ང་དང་འབྲེལ་བའི་མི་བུ་དག ཚེ་དཔག་སྐྱབས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གཅིག

རྨོ་བོ་ལགས་འདས་སོང་། ང་ལ་སྐྱོ་ཤས་ཕྲ་མོ་ཞིག་ལས་སྣང་མེད་གཞན་མ་བྱུང་། ངས་སྣང་བ་འདི་བརྗོད་ཤེས་མ་སོང་། ཡིན་ནའང་ངས་སྐྱོ་སྣང་གི་རྣམ་འགྱུར་ཞིག་ཕྱིར་མངོན་པ་ཡིན། མི་ཚེ་ལས་གཏམ་ཚེ་རིང་ཟེར་བའི་དཔེ་ལྟར། གཞན་གྱིས་ཁོའི་རྨོ་བོ་འདས་རུང་། ཁོ་ལ་སྣང་བ་མི་འདུག་ཟེར་བའི་མིང་ངན་པ་ཞིག་འཁུར་མི་འདོད་པས་ཡིན། མཐོང་བ་ཙམ་གྱིས་སྡུག་འཁུར་བཞིན་པའི་སྣང་ཚུལ་ཞིག་བསྟན། ཉེ་འགྲམ་གྱི་མི་ཚང་མར་ཚོར་སྣང་ཆེན་པོ་མི་འདུག །ཚང་མས་བསོད་ནམས་ཆེ་བ་ལ་ཟེར། རྨོ་བོ་ལགས་ཚེ་ལས་འདས་དུས་དགུང་ལོ་དགུ་བཅུ་གོ་དྲུག་རེད། ང་ལོ་བཞི་བཅུ་ཏག་ཏག་ཡིན། ངའི་བུ་ནོར་བུ་དམའ་འབྲིང་དུ་འགྲིམ་བཞིན་ཡོད། བུ་ནོར་བུ་ག་ལེར་འཚར་ལོངས་འབྱུང་བཞིན་པ་མཐོང་སྐབས་སྤྲོ་སྣང་ཞིག་རིམ་གྱིས་འཕེལ་ཡོང་།

གནངས་ཉིན་རྨོ་བོ་ལགས་ཀྱི་གཤིན་སྐར་རེད། ཉིན་དེ་ནས་བཟུང་རྨོ་བོ་ལགས་ངའི་དྲན་ཤེས་སུ་མ་གཏོགས་འཇིག་རྟེན་འདི་ནས་རྦད་དེ་བྲལ་ཟིན། ཇི་སྲིད་བར་དུ་ང་དང་ཁ་བྲལ་བ་རེད། བསམ་བློ་ཞིབ་པར་བཏང་ཚེ། སེམས་གཏིང་ནས་སྐྱོ་སྣང་ཞིག་འཕྱུར་ནས་མིག་མཐར་མཆི་མ་འཁོར་ཡོང་། ང་སྐྱེས་དུས་རྨོ་བོ་ལགས་དགུང་ལོ་ལྔ་བཅུ་ང་དྲུག་རེད། ཡིན་ནའང་རྨོ་བོ་ལགས་ནི་མི་ཧུར་པོ་ཞིག་ཡིན། ཁོང་གིས་ང་ལོ་བརྒྱད་ལོན་པའི་བར་བསྙོར་ཞིང་། ལོ་དྲུག་ལ་སླེབས་པའི་བར་ང་ཁུར་ནས་ཉིན་ལྟར་བླ་བྲང་ལ་སྐོར་ཕྱག་ཏུ་ཕྱིན། དགུང་ལོ་བརྒྱད་ཅུ་གྱ་གྲངས་ཡིན་དུས་ངས་ཁོང་ཁྲིད་ནས་བླ་བྲང་དུ་སྐོར་བ་བྱེད་སྐབས། ཐང་ཆད་འགྲོ་སྙམ་ནས་མཆན་འོག་ནས་སྐྱོར་རྩིས་བྱས་ན་མོས་ངའི་ལག་པ་ཕར་ལ་གཡུགས་ཏེ། ང་སྐྱོར་མི་དགོས། གཞན་གྱིས་ང་ནི་ནད་པ་རེད་འདོད་སྲིད་ཅེས་ང་ལ་གཤེ་གཤེ་གཏོང་། སྐབས་རེར་མོས་སྐོར་ལམ་དུ་བྱིས་པ་པྲ་ཚག་ཅིག་ནང་བཞིན་རྒྱུག་ཤར་ཏོག་ཙམ་གློད་ཀྱང་སྲིད། མཐར་ངེད་གཉིས་སྐར་མ་ལྔ་དྲུག་ཙམ་སོང་རྗེས་དུས་ཚོད་ཕྱེད་ཙམ་ལ་ངལ་གསོ་དགོས་ཀྱི་ཡོད།

ངའི་རྨོ་བོ་ལགས་ཀྱི་མི་ཚེ་འདི་ལྟར་རྫོགས། ཡང་གཅིག་བཤད་ན། འཇིག་རྟེན་སྟེང་གི་ཆེས་སྤྱིར་བཏང་གི་མི་ཞིག་གི་ཚེ་སྲོག་འདི་ལྟར་མཇུག་རྫོགས་པ་རེད། ང་དང་ངའི་དགའ་ཉེ་སྤུན་མཆེད་ཕུད་པའི་མི་སུ་ལའང་ཉམས་སྣང་མེད་ལ་སྐྱོ་བ་མེད། ཡང་བྱས་ན་ཉིན་ཞིག་སྐོར་ལམ་གྱི་སྐོར་བ་གསོག་མཁན་བགྲེས་སོང་དེ་དག་གིས་ཁོ་ཡུན་རིང་ཞིག་ལ་མ་མཐོང་ཚེ། འདས་ཟིན་པ་མིན་ནམ། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་དོགས་འདྲི་ཏོག་ཙམ་བྱེད་ཀྱང་སྲིད།

