ཕྱི་དྲོ་ཞིག་ལ། འཇིགས་བྱེད་སྐྱབས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

01ཕྱི་དྲོ་ཞིག་ལ་ཁོ་རང་མལ་ཁང་ནང་གི་དཔེ་སྒྲོམ་གྱི་ཁ་གཏད་དུ་ཙོག་ནས་ཡུན་རིང་བསྡད། དཔེ་སྒྲོམ་ནང་གི་དཔེ་ཆ་དེ་དག་ནི་འཇིག་རྟེན་འདིའི་ཡོད་ཚད་རླུང་གིས་ཁུར་ཤུལ་དུ་ཁོའི་ཉེ་འགྲམ་དུ་ལུས་པའི་སྙིང་ཉེ་ཉེ་བྱ་ཆོག་པའི་དངོས་པོ་གཅིག་པུ་ཡིན་པ་འདྲ།

02ཇ་ཞིག་འཐུང་འདོད་ཀྱི་འདུན་པས་ཁོ་རང་འབོལ་ཁྲི་ལས་ཡར་ལ་བསླངས། ཁོ་པས་མལ་ཁང་གི་གྲུ་ག་སོ་སོར་མིག་ཉུལ་བྱས་ནས་རང་གི་ཤེལ་གྱི་ཇ་ཕོར་དེ་བཙལ་ཀྱང་། ཇ་ཕོར་དེ་ཁ་རླངས་ཡལ་བ་བཞིན་ཁོའི་མལ་ཁང་ནས་གར་སོང་ཆ་མེད་དུ་གྱུར་འདུག མཚམས་དེར་ཅི་བྱ་གཏོལ་མེད་དུ་གྱུར་པའི་ཁོ་པས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་ཕྱིར་འབོལ་ཁྲིར་ཙོག་དགོས་བྱུང་།

03ཁོ་པས་ཐ་མག་འཐེན་ཞོར་དུ་ལག་པ་གཡས་པས་ཅོག་ཙེའི་སྟེང་གི་ཁ་པར་ལག་ལ་བླངས་ཤིང་། ཟླ་འགའི་ཡར་སྔོན་དུ་ཁ་པར་ལས་བསུབས་པའི快手ཟེར་བའི་མཉེན་ཆས་དེ་ཡང་བསྐྱར་ཕབ་ལེན་བྱས་ཏེ། དེའི་ནང་གི་བརྙན་ཐུང་འདོ་མེད་དག་ལ་གཡེངས་ནས་དུས་ཚོད་ག་ཙམ་འགོར་བ་ཡང་མ་ཤེས།

04ཁ་པར་གྱི་དྲིལ་བརྡ་སིང་སིང་གྲགས་པ་དེས་ཁོ་པས་ལྟ་བཞིན་པའི་བརྙན་ཐུང་དེ་དག་གི་འུར་ཟིང་སྐད་ཅིག་དེ་ཉིད་ལ་བཅོམ་ནས་འཆར་ངོས་ཀྱི་ཁྲ་ཁྲ་རིག་རིག་དག་ཀྱང་ཆང་རྐྱལ་ཟེར་བའི་ཡིག་འབྲུ་གཉིས་ཀྱི་ཕག་ལ་ཡལ་དུ་བཅུག  ཁོ་པས་ཁ་པར་རྣ་སྒོར་བཞག་མ་ཐག་ཕ་རོལ་བོས་ངས་ཁྱོད་ཀྱི་སྐད་འཕྲིན་དུ་སྙན་ངག་ཅིག་བསྐུར་ཡོད། དེའི་ནང་ནས་ཡིག་ནོར་བཏུ་རོགས་བྱོས་དང་། ཁོམ་དུས་ཁྱོད་ལ་མགྲོན་བྱ་ཆོག་ཟེར། ཁོ་པས་ཡ་ཡ་ཞེས་པའི་ལན་ཐུང་ཐུང་སྟབས་བདེ་དེ་ཡང་བཏབ་མ་ཚར་སྔོན་ལ་ཁ་པར་གྱི་གློག་མདའ་ཟད་ནས་ནག་ཚིབ་བེར་གཟིམ་སོང་།

05ཁོ་པས་འཐེན་སྒམ་ཞིག་ལས་གློག་གསོག་སྐུད་པ་བླངས་ནས་ཁ་པར་ལ་གློག་བསོགས་རྗེས་གླལ་སྒྱིང་ཞིག་བྱེད་ཞོར་སྒེའུ་ཁུང་ཕྱི་རོལ་ལ་ཅེར། སྒེའུ་ཁུང་ཕྱི་རོལ་གྱི་ནམ་ཟླས་ཀྱང་ཉོབ་མདངས་སྟུག་པོ་ཞིག་གི་གསེང་ནས་ཁོ་པར་ཅེར་འདུག་ལ། ད་རུང་གླལ་སྒྱིང་ཞིག་ཀྱང་བྱས་ལོས་འགྲོ་སྙམ་པ་ཞིག་རེད།

