་སློག་བྱས་པར་དྲན་རྒྱུ་མེད་པར་ནག་འཐོམ་མེར་བྱེད། ཚོད་དཔག་འདྲེས་མས་བསམས་ན། ཕལ་ཆེར་གཅིག་ནས་ལམ་གསར་དུ་ལས་པར་དགའ་སྤྲོ་སྐྱེས་ཡོད་ངེས་ལ། གཉིས་ནས་ཕ་ཡུལ་དང་འབྲེལ་བའི་དོན་དག་ཡིད་ལ་ཤར་ཡོད་པ་ཁོ་ཐག་ཡིན་རྒྱུ་རེད་བསམས་ཞོར་མུ་མཐུད་དུ་རླངས་འཁོར་བསྐོར་ནས་ལམ་དུ་ཞུགས།

ཕ་མ་གཉིས་ནི་དབྱར་ཁར་ནམ་རྒྱུན་དགུན་ས་ན་ཡུལ་བསྲུངས་ནས་བསྡད་ཡོད། དང་ཐོག་ཉིན་མཚན་དུས་དྲུག་ཏུ་ཕ་མ་ཟུང་གི་སེམས་ལྷོད་ལ་ཅུང་ཙམ་ཡང་འབབ་མི་ཐུབ།

ལུང་སྟོང་འདིར་མི་ཞིག་ཐག་རིང་ནས་མཐོང་ཚེ། ཧ་ཅང་གཟབ་ནན་གྱིས་ཞིབ་ལྟ་བྱེད་ཅིང་།  མི་གང་དེ་ངོས་མ་ཟིན་བར་དུ་བར་ཐག་བཀྱེད་དེ་སྔོན་ལ་འཐབ་བྱེད་ཀྱི་ལག་ཆ་གྲ་སྒྲིག་བྱེད་པ་དང་། ཇི་ལྟར་ཕར་རྒོལ་བྱ་བའི་ཕྱོགས་ལ་བསམ་བློ་གཏོང་བར་བྱེད། ཡིན་ཡང་ད་ནི་སེམས་བདེ་ལ་བབས་ནས་དོན་དེ་ཕལ་ཆེར་རྨང་ནས་བརྗེད་ཟིན་པ་འདྲ། ང་ཡུལ་ལ་སླེབས་པ་དང་མཉམ་དུ་ངས་འདང་གསལ་པོ་མ་བརྒྱབ་པར་ད་ལོའི་དངོས་བྱུང་གི་མི་བསད་གྱོད་དོན་དེའི་གནས་ཚུལ་རགས་ཙམ་བཤད་པས། ཕྱི་དྲོའི་གྲིབ་ཆེན་གྱིས་ལག་རྡང་སྦྲེལ་བའི་དུས་དང་བསྟུན་ནས་ཨ་མ་ཅུང་ཙམ་སྐྲག་སྣང་སྐྱེས་པའི་རྣམ་འགྱུར་བསྟན་པར་ང་ཡང་བསྐྱར་འགྱོད་གདུང་དྲག་པོས་མནར་ཞིང་། རང་ལ་ལེ་བདའ་བྱེད་བཞིན་ཕ་མ་གཉིས་ཀྱི་སེམས་ཁ་གཞན་ལ་སྐོར་ཆེད་ཁ་བརྡ་གཞན་ཞིག་གི་མགོ་བསླངས།

རྒྱན་འཇོག་སྐོར་ཞིག་བཟུང་སོང་ཟེར་བ་སུ་སུ་རེད།

ཁོ་གཉིས་ཀྱིས་ཁ་འཕྲོག་རེས་བརྒྱབ་ཅིང་། ཨ་མ་ཅུང་རྗེས་སུ་ལུས་པས་ཁ་རོག་གེར་སྡོད་ཅིང་། ཨ་ཕས་མུ་མཐུད་དུ་བཤད་བྱུང་།

དེ་འུ་ཚོའི་སྡེ་བའི་གྲྭ་ལོག་སྐྱ་བྷ་དང་། ལྕགས་ཐར། དཀོན་བྷེ། ད་གཞན་དེ་སུ་ཡིན་མི་དྲན་ཀི །འབྲོང་ལུང་སྡེ་བའི་ཞི་ལི་སྐོར་ཞིག་ཀྱང་འདུག་ཟེར། སོང་ས་ནས་འབད་པ་མི་བྱེད་པར་ཕྱིར་ཡོང་ནས་སྣོག་ལས་བྱས་པ་རེད།