སྐབས་འདིར་ཁྱམས་རའི་པང་གཅལ་གྱི་ཙིར་སྒྲས་ངའི་དྲན་གདུང་གི་བར་མཚམས་བཅད་སོང་། བུ་ནོར་བུ་ངའི་ཕྱོགས་སུ་ཡོང་བཞིན་འདུག །རྐང་འཇབ་ལག་འཇབ་ངང་ཡོང་རུང་ངས་ཁོ་ཡིན་པ་ཤེས་ཀྱི་འདུགཉལ་ཁང་གི་སྒོ་དལ་མོར་ཕྱེ་སྟེ་ནང་ལ་འཛུལ། ཁོས་ངའི་མིག་དམར་པོར་ཆགས་པ་མཐོང་སོང་བ་འདྲ། ཅི་ཞིག་ཤོད་དགོས་བསམས་རུང་ཤོད་མ་ཤེས་པར་ཐད་ཀར་ངའི་འཁྲིས་སུ་བསྡད། གོ་མེད་ཚོར་མེད་ངང་ཁོ་ང་ལས་རིང་བ་ཆགས་འདུག །ཁོའི་ཨོལ་མར་ཐར་ཐོར་དུ་སྐྱེས་པའི་སྨ་ར་མཐོང་སྐབས་འདི་ནི་དམར་འབྱར་ཡིན་དུས་ངས་རྟག་པར་པང་ལ་འདེབས་དགོས་པའི་བུ་ནོར་བུ་ཡིན་པར་སོམ་ཉི་བྱུང་།

ཁོ་ངའི་འཁྲིས་སུ་ཁ་རོག་གེར་བསྡད། ཁོས་ང་ལ་སེམས་ཁྲལ་བྱེད་བཞིན་པ་ཤེས་རུང་། སྣང་ཚུལ་འདི་འདྲའི་འོག་སྐྱེས་པ་གཉིས་ཀྱིས་ཅི་ཞིག་ལབ་དགོས་སམ། བཤད་ཤེས་མ་སོང་། སྐབས་རེར་ཅི་ཡང་མི་སྨྲ་བ་ནི་ཅི་ཡང་སྨྲས་པ་ལས་ཀྱང་ལྷག

ཉི་འོད་ཀྱིས་དྲ་མ་བརྟོལ་ནས་པང་གཅལ་དུ་འཕྲོས། རྡུལ་ཕྲན་ཡར་ལ་འཕྱུར་བཞིན་འདུགངའི་བསམ་བློའང་རྡུལ་ཕྲན་བཞིན་རང་དབང་ན་མི་འདུག

འདས་ཟིན་པ་མདང་དགོང་གི་རྨི་ལམ་བཞིན་དབྱེ་དཀའ། རྨོ་བོ་ལགས་དགུང་ལོ་གྱ་བཞི་ནས་འཆོལ་སོང་། ཁོང་གིས་རྨི་ལམ་དང་མངོན་སུམ་འབྱེད་མི་ཐུབ་པའི་གནས་སུ་ལྷུང་། ཉིན་ཞིག་ངེད་གཉིས་ཁྱམས་རར་ཉི་མར་ལྡེ་སྐབས། ཁོང་གིས་མདང་དགོང་ཁྱོད་ཀྱི་ཨ་མ་དང་ངེད་གཉིས་ནགས་ཚལ་སྟུག་པོ་ཞིག་བརྒལ་བ་ཡིན་ཞེས་བཤད་བྱུང་། རྨོ་བོ་ལགས་འཆོལ་བ་ནས་བཟུང་། ཁོང་གི་ཉམས་པ་མེད་པའི་དྲན་པ་ནི། དགུང་ལོ་ཉེར་བཞིར་སླེ་བོ་ཁུར་ཏེ་རྐང་ཐང་དུ་ལྷ་སར་སོང་བ་ཁོ་ན་རེད། ཁོང་དང་མཉམ་དུ་ཉི་མར་ལྡེ་སྐབས་རྟག་པར་གླེང་སྲིད་པས། ངས་ཀྱང་ཉན་ཉན་ནས་ལན་རེར་སུན་སྣང་སྐྱེས་ཡོང་། དེ་རིང་ཁོང་གིས་ནགས་སུ་ཕྱིན་པའི་འདས་དོན་ཞིག་དྲན་པ་རེད་འདོད་སྐབས་དཀའ་ལས་ཆེན་པོ་ཁག་བྱུང་། དོར་མ་ཡང་བརླན་སོང་ཞེས་མུ་མཐུད་དེ་བཤད་བྱུང་།

ཁྱེད་གཉིས་ཅིའི་ཕྱིར་ནགས་སུ་སོང་བ་ཡིན། རྨོ་བོ་ལགས་ཀྱིས་ཆུང་དུས་སྡུག་མང་པོ་མྱངས་སྟབས་ངས་དེ་ལྟར་དྲིས་པ་ཡིན།

འབུད་ཤིང་འཐུ་རུ་སོང་བ་ཡིན་ཞེས་འཚིག་པ་ཏོག་ཙམ་ཟ་ཞོར་བཤད།

དོ་ནུབ་ང་ཚོས་ཁྱེད་གཉིས་ཀྱི་བུད་ཤིང་བུས་ནས་དགོང་ཇ་བསྐོལ། བུད་ཤིང་གང་དུ་བཞག་ཡོད་ཅེས་རྩེད་མཚར་ངང་བཤད།