06དཔེ་སྒྲོམ་ལས་ལྫར་པན་གྱི་རྩོམ་པ་པོ་ཞིག་གི་སྒྲུང་གཏམ་རིང་གྲསས་རུབ་རྗེསཟེར་བ་ཁོ་པའི་མིག་ལ་ཐོགས། གློ་བུར་དུ་ཁོའི་སེམས་ལ་ལྗར་པན་པ་འདིས་ནུབ་གཅིག་གི་དོན་དག་ཕྲ་རགས་དག་བྲིས་ནས་མི་སེམས་སྒུལ་བའི་སྒྲུང་རིང་ཞིག་འགྲུབ་ཐུབ་ན། ཁོ་བོས་ཀྱང་རང་གི་ཉེ་འཁོར་གྱི་དགོད་བྲོ་ལ་ངུ་ཡང་བྲོ་བའི“ཙི་གུས་ཞི་ལ་ཟ་བ”ཡི་སྣང་ཚུལ་ཡ་མ་བརླ་དེ་དག་མཐོང་སྣེར་བཟུང་ནས་སྒྲུང་ཐུང་ཞིག་ལོས་འགྲུབ་སྙམ། དེ་ནས་ཁོ་པས་འབྲི་འཕྲོར་ལུས་པའི་སྒྲུང་ཐུང་ཞིག་གི་མཇུག་སྐྱོང་རྩིས་བྱས་ཀྱང་། ཁོ་པར་འཆར་སྒོ་ཅི་ཡང་མེད་པར་ནག་ཐོམ་མེར་ལུས་ནས་སྒྲུང་ཐུང་དེ་ལ་ཐིག་ཕྲེང་གཅིག་གིས་ཀྱང་ཁ་སྣོན་བྱེད་མ་ཐུབ།

07ད་ལྟ་ཕྱི་དྲོའི་ཆུ་ཚོད་བཞི་པ་བཟུར་འདུག མདུན་གྱི་ཅོག་ཙེའི་སྟེང་དུ་བཞག་པའི་ཐལ་ཕོར་དེའི་ནང་དུ་དུ་སྣེ་འགའ་ཇེ་མང་དུ་སོང་འདུག་པ་ལས་མལ་ཁང་འདིའི་ནང་གི་བཀོད་པར་འགྱུར་ལྡོག་ཅི་ཡང་བྱུང་མི་འདུག་ཀྱང་། ཁོ་པ་གར་ཡོང་མ་ཤེས་པའི་སུན་སྣང་ཞིག་གིས་བཙིར་ཏེ་གློ་བུར་དུ་མལ་ཁང་ནང་ནས་འདུག་བཟོད་མེད་པ་ལྟ་བུ་ཞིག་ཏུ་ཆགས་ནས་སྒོར་འབུད་དགོས་བྱུང་།

08ཁ་བ་ཟམ་ཟིམ་ཞིག་རླུང་འཚུབ་ཀྱིས་དེད་ནས་དམིགས་མེད་དུ་བར་སྣང་ནས་འཚུབ་སྐོར་བྱེད་ཀྱིན་འདུག ཁོ་པས་རང་ཉིད་ཀྱང་རླུང་འཚུབ་འདིའི་ནང་ཤོག་ལྷེ་ཞིག་ལྟར་གཡུག་ནས་རྫོང་མཁར་འདིའི་བར་སྣང་ནས་ལྡིང་སྐོར་ཐེངས་གཅིག་རྒྱག་འདོད་དུས། ཨ་རོགས།  ཁྱོད་གང་ལ་འགྲོ་རྒྱུ་ཡིན་ཟེར་བའི་རྒྱུས་ཡོད་ཀྱི་སྐད་སྒྲ་དེས་ཁོ་རང་དམ་ལ་བཏགས་སོང་།

09ཁོ་རང་ཁོ་མོར་འགྲོགས་ནས་སྔོ་ཚོད་ཚོང་ར་ཞིག་ལ་སོང་། ཁོ་མོས་ཁོ་པར་ཁ་བརྡ་སྣ་ཚོགས་བྱེད་ཞོར་དུ་རང་ལ་དགོས་པའི་སྔོ་ཚོད་དག་ལག་ཁུག་དམར་པོ་ཞིག་ལ་བཅུག ཁོ་མོས་མཉམ་འཇོག་བྱེད་ཀྱིན་མེད་པའི་སྐབས་དང་བསྟུན་ནས་ཁོ་པས་ཁོ་མོར་ལྐོག་ལྟ་ཡང་ཡང་བྱས། ཁོ་མོས་ཉོ་ཆ་བརྒྱབ་ཚར་རྗེས“བྱིས་པ་ཚོར་ནུབ་ཚལ་སྐོལ་དགོས”ཟེར་ནས་ཕྱིར་བུད་སོང་།