ད་དུང་དེ་འདྲ་བྱེད་མཁན་མང་ངམ། ཁྲིམས་མི་བརྩི་ན་བཀག་སྐྱིལ་བྱ་ངེས། ཚབས་ཆེ་ནས་ཡིག་ཚགས་ལ་ནག་ཐིག་ཕབ་ན་རྗེས་ཕྱོགས་བུ་རྒྱུད་ལའང་གནོད་ངེས།

ཨ་མས་ཁྱིམ་ལས་ལས་ཀྱིན་འདུག་ལ་ངེད་གཉིས་དང་བར་ཐག་ཅུང་རིང་བས་ཅི་བཤད་པ་གསལ་པོར་མི་གོ །བཤད་འཕྲོ་མ་བུད་པར་ཨ་ཕས་ལན་བཏབ་བྱུང་། དེ་ཚོས་རང་གི་བུ་རྒྱུད་ལ་འདང་རྒྱག་གམ། ཁྱིམ་ཚང་དང་བུ་རྒྱུད་གཡུགས་ནས་ཉིན་རྒྱུན་མི་དགེ་བ་ལས་བཞིན་འདུག །དོམ་ཆེ། བྱ་རྩོག་རེད།

ཨ་མས་མ་ཎི་འཁོར་ལོ་སྐོར་བཞིན་ཉན་ནས་འདུག

ཁོ་ཚོར་དབྱར་རྩྭ་དགུན་འབུ་ཡོད་པས་སྒོར་མོ་མང་པོ་ཡོད། ད་དུང་རྩྭ་ས་གཞན་ལ་གླས་ནས་ཀྱང་ཡོང་སྒོ་མོད་པོ་བླངས་ཤིང་། སྐྱེས་པ་ཚོས་རྒྱན་འཇོག །སྐྱེས་མ་ཚོས་ཡག་བཏོད་དེ་ཁྲོམ་སྲང་ཉུལ། ཐད་གཏོང་བྱས་ནས་ཉི་མ་གཏོང་བ་མིན་ནམ།

དེ་ཚོར་སྒོར་མོ་ཡོད་ཀྱང་འདང་སོང་བ་ཞིག་ཡོད་མི་སྲིད། ན་ནིང་ནས་དབྱར་རྩྭ་དགུན་འབུ་ཡང་ཇེ་ཉུང་ཡིན་ཁར་གོང་ཡང་མེད། ཟོག་ལུག་ལའང་གོང་མེད་རབས་ཟེར།

ངས་སླར་ཡང་མ་བསམ་ས་ནས་ཉེས་པ་ཞིག་བཟོས་པ་འདྲ་བས། ཡིད་ལ་དྲན་ཙམ་ནས་མྱུར་དུ་ཚིག་རྔ་ཕྱིར་འཐེན་ནས་ཁ་གཞན་ལ་སྐོར་ཐབས་བྱས།

འོ་ན། སྐྱབས་ལོ་ཚང་ཡང་ཕྱིར་འབྲོག་སར་ཡོང་བ་མིན་ནམ།

འོ་ལེ། དེ་ད་ལོས་ཡིན།” ཨ་མས་ངེད་གཉིས་ལ་ཇ་བླུགས་རྗེས་རང་གིས་ཁ་རོག་གེར་ཇ་འཐུང་ནས་འདུག་པ་ལས་ཨ་ཕར་ཁ་རྩོད་མི་རྒྱག །ཨ་ཕས་མུ་མཐུད་དུདང་ཐོག་རྩྭ་ས་ནོར་ལུག་དང་བཅས་པ་བཙོང་རྗེས་གྲོང་ཁྱེར་ལ་སོང་བ་རེད། ཁྱིམ་ཚང་གང་པོས་སྒོར་རྡོག་ཆ་བོ་ས་བརླག་རྡོ་བརླག་བྱས། དོམ་ཡང་མང་པོ་ཆད། ཁང་ལེབ་ཅིག་ཡོད་པའང་བུ་ལོན་སྟོན་མོར་བཞག །ད་ཁ་མ་སོས་པར་ཕྱིར་ཡོང་བ་རེད།