མི་ཤེས། ཁྱོད་ཀྱི་ཨ་མར་དྲིས། ངས་དོར་མ་བཀྲུས་པ་ཡིན་ཞེས་རྦད་དེ་འཚིག་པ་ཟོས་སོང་།

ཨ་མས་མ་ཁང་ནས་ངེད་གཉིས་ཀྱི་ཁ་བརྡ་གོ་ནས་ང་བོས་བྱུང་།

ང་ཚོམས་ཁང་དུ་སླེབས་སྐབས་ཨ་མས་རྨོ་བོ་ལགས་འཆོལ་ནས་འཆོལ་གཏམ་བཤད་པ་རེད། མདང་དགོང་བཤང་གཅི་མ་ཚོགས་པ་རེད། ང་གཉིད་སད་དུས་རྨོ་བོ་ལགས་ཡར་ལངས་ནས་འཁྲུད་བཞིན་འདུག་ཅེས་བཤད་བྱུང་།

གཉིས།

རྨོ་བོ་ལགས་རྦད་དེ་འཆོལ་བ་ནས་བཟུང་། ངའི་ཡང་ཚ་དང་འགྲོགས་རྒྱུར་དགའ་ལ། ཁོ་ཚོས་རྔན་པ་ཟ་སྐབས་ང་ལའང་ཏོག་ཙམ་སྦྱིན་དང་ཞེས་ལག་པ་བསྲིངས་ནས་སློང་སྲིད། ཁོ་ཚོས་མ་སྦྱིན་ཚེ་ཁོང་འཚིག་པ་ཟོས་ནས་ཕར་ལ་སོང་ཞེས་བཤད། ངས་ཁོང་གི་རླུང་ཞི་བའི་ཆེད་དུ་རྨོ་བོ་ལགས་ཁྱེད་བསོད་ནམས་ཆེན་པོ་རེད། ལྟོས་དང་། འདི་དག་ཚང་མ་ཁྱེད་ཀྱི་བུ་རབས་ཚ་རྒྱུད་རེད་ཅེས་བརྗོད་སྐབས་ཁོང་གིས་ལག་གཡས་པས་གཡོན་པའི་དཔུང་ཚིགས་དང་། གྲུ་མོ། མཁྲིག་མ། ལག་མགོ་བཅས་ལ་རེག་ཙམ་བྱས་ནས་ལག་མགོ་ནས་ཕུད་ཚེ་ང་དང་ཁྲག་གི་འབྲེལ་བ་ཡོད་མ་རེད་ཅེས་བཤད། སྐབས་དེར་ངས་ཅི་ཞིག་ལན་འདེབས་དགོས་པ་ཤེས་མ་སོང་།

གློ་བུར་དུ་སྒོ་ཁྱིའི་ཟུག་སྐད་ལྷང་ལྷང་བྱེད། བུ་ནོར་བུས་སྐེ་བསྲིངས་ཏེ་དྲ་མ་ནས་ཕྱིར་ལྟ་སྐབས་ཨ་མྱེས་ཉི་མ་སླེབས་སོང་ཞེས་བཤད་པས། ངས་ཁྱོད་སོང་ནས་ཨ་མྱེས་ཉི་མར་སྣེ་ལེན་ཞུས་དང་། ང་མགྱོགས་པོར་སླེབས་ཡོང་ཞེས་བཤད།

སྒོ་ཕྱེ་ནས་ཕྱིར་དོན་སོང་། ཁོའི་ཕྲ་ཞིང་རིང་བའི་རྒྱབ་གཟུགས་མཐོང་སྐབས། ཁོའི་ལོ་ཚོད་དུ་ངས་སློབ་བྱོལ་རྐྱང་བྱས་པ་དྲན་བྱུང་། ཁྱིམ་ནས་དཔེ་ཁུག་དང་བྲོ་ཁ་སྤྲད་དེ་མངགས་ཀྱང་ལམ་བར་ནས་བསང་ཆུའི་ངོགས་ཀྱི་བྲག་ཁུང་ཞིག་ཏུ་ཡིབ་སྟེ་གཅིག་པུར་ཁེར་རྩེད་བྱས་ནས་བསྡད། མདུན་གྱི་བསང་ཆུ་དྲག་ཏུ་རྒྱུག་བཞིན་ནམ་ཡང་ཕྱིར་མིག་མི་ལྟ་བ་འདྲ་ཞིག་འདུག་རུང་། ང་ལ་མཚོན་ན་ནམ་ཟླ་ནི་ཅི་ལྟ་བུའི་འགྲོས་དལ་བ་ཞིག་རེད་ཨང་། སྐབས་སྐབས་སུ་ང་དང་འདྲ་བའི་སློབ་བྱོལ་བྱེད་མཁན་འགའ་ལའང་འཕྲད་སྲིད། སློབ་གྲྭ་གྲོལ་སྐབས་ང་ཚོ་ལྐོག་ཏུ་བསྐུངས་ཏེ། སློབ་གྲོགས་ཚོ་དང་འགྲོགས་ནས་ཁྱིམ་ལ་ལོག །སྐབས་དེ་དུས་ང་ལ་མཚོན་ན་སློབ་གྲྭ་ནི་དམྱལ་བ་རང་རེད། ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་ཡིད་ལ་འཁོར་མྱོང་མེད་ལ། ངེད་ཚང་ལ་ཡིག་ངོ་ཆོད་མཁན་མེད། ཕྱུགས་ལས་ལ་བརྟེན་ནས་མི་རབས་ནས་མི་རབས་བརྒྱུད་པ་རེད།

དེ་དུས་ཚང་མ་དབུལ་བོ་རེད། རྨོ་བོ་ལགས་དང་འདྲ་བའི་རྒན་མོ་དག་གིས་སྐེད་ལ་རས་ཀྱིས་བཙེམས་པའི་དངུལ་ཁུག་རེ་བཏགས། དེའི་ནང་དུ་ལྡེབ་རྩིག་ལེགས་པོ་བརྒྱབ་པའི་ཁེར་ལོར་གཉིས་ལོར་རེ་ཟུང་དང་སྒོར་ཟུར་འགའ་ལས་མེད། ལོ་སར་དང་དུས་ཆེན་གྱི་སྐབས་སུ་ཚི་དྲེག་ཆགས་པའི་དངུལ་ཁུག་སྐེ་ཁུང་ནས་བཏོན་ཏེ་བུ་ཚར་སྒོར་ཟུར་རེ་སྤྲོད་སྲིད།

