དེ་ནི་དུས་ཚོད་ཀྱིས་མ་ཆོད་ཅིང་བར་ཐག་གིས་མ་གཅུན་པའི་སྣང་སྟོང་ཟུང་འཇུག་གི་ལམ་བུ་ཞིག དེ་ནི་སྐྱེ་བོ་སྒེར་པ་མཐའ་དག་འཚོ་གནས་བྱེད་སའི་སྙན་ངག་གི་ཁམས་ཆེན་པོ་ཞིག དེ་ནི་མིག་ཆུ་ཤམ་ཤུམ་དུ་གཏོང་བའི་མ་ཤི་གསོན་བྲལ་གྱི་བརྩེ་འཕྲིན་ཤོག་ཧྲལ་ཞིག དེ་ནི་གཅིག་པུ་སྲང་ལམ་དུ་འགྲོ་དུས་གྲིབ་མ་བཞིན་འགྲོགས་པ་ཞིག དེ་ནི་མི་བུ་སྒེར་པའི་ནམ་མཁའ་དང་ས་གཞི། བར་སྣང་འབའ་ཞིག
ཁོ་མོ་འཇིག་རྟེན་དུ་སླེབས་པ་ནས་དེའི་འགོ་བརྩམས་ཤིང་ཁོ་མོ་འཇིག་རྟེན་ནས་སོང་དུས་དེའི་དབུ་ཁྱུད་བྲིས། འཚོལ་བཞིན་པའི་ཚེ་སྲོག་གི་ཡང་སྙིང་དེ་ཡིན་ལ་སྟོར་མ་བཟོད་པའི་རེ་དོགས་ཀྱི་རྨུ་ཐག་ཀྱང་དེ་རེད། ཡུ་མོའི་རྨིག་པས་བརྫིས་པའི་མེ་ཏོག་གི་མགོ་བོ་དེར་འཁྱུད་ཅིང་བྱིས་པས་འཇའ་ཚོན་བདའ་བའི་ལོ་ཟླའི་རྨ་ཤུལ་ཡང་དེ་ཡིས་ཕྱིས། དྲན་པའི་སེམས་ཚེགས་ཀྱི་ཁ་དོག་དེས་བསྒྱུར་ཅིང་ཕྱི་ནང་བར་སྟོང་གི་ཆའང་དེ་ཡིས་བསྐངས། གློ་ཉེའི་ནང་གཏམ་གྱི་སྙིང་ཁ་དེ་ལ་འབྲེལ་ཡོད། འཚོ་བའི་མེ་ལོང་གི་གོས་ཀྱང་དེ་ཡིས་བགོས།
ང་དང་ངའི་ཡུལ་དེ། ཁྱོད་དང་ཁྱོད་ཀྱི་འཇིག་རྟེན་དེ། ཡིད་རྟོན་ཆོག་ཅིང་ཕྱི་ཐག་རིང་བ་དེ། ཡིད་སྐྱོམ་པར་བྱེད་པའི་རོལ་མོ་དེ། སེམས་འཁོལ་བར་གཏོང་བའི་རི་མོ་དེ། སྐྱོ་བས་ཁྱེར་བའི་སྒྲུང་གཏམ་དེ། སྤྲོ་བས་བཟུང་བའི་གློག་བརྙན་དེ། སྐད་ཆའི་གཏིང་མ་དེ། སྲོག་གི་དབང་པོ་དེ། ཨ་ཕ་ཡི་དཀར་ཡོལ་ཟངས་དཀར་མ་དེ། ཨ་མ་ཡི་བྱམས་བརྩེ་དངུལ་ཤན་མ་དེ། སྲབ་མེད་པའི་རྒོད་པོ་དེ། གཉོམ་མེད་པའི་ཁེར་སྐྱེས་དེ། ཇི་མི་སྙམ་པའི་ང་རྒྱལ་དེ། རྦད་ཐག་ཆོད་པའི་བློ་ཁ་དེ། དྭངས་སྙིགས་བཀར་བའི་ཞེན་ཕྱོགས་དེ།