རྟ་ཐོག་སྤོ་ལོ།(ཞར་བཀོད་གཅིག) དཔལ་མོ་རྒྱལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྟ་ཐོག་སྤོ་ལོ།

དཔལ་མོ་རྒྱལ། 

གཅིག

རྟ་ཐོག་སྤོ་ལོ། དྲན་པའི་ལྡེབས་རིས་ལ་ཕབ་པའི་བསུབ་ཏུ་མེད་པའི་རི་མོ་ཞིག་རེད་ཨང་། རྟ་འདོ་བའི་བང་ལ་སྟག་ཤ་རའི་རྩལ་ཅན་གྱི་ཉམས་འདིའི་ཐོག་མའི་བྱུང་བ་ལ་སུས་སུ་ལ་རྒྱལ་ཕམ་གྱི་རྟིང་མ་མི་སྟེར་བས་ན། རྟ་འདོ་བ་ཁོ་ན་དྲང་བདེན་གྱི་གསུང་ཚིག་འབྱིན་མཁན་དེ་ཡིན་འོས།  

གནའ་བོའི་ཐང་བོད་ཀྱི་རྟ་ཐོག་སྤོ་ལོའི་ལྡེབས་རིས་ལས། རྟ་འདོ་བ་རླུང་གི་གཤོག་པ་ཅན། རྒྱུག་པ་མི་འདྲ་འཕུར་བ་འདྲ། འཕུར་ནས་བྱ་ལམ་ཟིན་པ་འདྲ་ཟེར་བའི་སྣང་བརྙན་དེ་འཆར་འོངས། འདོ་བ་དུང་བྱ་རྣ་ཁྲ། བྱ་རྟ་རླུང་གཤོག་སྔོན་མོ། ཤན་རྟ་དམར་ཆུང་། རླུང་རྟ་མཚལ་དམར། དུང་བྱ་རྣ་ཁྲ། བྱ་རྟ་རླུང་གཤོག གློག་རྟ་དམར་པོ། ཐང་དཀར་འཕུར་ཤེས། གླིང་གི་ལྷ་རྟ་རྣམས་ཀྱི་ཟིལ་ཤུགས་དང་དེ་དག་གི་ལྡེམ་མྱུར་དག་ཀྱང་སྤོ་ལོའི་འགྲན་སྡུར་ལ་ཞུགས་པའི་རྟ་མཆོག་དག་གི་སྣང་བརྙན་ལས་མངོན་པ་མིན་ནམ་སྙམ། མཇུག་མ་ཟླུམ་པོར་བཅིངས་པའི་ལྡེབས་རིས་ཀྱི་རྟ་ཐོག་སྤོ་ལོའི་སྣང་བརྙན་དང་དེ་ལ་བཅིབས་པའི་ཤ་རྩ་སྨུག་པོ་ཅན་གྱི་སྟག་ཤར་དག་གི་མཐོང་སྣེ་ལས། ངའི་སེམས་ཀྱི་དྲན་པ་ཕྲ་མོ་སླར་ཡང་ཚ་བས་མི་བཟོད་པའི་གནའ་བོའི་མཁར་གྲོང་ཞིག་ཏུ་སླེབས་སོང་། 

དེང་ཞི་ཨན་དུ་འབོད་པ། གནའ་བོའི་ཁྲང་ཨན་མཁར་ནི་ཆུ་ཆེན་པོ་ཝེ་ཧོ་དང་། རི་མཐོན་པོ་ཆིན་ལིན་དུ་འདབས་འབྲེལ་དུ་ཆགས་ཤིང་། ཐང་གི་དུས་ལ་མངའ་ཐང་ཆེས་ཆེར་དར་བའི་ཡུལ་གྲུ་ཞིག་ཡིན། ཆོས་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བློན་སྟག་སྒྲ་ཀླུ་ཁོང་དང་ཞང་མཆིམས་རྒྱལ་ཟིགས་ཤུ་ཐེང་གཉིས་ཀྱིས་སྣེ་ཁྲིད་པའི་རྟ་འདོ་བ་ལ་བཅིབས་པའི་གདོང་དམར་མང་པོ་ཞིག་ཟླ་ཕྱེད་ཀྱི་རིང་ལ་ཡུལ་འདིའི་མཁར་ཆེན་པོར་རྔམ་ཟིལ་གྱིས་འགྲེང་ཞིང་། ཚ་བས་མ་བཟོད་པར་ཕྱིར་འཐེན་བྱས་པའི་གཏམ་དང་ལོ་རྒྱུས་ཡོད། དེ་ཡི་བདེན་པའི་དཔང་པོ་ནི་ད་ལྟའང་པོ་ཏ་ལའི་མདུན་ན་རྔམ་བརྗིད་ཀྱིས་འགྱིང་ཞིང་འཇིག་ཏུ་མེད་པའི་ཞོལ་རྡོ་རིང་ཞེས་པ་དེའོ།། 