ང་བུ་ནོར་བུ་ལས་ཆེ་ཙམ་ཆགས་དུས་ནང་མི་ཚང་མ་འུ་ཐུག་པ་འདྲ། ང་ལ་དེ་རིང་ནས་ཁྱོད་སློབ་གྲྭར་འགྲོ་མི་དགོས་ཟེར། ང་ལ་ཅི་ཞིག་ལས་ཐར་བའི་ཚོར་བ་ཞིག་བྱུང་རུང་། དུས་ཡུན་རིང་པོ་མ་སོང་བར་ལས་ཅི་ཡང་མེད་པའི་ང་ལ་ཆོ་མེད་ཉོབ་སྣང་ཞིག་འཕེལ། ག་ལེར་ང་དང་འདྲ་བའི་ལས་མེད་མགོ་སྟོང་ཚོ་རྫོང་ཐོག་ནས་འཛོམས། ཐ་མག་འཐེན་པ་མ་ཟད་ཆང་རག་འཐུང་བར་ཡང་གོམས། ངའི་སྣང་བར་ཁ་ནས་དུ་བ་གློད་པ་དང་ཨ་རག་ཞབས་དག་རྒྱག་པ་ནི་གཞོན་པའི་ཉམས་ལྡན་ཞིང་རྫིག་པོ་འདུག་སྙམ། སྐབས་དེར་ངས་རྫོང་ཐོག་གི་གྲོགས་པོ་ཞིག་ལBBཅི་ཞིག་གཡར་ནས་ཉིན་མཚན་མེད་པར་དེ་རྐེད་ལ་བཏགས། ན་ཟླ་ཚོའི་ཁྲོད་ནས་ཡང་ཡང་བཏོན་ནས་ལྟ་ཁུལ་བྱེད་དུས་ཁོ་ཚོའི་ཡིད་སྨོན་གྱི་མིག་མདངས་ལས་ངའི་སྣང་བ་ཇེ་མཐོར་སོང་།

སྟག་ཤ་རའི་སྣང་བ་མཐོ་དུས་ངས་ཐ་མག་འཐེན་ཤེས་ལ་ཨ་རག་འབྱོངས་ཐུབ། ཉིན་མཚན་ལྡོག །ད་དུང་ཕོ་ཉམས་མི་འདུག་སྙམ། རྒྱན་བཞག་ནས་རྒྱལ་ཚེ་གཞི་ནས་སྤོབས་པ་ཞིག་རྒྱས་ཡོང་།  དེ་ནས་བཟུང་། ང་ཚོས་ཆང་ཁང་ནས་གྱོད་བཙལ་ཏེ་རྒྱན་འཇོག་པ་དང་མིག་ལ་མི་རན་མཁན་ལ་བརྙས་བཅོས་བྱས། ཇོ་བོ་རིན་པོ། ལྷ་སའི་ཇོ་བོ། གྲྭ་ཚང་སྟོང་ཕྲག །ཡུམ་དུམ་པ་ཞེས་དོན་དག་ཡོད་ན་མེད་ན་ཚིག་རེའི་སྣེ་ལ་མནའ་རེ་བསྐྱལ། རྡུང་རེས་རྒྱག་རེས་མང་དུ་བྱས། ལུས་དང་མགོ་ལ་རྨ་ཤུལ་བཏོད་ཀྱང་རྨ་ཤུལ་ནི་ཕོ་གསར་གྱི་མཚོན་རྟགས་སུ་བསྒོམས།

ཡིན་ཡང་ང་ཚོ110གི་ཉེན་རྟོག་པར་སྐྲག །ང་ཚོས་རྒྱན་བསྐུགས་རྗེས་ཉེན་རྟོག་པ་སླེབས་པས་གང་སར་བྲོས། རྫོང་ཐོག་ནས་འབྲོ་སའི་ཨུ་ཁུང་ཞིག་ཀྱང་རྙེད་དཀའ།

མཚན་ཞིག་ང་རང་བཟི་མ་དྭངས་གོང་དགོན་པའི་གྲྭ་ཤག་གི་སྲང་ལམ་དུ་བྲོས་པ་ཡིན། ནག་རོག་གེའི་སྲང་ལམ་སྡོམ་ཐག་དང་འདྲ་བས་ཁོ་ཚོ་མགོ་འཐོམས་སོང་། ཁོ་ཚོས་སྲང་མདོ་ནས་བསྒུགས་ནས་འདུག །

ཁོ་སྲང་མདོར་ཡོང་ཁོ་ཐག་རེད་ཟེར་བ་ཐོས་སྐབས་ང་དངངས་འཚབ་ངང་གྲྭ་ཤག་ཅིག་གི་སྒོ་རར་མཆོངས་ནས་གཉིད་ལ་ཤོར། སྐྱ་རེངས་མ་ཤར་མཚམས་ལ་ཨ་རོག །ཨ་རོག་ཅེས་ཚོགས་ལ་འགྲོ་བའི་ཨ་ཁུས(སྐུ་གཞོགས)ངའི་རྐང་པར་རྡོག་པས་གཞུས་ནས་གཉིད་ལས་བསླངས། ཁྱོས་འདིར་ཅི་ཞིག་བྱེད་བཞིན་ཡོད་ཅེས་སྡིགས་མོ་བྱེད།

ཨ་ཁུ། མདང་དགོང་བཟི་ནས་འདིར་ཅི་བྱེད་ཡོང་བའང་མ་ཤེས་ཞེས་གཉིད་མ་སད་ཀྱིས་ལན་བཏབ།

ཨ་ཁུ་ཁོང་ཁྲོ་ལངས་ནས་མར་སོངས།མར་སོངས་ཞེས་ང་རང་སྒོ་ཕྱིར་ཕུད།

དེ་ནས་བཟུང་ང་ཚོས་འབྲོ་ས་ཡག་པོ་ཞིག་རྙེད་སོང་། དེ་ནི་དབྱར་ཁ་ཞིག་ཏུ་བྱུང་བའི་གནས་ཚུལ་རེད།

