དགུན་ཁ་བསླེབས་སོང་།ཁྲི་གོང་ཨོ་རྒྱན་ཚེ་རིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

དགུན་ཁ་བསླེབས་སོང་།

དགུན་ཁ་ཉ་མོའི་གཤོག་འོག་ནས་རིམ་གྱིས་བསྲིངས་པར།

ས་གཞི་གཅེར་བུར་ཐོན་པའི་ཤོམ་མ་ཇི་བཞིན།

འབྱུང་བཞིའི་ཡལ་ག་རྣམས་སྐྱ་ཧྲལ་ཧྲིལ།

འཁྱགས་སོབ་སོབ་གང་སར་མཐོང་ལ།

འཁྱགས་རོམ་གྱི་སྟེང་ན་ཁ་བས་རང་ཚུགས་དམར་མོ་དེ་སྐྱོང་ཡང་།

སྲང་ལམ་གྱི་ཧྲག་སྒྲ་དེས། 

ཐབ་མདོའི་མེ་ལྕེ་དཀྲུགས་པས།

ཝ་ཞྭ་ཀེམ་ཀེམ་དུ་གྱོན་པའི་ན་ཆུང་བུ་མོས། 

ཅི་མི་སྙམ་པར་ཁ་བར་ལན་བུ་བསླེས།

དགུན་ཁ་བསླེབས་སོང་།

དགུན་ཁ་སོས་ཀའི་དྲི་བཞོན་དང་མི་འདྲ་བར།

རི་རབ་ཀྱི་རྩེ་ནས་ཁ་བཏགས་དཀར་པོ་ཞིག་དང་མཚུངས་པར་མུ་མཐའ་མེད་པར་བརྐྱངས་ཤིང་། 

དམག་ཆེན་གཉིས་པའི་འཇབ་རྒོལ་བཞིན་རི་ལུང་ཐོལ་གྱིས་བཟུང་སྟེ། གཡོགས་ལ།

ལུས་སེམས་གྲང་ཤུར་ཤུར་བཟོ་ཞིང་། 

འཇིགས་པ་མེད་ཀྱང་རི་སྤྱང་སྔོན་མོའི་རུས་གསེང་ལ་མེ་མདའ་ཐེབས་པ་ལྟ་བུའི་ཟུག་གཟེར་བརྒྱ་ཕྲག་གིས་འགད་ལ་རྩོམ་སྟེ།

