སྤྲིན་དཀར་འགྱུ་བ་མི་མངོན་དབྱིངས་སུ་བསྡུས།།ཁ་བའི་འདབ་མ་སྐར་ཚོགས་འཁྲིས་སུ་འདར།།ངས་ནི་སྙིང་དབུས་དཔལ་ལྡན་བླ་མ་ལ།།ཕུར་ཚུགས་བཏབ་པའི་ཐལ་མོ་སྙིང་ལ་སྦྱར།།རྩྭ་ཐང་མེ་ཏོག་སྟོན་མཇུག་སད་ཀྱིས་བཅོམ།།
འདི་ན་སད་དཀར་མདའ་མོས་མ་ཕོག་པའི།།བདག་གི་ཡིད་མཁའི་མེ་ལོང་དྭངས་མ་རུ།།ཅིའི་ཕྱིར་ཁྱོད་ཀྱི་འཛུམ་ཆུང་པད་མོར་བཞད།།མཐོན་མཐིང་རྣམ་པར་བཀྲ་བའི་མཁའ་དབྱིངས་སུ།།མི་བརྟན་སྐར་ཚོགས་འགྱུ་བ་ཤིག་ཤིག་གཡོ།།མི་འགྱུར་ང་ཡི་སྐར་མ་སྨིན་དྲུག་དེ།།གཅིག་པུ་བརྟན་ཚུགས་ཆེ་བས་སྙིང་དུ་སྡུག།བཅོས་མིན་སེམས་ཀྱི་གཏིང་མཐའ་གང་ཞིག་ཏུ།།མཛའ་གཅུགས་རི་མོ་ཚོན་གྱིས་རིས་སུ་སྡེབ།།བརྩེ་བའི་རྨི་ལམ་ཕན་ཚུན་སེམས་སུ་ལྷུང་།།དེ་ཡི་གཏམ་རྒྱུད་ངས་ནི་ཁྱོད་ལ་འཆད།།ནམ་ཞིག་བརྩེ་བའི་འཕེན་པ་རྫོགས་ཙ་ན།།མཛའ་བའི་སེམས་པ་སྐྱོ་བའི་མཆི་མར་བསྒྱུར།།ཕན་ཚུན་སྙིང་ལ་ཉེ་བའི་གཏམ་རྒྱུད་རྣམས།།ཐ་མ་གདུང་བཞིན་གྱེས་པ་འཁོར་བའི་གཤིས།།ད་ནི་ང་ཡི་རལ་བའི་མེ་ཏོག་ཀྱང་།།ཕངས་སེམས་མེད་པར་ནམ་མཁའི་ལྷ་ལ་ཕུལ།།ལས་སྐལ་རི་ལ་བསྐོས་པའི་བསོད་ནམས་དེ།།ངས་ནི་ཁྱེད་ཀྱི་སེམས་པ་དྭངས་མོར་བསྔོས།།བརྩེ་བའི་སེམས་པ་རྨ་ཀླུང་རིང་མོར་བསྐུར།།དེ་ཡང་མཐའ་མེད་རྒྱ་མཚོའི་གཏིང་ལ་བསྐྱལ།།རྒྱ་སེ་མེ་ཏོག་རྡུལ་གྱི་འཁྲིས་སུ་བོར།།མཛའ་བའི་འཕྲིན་པ་ངས་ནི་མེ་ལ་སྦར།།ང་ཡི་སེམས་པའི་ཡས་དང་མས་སྣེ་རུ།།ལས་སྐལ་རི་ལ་བསྐོས་པ་ཡིན་ནམ་ཅི།།དམ་ཆོས་སྙིང་ནས་དྲན་པ་ཡོད་དམ་ཅི།།དེ་ནི་ང་ཡིས་སུ་དང་གང་ལ་འདྲི།།མི་ཡུལ་རྣམ་ཤེས་ཟུང་གི་སྐྱིད་སྡུག་ཀྱང་།།ངས་ནི་མཆོག་གསུམ་ལྷ་ལ་ཕུལ་བ་སྟེ།།ཨ་ཕོ་ལས་སྐལ་མེད་པའི་འཚོ་ཚིས་ལ།།