གསུམ།

སྐྱེས་པ་ཞིག་འཚར་ལོངས་བྱུང་ནས་གོ་རྟོགས་ངེས་ཅན་ཞིག་ཏུ་སླེབས་རྗེས་གཞི་ནས་འཚོ་བར་བསམ་བློ་གཏོང་བཞིན་འཁོར་བ་སྐྱོང་དགོས་པ་ཤེས། དེ་ཡང་མི་ཚེའི་འགྲོ་སྟངས་ཤིག་རེད།

བུ་ནོར་བུ་སྐྱེས་པ་ནས་བཟུང་། ངའི་མི་ཚེའི་ཁྲོད་ཀྱི་བཀྲ་མ་ཤིས་པ་དང་། སྡུག་བསྔལ་བ། ཕོག་ཐུག །བློ་འགྱོད་གང་ལ་འཕྲད་རུང་། བུའི་ཆེད་དུ་ཐམས་ཅད་བཟོད་བསྲན་སྒོམ་དགོས་སྙམ། འཇིག་རྟེན་གྱི་ཕ་མ་ཚང་མ་གཅིག་འདྲ་རེད། སུས་ཀྱང་རང་གི་བུ་ཕྲུག་སྡུག་ལ་སྦྱར་མི་སྲིད། གལ་ཏེ་ངས་ཡིག་རྨོངས་ཀྱི་གྱོང་བཟོས་ཚེ། མི་རབས་རྗེས་མ་ངའི་ལམ་རྙིང་དུ་འགྲོ་རུ་ག་ལ་འཇུག །ཡོན་ཏན་མེད་ན་གྲོང་ཁྱེར་ཞིག་ནས་སྤྱོད་ཁང་ཡང་རྙེད་མི་སྲིད། འདི་ནི་ང་ལ་ཕོག་པའི་སྣ་སུན་རེད།

ཁྱི་སྐད་ཡང་བསྐྱར་གྲག་བྱུང་། དབེན་འཇགས་ཀྱི་མཁའ་དབུགས་གཏོར། ཁྱིས་མཆེ་བ་གཙིགས་ཤིང་ལྕགས་ཐག་འཐེན་ནས་ཨ་ཞང་གི་སྟེང་ལ་མཆོང་བཞིན་འདུག །སྤོ་བོ་ཉི་མ་ངའི་ཨ་ཞང་རེད།ངའི་ཨ་མར་བསྡོམས་པས་མིང་སྲིང་བདུན་ཡོད། ད་ལྟ་ང་ལ་ཨ་ཞང་ཉི་མ་མ་གཏོགས་མེད། ཨ་ཞང་ཆུང་ཤོས་ཚེ་ལས་འདས་དུས་སྔ་ལྟས་ཅི་ཡང་མི་འདུག་པར་ན་ཚ་དང་བར་ཆད་གཞན་གང་ཡང་བྱུང་མེད།

ཚེ་ལས་མ་འདས་གོང་གི་ལོ་ཕྱེད་ཙམ་དུ་ཨ་ཞང་ཕ་ཡུལ་དུ་ལོག །བསང་ཆུ་རྫོང་གི་ལས་ཁུངས་ཤིག་གི་སྒོ་སྲུང་བ་བྱས། ཟླ་བཞི་ཙམ་སོང་རྗེས་ལས་ཁུངས་ཀྱི་མགོ་ཁྲིད་དང་གཞུང་ལས་པ་ཚང་མའི་གདེང་འཇོག་བཟང་པོ་ཐོབ། ལས་ལ་བརྩོན་པའི་སྒོ་སྲུང་བ་ཞིག་རེད་ཟེར། ཡིན་ནའང་ཨ་ཞང་གིས་གློ་བུར་དུ་སྒོ་སྲུང་བའི་ལས་ཀ་མཚམས་བཞག །ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་ཨ་ཞང་བཙལ་ནས་རེ་བ་བཏོན་རུང་ཁོང་གིས་ཁས་མ་བླངས། རྨོ་བོ་ལགས་ཀྱིས་ཤེས་རྗེས་ཨ་ཞང་གིས་རྐུ་འཕྲོག་འདྲ་བྱས་ཡོད་དམ་ཞེས་སེམས་ཁྲལ་བྱས།

རྗེས་སུ་ཨ་ཞང་གིས་རྨོ་བོ་ལགས་ལ་ཁོང་མི་ཚེ་གཅིག་རིང་གཞན་ཡུལ་ཁོ་ནར་འགྲིམ་རུང་། སྟོད་ཉི་མ་ལྷ་སར་ཐེངས་གཅིག་ཀྱང་འགྲོ་མ་མྱོང་། ལྷ་སའི་ཇོ་བོ་རིན་པོ་ཆེ་ཐེངས་ཤིག་མཇལ་འདོད། ད་རེས་ཡིན་གཅིག་མིན་གཉིས་ཇོ་བོར་མཇལ་དུ་འགྲོ་རྒྱུའི་ཐག་བཅད་ཟིན་ཞེས་བཤད་དུས་རྨོ་བོ་ལགས་ཀྱང་དགའ་ཐག་ཆོད། ཆ་སྒམ་ནས་རས་ཆས་བཏུམས་པའི་བརྒྱ་ལོར་ཞིག་ཨ་ཞང་ལ་སྤྲད་དེ། ཇོ་བོའི་མདུན་ལ་མཆོད་མེ་ཀོང་བུ་ཞིག་འབུལ། འདི་ངའི་ཆོས་སྐལ་ཡིན་ཞེས་བཤད།