10ཁོ་པ་སྔར་བཞིན་རྫོང་མཁར་འདིའི་སྲང་ནས་དམིགས་མེད་དུ་འཁྱམས། ཁ་བ་ཟམ་ཟིམ་དེ་ད་ལྟ་འབབ་མཚམས་བཞག་ནས་འཇིག་རྟེན་འདིའི་ཕྱི་དྲོ་འཇམ་ཅག་གེར་གྱུར་འདུག ཁོ་པ་བཞི་མདོ་ཞིག་ལ་སླེབས་དུས་གར་འགྲོ་ཁ་ཕྱོགས་མེད་པ་ལྟ་བུར་གྱུར། ཁོ་པའི་གོམ་ཁ་གློ་བུར་དུ་ལྡབ་ཀྱིས་ཇེ་ལྕི་རུ་བུད་སོང་།

11ཁོ་པས་ལམ་གྱི་བཞི་མདོ་དེ་ནས་ལག་པ་ཡར་བཀྱགས་ནས་གླ་གཏོང་རླངས་འཁོར་ཞིག་འགོག་རྩིས་བྱེད་སྐབས། ཁ་པར་གྱི་དྲིལ་བརྡ་སིང་སིང་དུ་གྲགས་བྱུང་། ཁོ་པས་ཁ་པར་རྣ་སྒོར་བཞག་པ་ན་ཕ་རོལ་པོས“སྦྲག་སྲིད་ཁང་དུ་ཁྱོད་ཀྱི་དངོས་པོ་ཞིག་འབྱོར་འདུག  ལེན་དུ་ཡོང་རོགས”ཟེར། ཁོ་པས་ཁ་པར་ཕྱིར་གློ་ཁུག་ཏུ་བཅུག་རྗེས་གོམ་པ་མྱུར་སྤོ་བྱས་ཏེ་སྦྲག་སྲིད་ཁང་གི་ཕྱོགས་སུ་སོང་། ཁོ་པས་དངོས་པོ་དེ་ནི་ཉིན་འགའི་སྔོན་ལ་དྲ་ཐོག་ནས་ཉོས་པའི་སྒྲུང་དེབ་ཅིག་ཡིན་པ་ཡིད་ལ་དྲན།

12སྦྲག་སྲིད་ཁང་དུ་སྟོད་ལྭ་ལྗང་གུ་གྱོན་པའི་ལས་སྒྲུབ་མི་སྣ་ཞིག་ལས་མི་གཅིག་ཀྱང་མི་འདུག མི་དེས་ཤོག་ཐུམ་བརྒྱབ་པའི་དངོས་པོ་ཆེ་ཆུང་མི་འདྲ་བ་མང་པོའི་ཡང་སྟེང་དུ་ཟུངས་ཟད་པའི་ཤ་སྦྲང་ཞིག་ལྟར་ལྡིང་སྐོར་བྱེད་ཀྱིན་འདུག་ལ། མི་ཞིག་སྦྲག་སྲིད་ཁང་དུ་སླེབས་པ་ནི་མི་དེར་མཚོན་ན་ས་རྡུལ་ཞིག་རླུང་ལ་ཐིམ་པ་བཞིན་དོ་སྣང་བྱེད་རིན་ཅི་ཡང་མེད་པའི་དོན་དག་ཅིག་རེད།

13ད་ལྟ་ཁོ་པ་སྔོན་མ་བཞིན་མལ་ཁང་ནང་གི་དཔེ་སྒྲོམ་གྱི་ཁ་གཏད་དུ་ཙོག་འདུག་ལ། ཁོ་པའི་མདུན་གྱི་ཅོག་ཙེའི་སྟེང་དུཁེར་རྐྱང་གི་རིགས་བཅུ་གཅིགཟེར་བའི་སྒྲུང་དེབ་སོ་མ་ཞིག་བཞག་འདུག  ཁོས་ཡང་བསྐྱར་མལ་ཁང་གི་གྲུ་ག་སོ་སོར་མིག་ཉུལ་བྱས་ནས་རང་གི་ཤེལ་གྱི་ཇ་ཕོར་དེ་བཙལ་ཀྱང་། ཇ་ཕོར་དེ་ཁ་རླངས་ཡལ་བ་བཞིན་ཁོའི་མལ་ཁང་ནས་གར་སོང་ཆ་མེད་དུ་གྱུར་འདུག །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།