ངའི་སེམས་ལ་གྲོང་ཁྱེར་ལ་སོང་ན་གཏན་འཁེལ་གྱི་ཡོང་སྒོ་མེད་ན་དཀའ་མོ་རེད། འབྲོག་པའི་འཚོ་བ་དང་མི་འདྲ། གྲོང་ཁྱེར་ནས་སྒོར་མོ་གཅིག་ཀྱང་དཀའ། ད་སྐབས་སློང་ཡང་སྟེར་མཁན་མེད། འབྲོག་ས་ནས་སྒོར་མོ་རེ་ད་དགོས་ཟེར་ན་ད་བཙལ་ཆོག་སྟེ། བལ་དང་ཁུལ་རྩིད་བཙོང་ན་ཆོག །མར་ཆུར་འོ་གསུམ་བཙོང་ན་ཆོག །དེ་ཚང་མ་སྒོར་མོ་ཡིན། དབྱར་རྩྭ་དགུ་འབུ་བརྐོས་ན་ཆོག །གྲོ་མ་བརྐོས་ན་ཆོག །ཐ་ན་རུས་པ་རྭ་ཅོ་ཨོང་བ་ལ་སོགས་པ་བཙོང་ཡང་སྒོར་མོར་བརྗེ་རྒྱུ་ལས་སླ་བོ་རེད། རང་ས་རིན་པོ་ཆེ་རུ་ཟས་རང་གྲུབ་དང་གོས་རང་གྲུབ་ཡིན། གྲོང་ཁྱེར་ནས་ལས་ཀ་མ་ལས་ན་སྒོར་མོའི་ཡོང་སྒོ་ཡོད་མི་སྲིད། ལྷག་པར་དུ་མ་རྩ་མེད་ན་དཀའ་མོ་རེད། རྩྭ་སའི་ཁ་གསབ་ཁོ་ན་མ་གཏོགས་རིན་མེད་ཅིག་ཡོད་པ་མ་རེད། ད་དུང་འགྲོ་སོང་ཆེ་བ་རེད། ཆུ་རིན། གློག་རིན། དྲོད་རླངས་ཀྱི་རིན། རླངས་འཁོར་གྱི་གླ་རིན། ཐ་ན་གཅིན་རིན་ཡང་སྟེར་དགོས་པའི་ཞིབ་ཐོའི་རེའུ་མིག་དེ་ཡིད་ལ་དྲན་ན་ལྷག་ཏུ་གར་ཡོང་མི་ཤེས་པའི་འདང་རྒྱག་དང་སྡུག་བསྔལ་ཞིག་གིས་མནར་ཡོང་།

ཨ་ཕའི་སེམས་ལ་འགྱུར་ལྡོག་ཅུང་ཙམ་བྱུང་བ་འདྲ། ཡང་ན་ངའི་སེམས་ཀྱི་སྡུག་བསྔལ་རྟོགས་ཡོད་ཚོད་ཀྱིས་ཁ་ཅུང་ཇེ་ལྷོད་དུ་སོང་ཞིངའབྲོག་སའི་སྐྱིད་ཤེས་བཞིན་ཡོད་པ་མ་རེད། གྲོང་ཁྱེར་ལ་འགྲོ་མི་དགོས་པའི་སྨོན་ལམཟེར།

ངས་ཁ་བརྡའི་བར་མཚམས་གཅོད་མི་འདོད་ཀྱང་། དངོས་ཡོད་ཀྱི་གནས་ཚུལ་ཞིག་དྲང་བཤད་བྱེད་བསམས་སོང་།

མ་འོངས་པ་ན་འུ་ཚོའི་སྡེ་བའང་གྲོང་ཁྱེར་ལ་འགྱུར་དགོས་རྒྱུ་རེད།

ཨ་ཕས་དེ་ཁས་གཏན་ནས་ལེན་མ་འདོད་པར་ཚིག་ཐག་ཇེ་ཐུང་དུ་བཏང་སྟེ། ཡང་བསྐྱརགྲོང་ཁྱེར་ལ་འགྲོ་དགོས་པ་མ་རེདཟེར་ཞིང་། དཀར་ཡོལ་འབྲུག་རིས་ནང་གི་འོ་ཇ་ལ་ཧུབ་ཅིག་བྱས་རྗེས། ཇ་རོ་ཞིག་སོ་བར་ནས་ལྕེས་ཕར་སྣུར་ཚུར་སྣུར་བྱེད་ཅིང་། ལག་པས་བླངས་ཤིང་དེའི་ཤུན་སྐོགས་ཕྱེ་སྟེ་ལག་པ་གཡས་པའི་ཐོག་གི་རྨ་ཁའི་སྟེང་ལ་སྦྱོར་བར་བྱེད།