རྨོ་བོ་ལགས་ཀྱི་བློ་ངོར་ལྷ་སར་ལམ་ཐག་ཤིན་ཏུ་རིང་། དོན་དངོས་སུ་མེ་འཁོར་གྱི་ཉིན་མཚན་གཅིག་རེད། ཨ་ཞང་གི་སྤ་སེའང་ངས་ཉོས་པ་ཡིན། ལམ་ལ་ཆས་པའི་ཉིན་དེར་ང་ཚོས་ཨ་ཞང་ལ་སྐྱེལ་མ་ཞུས། ཨ་ཞང་གིས་སྟོད་ཐུང་ཉི་ཙི་ནག་པོ་པུས་མོར་ཡོལ་ཙམ་ཞིག་དང་། དོར་མ་སྐྱ་སྐྱ་ཞིག །འཇུར་རྟ་གྱོན་འདུག །འཇུར་རྟ་དེའི་མིང་ལ་ང་ཚོས་ཏཱ་ཐིག་ཧའེ་ཞེས་བརྗོད། ཆུང་དུས་དར་སྲོལ་ཅན་གྱི་ལྷམ་ཞིག་རེད། ང་ཚོས་ཁོང་རླངས་འཁོར་འབབ་ཚིགས་སུ་བསྐྱལ་རྗེས། ཨ་ཞང་གི་རྒྱབ་གཟུགས་ལ་ལྟ་བཞིན་རྨོ་བོ་ལགས་ཀྱིས་ཕུ་ཐུང་གིས་མཆི་མ་འབྱིད་བཞིན་འདུག

ཟླ་ཕྱེད་ཙམ་གྱི་རྗེས་སུ་ཨ་ཞང་ཕ་ཡུལ་དུ་ལོག །ཡིན་ནའང་། ཐད་ཀར་ཕ་ཡུལ་དུ་མ་ཡོང་། ལན་ཇུ་ནས་གཙོས་གྲོང་ཁྱེར་ལ་ཕྱིན་ནས་ཞག་གཅིག་བསྡད་རྗེས་ཁ་གྱར་ཕྱིན། དང་ཐོག་རྨོ་བོ་ལགས་ཀྱི་མ་ཁྱིམ་ལ་ཕྱིན་ནས་ཞག་ཁ་ཤས་བསྡད། དེ་ནས་ཨ་ཞང་ཉི་མའི་ཁྱིམ་ལ་ཕྱིན་པ་དང་ཨ་ཞང་ཉི་མས་ཉིན་ཁ་ཤས་ཉར་རྩིས་བྱས་རུང་། ཨ་ཞང་ཆུང་བས་ང་ད་དུང་ཨ་ཅེ་དང་སྲིང་མོའི་རྩར་འགྲོ་དགོས་ཞེས་བཤད་ནས་ཁ་མ་ཉན། མཐར་ཨ་ཞང་ཆུང་བ་སྲུ་མོ་ཆེ་བའི་ཁྱམས་ར་ནས་ཀླད་རྩ་བརྡོལ་ནས་འདས།

ཨ་ཞང་འདས་སོང་། ཁོའི་སྟོད་ཕུད་ནང་ཇོ་བོའི་ན་བཟའ་ཞིག་འདུག །ཨ་མའི་མིང་སྲིང་ཚོས་ན་བཟའ་དེ་རྨོ་བོ་ལགས་ལ་ཇི་ལྟར་སྤྲོད་དགོས་པ་མ་ཤེས། རྨོ་ལགས་ཀྱིས་ཨ་ཞང་ཆུང་བ་ཕ་ཡུལ་དུ་ལོག་པ་ཤེས་ཡོད། གནས་ཚུལ་དེ་ངས་བཤད་པ་ཡིན། འདས་མཆོད་ལ་ཀར་ཀོར་བྱེད་མི་ཉན་པས།ཨ་མས་ན་བཟའ་ཁྱེར་ནས་ཁྱམས་རར་མ་ཎི་སྐོར་བཞིན་པའི་རྨོ་བོ་ལགས་ཀྱི་སར་ཕྱིན་ཏེ། འདི་གཅེན་པོ་དྲིན་ཆེན་པོ་ཡིས་ཁྱེད་ལ་སྤྲོད་ཅེས་བཤད།

རྨོ་བོ་ལགས་ཀྱིས་རྣ་བ་བླགས་ནས་ཅི་ཞིག་ཅེས་སོ་སོའི་རྣ་བར་ཡིད་མ་ཆེས་པ་འདྲ། བསོད་ཟད་མ་འདིས་ཅི་ཟེར་ཞེས་ཨ་མར་སྡིགས།

འདི་ཇོ་བོའི་ན་བཟའ་རེད། གཅེན་པོ་དྲིན་ཆེན་པོས་ལྷ་ས་ནས་ཁྱེར་ཡོང་བ་རེད་ཅེས་ཨ་མས་མིག་མཐར་མཆི་མ་འཁོར་བཞིན་ནན་གྱིས་བཤད་སོང་།

གཏམ་ངན་ཐོས་རྗེས་ཁོང་གིས་ཅི་ཡང་བཤད་མ་སོང་། དལ་གྱིས་མིག་རྡེབ་པ་ལས་ཚོར་སྣང་ཅི་ཡང་མི་འདུག །མིག་རྡེབ་པའི་སྐད་ཅིག་ཉིད་དུ་ངས་ཁོང་གི་ཚེ་སྲོག་གི་འོད་སྣང་ཡལ་བ་ཚོར་བྱུང་། མདུན་ལ་ཅེར་ཏེ་མ་ཎི་སྐོར། གཅེས་པར་འོས་པའི་བུ་འདི་ལྟར་འདས་པ་ནས་བཟུང་། སྨྲ་བརྗོད་ཇེ་ཉུང་དུ་སོང་།