སྟོན་ཟླ་སེར་པོའི་ལོ་ལེགས་དེ་ལ་བསམས་ན།

ལོ་གཅིག་གི་འཇབ་རྒོལ་དེ་ཡང་སྔ་ཕྱི་རྒོལ་གྱི་རིགས་པའི་བཙན་དབང་ཞིག་མ་ཡིན་པར།

དབྱར་ཁ་བསླེབས་ཚེ་མེ་ཏོག་བཞད་པ་ནང་བཞིན།

རང་བྱུང་གི་ཆོས་ཉིད་དེ་ལའང་ལང་ཚོའི་འཇོ་སྒེག་ལྟེམས་ཤིང་གཡོ།

དགུན་ཁ་བསླེབས་སོང་།

དགུན་ཁར་ཆར་ལྡན་དུས་སྐབས་ཀྱི་སྐྱེ་སྟོབས་དང་ཚོན་མདངས་མེད་མོད།

ཁྲ་ལམ་མེར་བཞད་པའི་མེ་ཏོག་སྣ་ཚོགས་ཀྱི་དྲན་ཤིང་ཐོར་ཞིང་།

དམར་ལམ་ལམ་འབར་བའི་གོ་ཁའི་ལབ་གླེང་དང་།

དྲོད་སོབ་སོབ་འཁྱིལ་བའི་ཨ་འཇམ་ཚ་རུ།

ད་དུང་ཞབས་རྗེས་ཁངས་ལ་བཞག་པའི་བྲེད་ཤ

རྒྱུ་ཞབས་ཟ་འཕྲུག་ལངས་པའི་དྲན་གདུང་། 

དེ་ཡང་ཉི་གདུགས་འོག་གི་ཆར་བའི་ཁེར་བཤད་མིན་ལ།

ཟེའུ་འབྲུ་ས་ལ་བཏིངས་པའི་སྟོན་མཇུག་གི་དགའ་སྣང་དང་།

དགུན་ཟླ་རིང་མོ་རི་ལུང་དུ་སྦ་བའི་སྔ་ལྟོས་ཡིན་ལ།

རྒྱ་མཚོ་སྔོན་མོ་མཁའ་དབྱིངས་ནས་འབབ་པའི་བྱ་སྒྲོའི་མཆོད་བསྟོད་དེ།

སྐར་ཚོགས་ས་ལ་ཟགས་པའི་སྟ་གོན་ཡིན།

དགུན་ཁ་བསླེབས་སོང་།

དགུན་ཁ་ཉིན་སྲིབ་མེད་པར་ཀུན་ལ་བསླེབས་སོང་།

ཉི་འོད་ཀྱང་མ་ཡིན། མུན་པའང་མ་ཡིན།

མཐོང་ཐོས་དྲོད་ཀྱིས་བརླན་པའི་གུར་ཁང་དང་།

སྙིང་ཆུང་འཁོར་སྒྱུར་རྒྱལ་པོའི་ཕོ་བྲང་།

ཞབས་རྡུལ་གནོད་སྦྱིན་དཀྲུགས་པའི་གཡུལ་ས།

ཐ་ན་ཁ་པར་གྱི་བརྙན་ཤེལ་རེ་རེའི་ནང་།

གྲག་འགུལ་མེད་པར་ལྷོད་ཤིག་ཤིག

འཇམ་ཐང་ཐང་བསླེབས་སོང་།

དགུན་ཁ་བསླེབས་སོང་།

དགུན་ཁ་ཉི་འོད་བཞིན་རི་ལུང་ནས་རྩྭ་ཐང་།

དགུན་ཁ་མཁའ་རླུང་བཞིན་སྦྲ་འདབས་ནས་རི་གྲོང་།

དགུན་ཁ་ཆ་འཕྲིན་བཞིན་གྲོང་ཁྱེར་ནས་གྲོང་ཁྱེར།

ལྷུག་གེར་བསླེབས་སོང་།

དགུན་ཁ་ལྷོ་བཞུད་ཀྱི་བྱ་ཁྱུ་དང་། 

ལོ་མ་སེར་པོའི་འཕུར་ལྡིང་ཁྲོད།

ཚོར་སྣང་ཞིག་གི་དཀྱིལ་འཁོར་བཞིན་མཚོ་དང་མཚེའུ། གཙང་པོ།

སྡོང་བོའི་ཡལ་ག རྣང་མའི་བར་དུ་དཀར་ཡོམ་ཡོམ་བབས་ཤིང་།

སྨུག་ལྷུང་ངེར་བསླེབས་སོང་།

དགུན་ཁ་ཆུ་ཤེལ་ལྟ་བུའི་མཁའ་དབུགས་དང་ཧྲག་སྒྲ་ཞིག་གི་གོམ་སྟབས་བར་ནས།

རྐུན་མའི་འཇབ་མྱུར་བཞིན་གྱང་བར་དང་སྒོ་སྲུབས། ལྭ་འདབས།

ཕུ་ཐུང་ནང་འཁྱགས་སོབ་སོབ་འཛུལ་ཞིང་། 

གྲང་ཤུར་ཤུར་བསླེབས་སོང་།

དགུན་ཁ་ལྗང་ཏིག་གེར་འཚེར་བའི་འཁྱགས་རོམ་དང་སྤུ་གྲིའི་སོ་ཁ་ནས་།

ཐོད་པ་དང་རྣ་རྩེ། 

རྐང་མཐིལ་ནས་ཟུག་གཟེར་ཞིག་གི་ཏལ་འབིགས་བཞིན་ཟུག་ཅིང་། 

འདར་སུག་སུག་བསླེབས་སོང་།

དགུན་ཁ། ཐབ་མདོ་ནས་དམར་ལམ་ལམ་མེ་ལྕེ་གླེང་བ་དེ་ཡང་།

དཔྱིད་ཀ་དམར་སིང་སིང་ཐོན་པ་དང་།

རིགས་མཐུན་ས་བོན་ལས་བག་ཆགས་སྣ་ཚོགས་དང་།

སྔོ་ལྗང་ལྗང་གི་ལོ་མ། སེར་ལམ་མེར་དུད་པའི་གཟི་བརྗིད་དེའི་ཆེད་དུ་ཡིན།

ཡང་ཅིག་བསམ་ན།

དགུན་ཁ། རྒྱང་རིང་ནས་བསླེབས་པའི་མགྲོན་པོ་བཞིན།

སྒོ་འགྲམ་དུ་འགྲམ་པ་སྦྱོར་ཞིང་། 

དཔྱིད་ཀ་རི་ལུང་ཀུན་ཏུ་འབུས་ཏེ། 

མེ་ཏོག་ཅིག་གི་ཁ་རླངས་བཞིན་གང་སར་བཞད་ལ། 

སྟོན་ཁ་ལོ་མའི་འཕུར་ལྡིང་དང་ཧྲག་སྒྲའི་བར་དུ་རྩེན་ཞིང་།

སོ་སོའི་སྒོ་རའི་ནང་དུ་ངང་གིས་བབས་ཡོང་།

༢༠༢༥ལོའི་ཟླ་༡༡ཚེས་༢༤ཉིན། 

གོང་ཨོ་རྒྱན་ཚེ་རིང་།  རྩོམ་རིག་རབ་འབྱམས་པ་དང་ཞུས་ཆེན་ལོ་ཙཱ་པ་སྟེ།  མཚོ་སྔོན་ཁྲི་ཀའི་མི་ཡིན།  སྔ་རྗེས་སུ《སྦྲང་ཆར》དང《བོད་ལྗོངས་ཞིབ་འཇུག》སོགས་དུས་དེབ་གང་མང་གི་སྟེང་དུ་སྙན་ངག་དང་དཔྱད་རྩོམ་ལ་སོགས་བརྩམས་ཆོས་བརྒྱ་ལྷག་ཙམ་སྤེལ་མྱོང་། བརྩམས་ཆོས་ཁག་ཅིག་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་ཚོགས་བཅུ་ལྷག་གི་ནང་དུ་བདམས་ཡོད་ལ།  རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་། ད་ལྟ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་ཕྱག་ལས་གནང་བཞིན་ཡོད། ཁོང་གི་བརྩམས་ཆོས་ལ《ལྷ་སའི་ཞོགས་པ》《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》《རྒྱབ་ལྗོངས》《རིག་འཛིན་ཚངས་དབྱངས་རྒྱ་མཚོ》སོགས་དཔེ་ཆ་བཅུ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།