མཚམས་ཤིག་ལ་ཨ་མས་ཁང་པའི་ཉི་ཁྱམས་ནས་ཅི་ཞིག་བཤད་བཞིན་འདུག་པ་ཐོས། ངེད་གཉིས་ཀྱིས་རེ་ཞིག་བཤད་མཚམས་བཞག་ཅིང་རྣ་བ་དེར་ཕྱོགས་ཞོར། སྒེའུ་ཁུང་ལས་ཕར་ཁའི་གཞུང་ལམ་ཕྱོགས་སུ་བལྟས་པར། སྐྱས་འདེད་ཅིག་འགྲོ་བཞིན་པ་མཐོང་།

ངསད་དུང་ཡང་དབྱར་སར་མ་སྤོས་པའི་ཁྱིམ་ཚང་ཡོད་དམཞེས་ཨ་ཕར་དྲིས།

ཨ་ཕས་ཞིབ་ལྟ་ཞིག་བྱས་རྗེས། རྒོད་མ་དཀར་དཀར་རྟེའུ་ཁྲིད་བཞོན་མཁན་དེ་ཁྱིམ་མཚེས་སྡེ་བའི་མགོན་པོ་ཚང་ཡིན་པ་འདྲ། དེ་ཚང་གིས་རྫ་ཁ་ན་རྩྭ་ས་གླས་ཡོད་པར་བཤད། ད་རང་ཚང་གི་རྩྭ་ས་ཟོས་ཚར་རྗེས་དེར་འགྲོ་བ་ཡིན་རྒྱུ་རེདཟེར། སྐབས་དེར་ཨ་མས་ཀྱང་ཨོང་བ་བླངས་རྗེས་སྒྱེ་མོ་ཞིག་ཁུར་མ་དྲུད་ཀྱིས་ཁྱིམ་དུ་ལོག་ཅིང་། ཐབ་ལ་ཨོང་བ་འདེད་བཞིན། ཁྱིམ་མཚེས་སྡེ་བའི་མགོན་པོ་ཚང་རེད། ཡང་རྩྭ་སས་མ་འདང་བ་ཡིན་ངེས། ད་སྐབས་སྤང་རྩྭ་རྒན་པོའི་མགོ་སྐྲ་བཞིན་ཇེ་ཉུང་དུ་སོང་བས། རྩྭ་རིན་ལོ་རེ་ནས་ལོ་རེར་ཇེ་མཐོ་རེདཟེར་ཞིང་། ངེད་གཉིས་མདུན་གྱི་རྐུབ་སྟེགས་རིང་བོའི་སྟེང་ལྗིད་ཀྱིས་བསྡད།