རིམ་གྱིས་རྨོ་བོ་ལགས་སྒོ་རྩར་ཡང་འགྲོ་མ་ཐུབ། ཉལ་ཁྲི་ནས་མགོ་གཡུགས་ཏེ་ཡར་ལངས་འདོད་མི་འདུག་ཟེར། རྨོ་བོ་ལགས་འདས་པའི་བར་དུ་མལ་སར་ལྷུང་། ཉིན་ཞིག་གི་སྐྱ་རེངས་ཤར་ལ་ཉེ་བའི་སྐབས་སུ་ཨ་མས་དབུགས་ཧལ་བཞིན་ངའི་ཉལ་ཁང་གི་དྲ་མར་རྡུང་བཞིན་མགྱོགས་པོ་ཡར་ལོངས། རྨོ་བོ་ལགས་དཀའ་མོ་རེད། རེམ། རེམ་ཞེས་ང་བོས་བྱུང་། ང་རྨོ་བོ་ལགས་ཀྱི་གཟིམ་ཁང་དུ་སླེབས་རྗེས་རྨོ་བོ་ལགས་ཀྱི་གདོང་གི་སྐྱི་ལྤགས་ནག་པོར་གྱུར་ཅིང་མཁུར་ཚོས་དང་སོ་མེད་པའི་མཆུ་ཏོ་བརྡིབས་ནས་ཀོང་ཀོང་དུ་ཆགས་ཤིང་། མིག་གི་མདངས་ཀྱང་ཉམས་འདུག །ཁོང་གི་ཕྲ་ཞིང་ཞིབ་པའི་དབུགས་ཀྱང་ག་ལེར་ཆད་འགྲོ་སྐབས་སྐྲག་སྣང་ཞིག་ངའི་སྙིང་རྩ་ནས་ཁྲག་རྩ་བརྒྱུད་དེ་ལུས་པོ་ཡོངས་སུ་ཁྱབ། འཆི་བ་ནི་འདི་ལྟར་འཇིགས་སྐྲག་ཆེ་བ་ཞིག་རེད།

གལ་ཏེ་རྨོ་བོ་ལགས་ཀྱི་རྣམ་ཤེས་ད་ལྟ་ངའི་འཁྲིས་སུ་ཡོད་ཚེ། ངས་ཁོང་ཚེ་ལས་འདས་པར་སེམས་སྡུག་བྱེད་པ་མཐོང་སྐབས་སྡུག་བསྔལ་སྐྱེས་སྲིད། རྒྱུ་མཚན་ནི་ཆུང་དུས་ཁོང་གིས་ང་ཁྲིད་ནས་རི་ཁྲོད་དུ་གསུར་འབུལ་དུ་འགྲོ་སྐབས། གཟབ་མཆོར་སྤྲ་ནས་སེམས་པ་དགའ་དགའ་བྱོས། དེ་ལྟར་བྱས་ཚེ་དུར་ཁྲོད་ཀྱི་ཕ་མེས་ཡང་མེས་ཚོའི་རྣམ་ཤེས་ཀྱིས་མཐོང་སྐབས། ངའི་མི་རྒྱུད་ཀྱི་འཁོས་ཀ་ལེགས་པོ་བྱུང་འདུག་སྙམ་ནས་དགའ་པོ་འབྱུང་སྲིད་ཅེས་ང་ལ་གླེང་མྱོང་།

འཆི་བ་ནི་འཇིགས་སུ་རུང་བ་ཞིག་རེད། ཡིན་ནའང་རྨོ་བོ་ལགས་ཀྱི་ངོས་ནས་བརྗོད་ན་ཐར་པ་ཞིག་རེད། དད་པའི་སྟོབས་ཀྱིས་མི་ཚེའི་གང་པོར་ཁ་ཏོན་དགེ་སྦྱོར་ལ་བརྩོན་གཤིས། ཚེ་ཕྱི་མ་དང་དུ་བླངས་པ་ནས་བཟུང་ཁོང་གིས་འཆི་བར་གྲ་སྒྲིག་ཨང་གསར་བྱས་ཡོད། ཁོང་མི་ཡུལ་ལ་ཞེན་ཆགས་ཅི་ཡང་ཡོད་མི་སྲིད།

བཞི།

ལ་ཁའི་ཉི་མ་ནུབ་ལ་ཉེ། ཁྱམས་རར་དུ་བ་སྲབ་མོ་ཞིག་འཁྱིལ་འདུག །ཨ་མ་མེ་ཏོག་ལྡུམ་རའི་འགྲམ་དུ་བཞག་པའི་གསུར་ལ་ཡང་ཡང་བལྟ་རུ་འོངས། ཉིན་གུང་དང་བསྡུར་ན་ད་ལྟ་ལྷིང་འཇགས་སུ་གནས་ཤིང་། ཐབ་ཚང་དུའང་འཇམ་ཐིང་ངེར་རེད་འདུག །ཨ་མཆོད་ཕྱིར་དགོན་པར་ལོག་ཅིང་མཆོད་ཁང་དུ་མཆོད་མེ་དམར་ལྷེམ་ལྷེམ་དུ་གཡོ་བཞིན་འདུག །མི་འགྱང་བར་སྡེ་བའི་རྒན་རྒོན་ཚོ་མ་ཎི་འདོན་དུ་སླེབས་རན་འདུག །