ངས་རང་ཚང་གི་རྩྭ་སའི་ཉིན་སྲིབ་ལ་བལྟས་ན། ནེམ་རྩྭ་བཅད་ཀྱིན་བཅད་ཀྱིན་ལོ་རེ་བཞིན་ཕྱིར་གསར་དུ་སྐྱེ་བའི་ཚད་ཇེ་ཉུང་རེད། དེའི་མངོན་རྟགས་གཙོ་བོ་ཞིག་ནི་ལྡུམ་བུ་ཇེ་མང་དང་། བྱི་ལོང་ས་འབུར་གྱིས་ཁྱབ་ནས་གང་སར་ནག་ཐོར་རེར་བྱེད། རྒྱང་ནས་བལྟས་ན་སྔོ་ལྗང་གི་མདོག་ཙམ་མངོན་ནའང་། ཉེ་སར་སོང་ཚེ་ཨོང་ཙོག་བྱེད་ས་ཙམ་ཡང་མེད་པར་བྱེ་རྡུལ་ཇེ་མང་ནས་ཇེ་མང་རེད། དང་ཐོག་ང་སློབ་གྲྭར་མ་སོང་ཡར་སྔོན་ལ་ངའི་གཟུགས་ཀྱི་རིང་ཐུང་དང་མཉམ་པར་རྩྭ་རྫོང་སྟུག་པོར་སྐྱེ་སྲིད། ད་ལྟ་ནེམ་རྩྭ་ཇེ་ཉུང་དུ་སོང་ཞིང་ལྡུམ་བུ་རིང་པོ་ཇེ་མང་དུ་གྱུར་བའི་ཚུལ་ནི་ཚུར་རྒོལ་ཞིག་དང་ཅི་འདྲའི་མཚུངས་ཨང་། དེའི་སྟེང་ལ་སློབ་གྲྭར་ཕར་སོང་ཞིང་ཕྱིར་རྩྭ་ཐང་དུ་ལོག་རྐྱང་བྱེད་ཚུལ་འདི་ཁུར་བོ་ཞིག་མིན་ནམ། ཕྱིར་ཡོང་ནས་ཕལ་བའི་ཁྱིམ་ཚང་ལྟར་བསྡད་ན་ཁྱིམ་ཚང་ཇེ་མང་དང་མི་གྲངས་ཇེ་མང་དུ་སོང་བས། རྩྭ་ས་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་ལ། འགལ་བ་ཡང་མུ་མཐུད་དུ་ཇེ་མང་ནས་ཇེ་མང་ཡིན། ད་ལྟ་ཕ་བུའི་བར་དང་གཉེན་ཉེའི་བར། བུ་སྤུན་བར་ལ་རྩོད་གཞི་དང་གཏུག་བཤེར་གྱི་གྲངས་ཀ་ཉིན་བཞིན་ཇེ་མང་ནས་ཇེ་མང་ཡིན་པ་མངོན་གསལ་ཡིན་ལ། སྔར་བྱུང་མ་མྱོང་བའི་དཔེ་མཚོན་གྱོད་དོན་དམིགས་བསལ་བ་ཡང་འབྱུང་མུས་ཡིན་པས། གཙོ་བོ་གང་ལ་ཐུག་པ་ཡིན་ནམ།མཐར་གང་ལ་ཐུག་འགྲོའམ། ངས་ཁ་བརྡ་ཟེར་ན་ཨ་ལན་མེད་པའི་སྐད་ཆ་འཁྱར་འཁྱོར་ལྡབ་ལྡིབ་ཅིག་ནང་སེམས་སུ་ཡང་ཡང་དམྱུགས་མཐར། གཅིན་སྦོས་ནས་མི་བཟོད་པར་གྱུར།

གློ་རྡེག་མགོ་ཡར་བཀྱགས་པ་ན། ཁང་པའི་ནང་ཁུ་སིམ་པོར་འདུག་ལ། ཞག་སྒྲོན་འབར་ནས་ཟད་དེ་གཉིད་ལྕོག་རྒྱག་པ་བཞིན་འོད་ལྷེམ་ལྷེམ་བྱེད། ཨ་ཕ་མལ་ཁྲིའི་སྟེང་ན་ཚུར་འཁོར་ཏེ་གུམ་སྟབས་ཀྱིས་གཉིད་ནས་སྔུར་བ་ཆད་མ་མཐུད་ཅིག་འཐེན་བཞིན་འདུག །ཨ་མ་མདུན་ཕྱོགས་ཀྱི་རྐུབ་སྟེགས་སྟེང་ན་ཕྱིར་ཁེན་ཏེ་གཉིད་འདུག །ལྕགས་ཐབ་ཀྱི་ཐབ་ཁུང་ནང་ན་ད་དུང་ཡང་ཤི་མ་གསོན་གྱི་ཨོང་མེ་ཞིག་འབར་བཞིན་འདུག །ལྕགས་ཐབ་ཀྱི་ལྟོ་བའི་མེ་དྲོད་ཅུང་ཇེ་ཞན་དུ་གྱུར་ཡོད་མོད། ངའི་གདོང་བ་ད་དུང་ཚ་ལམ་ལམ་བྱེད་ཅིང་མགོ་བོ་གཟེར་ལྷང་ངེར་བྱེད་པས་གཟོད་གཉིད་ཀྱི་ཞིང་ཁམས་ཉུལ་རན་པ་རྟོགས།

ངས་ས་སྒང་རིན་པོ་ཆེའི་པང་དུ་གཅིན་པ་ཤག་ཤག་ཏུ་ཡོངས་སུ་བྱོ་ཚར་རྗེས། ལུས་སྟེང་ནས་སྐྱེ་འཆིའི་སྡུག་བསྔལ་ལས་ཐར་བ་ལྟ་བུ་ཞིག་བྱུང་བས། རང་དབང་བསམ་གྱིས་མི་ཁྱབ་པའི་བདེ་སྐྱིད་ཤར་ཞིང་། སྨག་ནག་པའི་མཚན་མོ་འདིའི་ཀློང་ནས་ཕར་བལྟས་ཙ་ན། རྒྱང་ཐག་རིང་བའི་མཁའ་མཐའ་ན་ཐོ་རངས་སྐར་ཆེན་གྱིས་སུ་ཞིག་ལ་ཆེས་མཇུག་མཐའི་གྱེས་བརྡ་གཏོང་བ་བཞིན་གཅིག་པུར་ཤར་ཡོད་པ་མཐོང་བས། གཞི་ནས་མདང་ནུབ་ཕ་མ་ཟུང་དང་མཉམ་དུ་བསྡད་དེ་འཕྱི་དྲགས་པ་རྟོགས། ཁ་ཕྱིར་འཁོར་ཏེ་ཉེ་སར་བལྟས་ཚེ། གློག་འོད་ཆེམ་ཆེམ་གྱིས་བརྒྱན་པའི་མཚན་ལྗོངས་མཛེས་པོ་ཞིག་མིག་མདུན་དུ་འཆར་འོང་ཞིང་། རྨ་རྒྱལ་གནས་སྤོའི་གྲོང་ཞེས་པའི་གློག་ཁྲའི་ཡིག་འབྲུ་བཞི་པོའང་བར་སྣང་ཁམས་སུ་དཔྱངས་འདུག་པ་ལ། མཛེས་སྡུག་གི་བསླུ་བྲིད་མ་བཟོད་པར་མིག་ཟུང་ལན་གཅིག་བཙུམས་ཏེ་ཕྱེ་བ་ན། སྐད་ཅིག་གི་མཛེས་པ་དག་མི་རྟག་འཇའ་ཚོན་བཞིན་ཐོར་ཞིག་ཏུ་གྱུར་བས་རེ་ཞིག་མགོ་ནང་ནག་འཐོམ་མེར་གྱུར།

ཕྱིར་ཁྱིམ་དུ་ལོག་དུས་སྔར་བཞིན་དེ་འདྲའི་ཞི་ཞིང་འཇགས། ངས་ཕ་མ་གཉིས་ཀྱི་ལུས་སྟེང་ལ་བལ་ཕྱར་རེ་བཀབ་ཅིང་། ཁོ་གཉིས་གཉིད་ཀྱི་གཏིང་རིམ་དུ་ཡོད་པ་མཐོང་བས་འོས་འགན་ཞིག་ཡོངས་སུ་བསྒྲུབས་ཚར་བ་ལྟ་བུའི་སེམས་ལ་བདེ་ཚོར་ཞིག་གིས་ཁྱབ། དེའི་མོད་ལ་ཁ་སྐོམ་སྟེ་མིད་པའང་སྐམ་ཡོད་པ་ཚོར་བས་ལྕགས་ཐབ་སྟེང་གི་ཟངས་དེམ་ཡར་བཀྱགས་པར། དེའི་ཞབས་ཀྱི་མར་ཟུར་ན་ཐག་ལ་ཉེ་བའི་ཇ་འཕྲོ་དེ་གློ་བུར་ངོས་གཞན་པའི་ཚ་ཚད་དང་གདོང་ཐུག་བརྒྱབ་སྟེ། སྐད་ཅིག་ཉིད་ལ་རླངས་པ་རྡོག་པོར་གྱུར་ཞིང་། འབར་གས་ལྟ་བུའི་ཐོལ་བྱུང་གི་སྒྲ་དེས་ཡུད་ཙམ་ལ་སེམས་པ་མི་སྐྱིད་པའི་གཡང་དུ་ལྷུང་ཞིང་། སླར་ཡང་འཇིགས་སྣང་ལས་སད་པ་ལྟ་བུའི་བསམ་གཞིགས་ཀྱི་མགོ་བོ་ནང་དུ་དུད་དགོས་བྱུང་། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།