ཨ་ཞང་ཉི་མའང་ལོག་རན་འདུག །ཨ་ཞང་ཉི་མ་ནི་ཤ་རིད་ཅིང་ཐོད་པར་གཉེར་མས་ཁེངས་ཡོད། དབུ་སྐྲ་དུང་ལྟར་དཀར་རྐྱང་ཆགས་ཤིང་། རྐང་པའང་ཐང་པོ་མེད་སྟབས་འགྲོ་དུས་འཐེང་ཙམ་འཐེང་ཙམ་བྱེད། ཡིན་ནའང་ཁོང་ལ་ལག་བདེ་པོ་ཞིག་ཡོད་པས། ཤིང་བཟོ་བ་ཞིག་ཡིན། མཚམས་འདིར་ཏག་ཏག་བུ་ནོར་བུ་ང་འབོད་དུ་སླེབས་བྱུང་། ང་ཡར་ལངས་ནས་ཨ་ཞང་སྡེ་མདོ་རུ་སྐྱེལ་མ་ཞུས་པ་ཡིན། སྡེ་མདོར་སླེབས་དུས་ཨ་ཞང་གིས་མགྱོགས་པོ་ལོག །མ་ཎི་འདོན་མཁན་ཚོ་སླེབས་ཡོད་པ་རེད། ཁོང་ཚོར་སྣེ་ལེན་ཞུ་དགོས་ཟེར་སྐབས་གློ་བུར་དུ་ངས་རང་དང་འབྲེལ་བའི་མི་རྣམས་ལ་ག་ལེར་སྐྱེལ་མ་རྐྱང་ཞུ་བཞིན་འདུག་པའི་ཚོར་བ་དྲག་པོ་ཞིག་བྱུང་བས། བདེ་མོ་ཞེས་པའི་སྐད་ཆ་ངག་ནས་འཁྲོལ་མ་སོང་།

འཐེང་ཙམ་འཐེང་ཙམ་བྱས་ནས་འགྲོ་བའི་རྒྱབ་གཟུགས་མཐོང་སྐབས། ཨ་ཞང་གི་བཞིན་རས་ངའི་སེམས་ནས་ཡལ་ཐབས་མི་འདུག །ཉིན་ཞིག་ང་ཡང་ངའི་རྨོ་བོ་དང་། ཨ་ཞང་ཆུང་བ། ངའི་མེས་པོ་དག་དང་འདྲ་བར་མིག་བཙུམ་ངེས། ཤ་ཁྲག་གདོས་བཅས་ཀྱི་ལུས་སྟོབས་ལྡན་གྱིས་སྙིང་རྗེ་སྤུ་ཙམ་ཡང་མེད་པར་གཙབས་ནས་བྱ་རྒོད་ལ་གཡེང་། དེ་དུས་ངའི་སྙིང་ནས་ཕྱུང་བའི་བུ་ནོར་བུས་ཁོའི་མི་ཚེ་མཇུག་འགྲིལ་བ་སེམས་ལ་ངེས་སྲིད། ངའི་ཚ་བོ་ཚ་མོ་ཚོས་ཀྱང་ཡིད་ལ་འཁོར་ཙམ་འཁོར་ཙམ་བྱེད་སྲིད།

རིང་དུ་བཀྱེད་པའི་རྒྱབ་གཟུགས་ད་ལྟ་ངའི་མིག་ལམ་དུ་འཐེང་ཙམ་འཐེང་ཙམ་བྱེད་བཞིན་འདུག །ཨ་ཞང་གི་རྒས་ཤིང་འཁོགས་པའི་གཟུགས་པོ་དང་གཉེར་མས་ཁེབས་པའི་ངོ་གདོང་ནི་ལོ་ཟླའི་རྗེས་ཤུལ་ཡིན་པ་དྲན་དུས་སེམས་གཏིང་ནས་ངུ་རྒྱུ་ཞིག་སླེབས་བྱུང་། སྡེ་བའི་མིས་མཐོང་ཚེ་འཕྱ་བར་སྐྲག་ནས་གཞུང་ལམ་བརྒལ་ཏེ། ཐད་ཀར་བསང་ཆུ་འགྲམ་དུ་ཕྱིན་པ་ཡིན།

འཚང་ཁ་ཤིག་ཤིག་བྱེད་པའི་ཁང་པའི་གསེབ་ནས་འགྲོ་སྐབས། ཆུ་ཡུར་ནས་བཞུར་བའི་བཙོག་ཆུའི་དྲི་ངན་འཐུལ་བྱུང་། སྔར་ཐུར་གསེག་གི་ས་སྟོང་འདི་ནི་བཤས་ར་རེད། རྨོ་བོ་ལགས་དང་ངེད་གཉིས་རྟག་པར་འདིར་ནང་ཁྲོལ་འཐུ་བར་ཡོང་གི་ཡོད། སྟབས་ལེགས་དུས་གཞོགས་གཅིག་རུལ་བའི་ཤིང་ཏོག་ཁམ་བུ་སོགས་ཀྱང་བསྒྲུག་རྒྱུ་ཡོད། ད་ལྟ་ཁང་པས་ཁེངས་ནས་སྲང་ལམ་ཏོག་ཙམ་མ་གཏོགས་ས་སྟོང་པ་མི་འདུག །

བསང་ཆུར་ཆུ་རགས་བསྐྲུན་འདུག །ང་ཡུན་རིང་ཞིག་ལ་བསང་ཆུའི་འགྲམ་ལ་སླེབས་མི་འདུག །བསང་ཆུ་ནུབ་ནས་ཤར་ལ་བཞུར་བཞིན་འདུག་ཅིང་། ཉི་འོད་བསང་ཆུར་འཕྲོས་ནས་འོད་ཆེམ་ཆེམ་དུ་འཚེར། རྒྱང་རིང་ནས་བྱ་ཁུག་རྟ་འགའ་འཕུར་ནས་ཕྱིན་སོང་།

ལ་ཁའི་ཉི་མ་ནུབ་རུང་། ཉི་འོད་ད་དུང་ཤར་གྱི་རི་རྩེར་འཕྲོས་འདུག །སང་ཉིན་བུ་ནོར་བུ་ད་དུང་སློབ་གྲྭར་སྐྱེལ་དགོས་པས་བསྡུ་གསོག་རྒྱག་དགོས་པ་དྲན་ཏེ། ང་ཕྱིར་ལམ་དེད་ནས་ཁྱིམ་དུ་མི་ལོག་རང་ལོག་བྱུང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།