གཏམ་དང་བྱུང་བ་འདིའི་སྔ་རོལ་ཏེ། སད་མི་བདུན་རབ་ཏུ་མ་བྱུང་བའི་སྔ་རོལ། རིག་པ་དོན་གཉེར་གྱི་ལམ་ལུགས་མ་བྱུང་བའི་སྔ་རོལ། སྤྱི་ལོའི་དུས་རབས༨ནས༩བར། རིགས་ཀྱི་དཔོན་རིགས་དང་ཚོ་དཔོན་གྱི་བུ་ཚ་མང་པོ་ཞིག་རྒྱལ་ས་ཁྲང་ཨན་མཁར་གྲོང་དུ་རིག་པ་དོན་གཉེར་དུ་སླེབས་མྱོང་། དེ་དུས། ཀོ་ཙི་ཅིན་ཞེས་པ་རྒྱའི་གནའ་རབས་ཀྱི་རྒྱལ་གཞུང་གིས་བཙུགས་པའི་ཆེས་མཐོའི་སློབ་གྲྭ་དེ་འདི་རུ་ཡོད་པས་ཡིན། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་ཕྱོགས་བཞིའི་རྒྱལ་ཁབ་ཀྱི་བློ་གསལ་མང་པོ་ཞིག་གནས་འདིར་འདུས་པ་ལ། མི་གྲངས་བརྒྱད་སྟོང་ལྷག་ལ་སོན་པར་སྐད། སྙན་ངག་གི་གཞུང་དང་ཧྲང་ཧྲུའུ་སློབ་ཏུ་ཡོང་བའི་བོད་ཀྱི་སྐྱེས་པ་ཚོ་ཡང་ཆེས་མཐོའི་སློབ་གྲྭ་འདི་ལ་ཞུགས། ཐོག་མར་ཨ་གསར་གྱིས་ཀུན་ནས་བསླངས་པ་འདྲ་འདྲ་འདི། མཐའ་མར་གཙང་བོ་ཞིག་རྦད་དུ་ཆད་པ་དང་འདྲ་དོན་ཅི། ཚ་བའི་གདུང་བ་རབ་ཏུ་ལྕི་ཟེར་ན། གོང་མས་གནམ་འོག་གི་རུའུ་ལུགས་པའི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ཤིང་། ཐ་ན་མཁར་སྲུང་དམག་སྒར་དང་དམག་དཔུང་ལའང་དགེ་བའི་བཤེས་གཉེན་བསྐོས་ཏེ་གཞུང་འཆད་ཅིང་དཔོན་རིགས་སུ་བསྐོ་དགོས་པ་མཐའ་དག་ངེས་པར་དུ་གཞུང་ཆེན་པོ་གཅིག་གི་ཡན་ལ་ནང་བྱན་ཆུད་དགོས་པའི་སློབ་གསོའི་ལམ་ལུགས་འདི་རང་ཡུལ་ལ་དྲངས་མ་ཤེས་པ་ཅི། དེ་དུས་ནས་གཞན་དཔེ་ལག་བསྟར་གྱིས་སྐྱ་སེར་ཕོ་མོ་ཀུན་ལ་ཀོ་ཙི་ཅིན་ལྟ་བུའི་རིག་པའི་དོ་ར་ཞིག་བསྐྲུན་ཡོད་ཚེ་ཅི་འདྲ་ཞིག་ཡིན་སྲིད་ཨང་། རིག་པ་དོན་གཉེར་ལ་འཁོར་བ་ཡོངས་སུ་བློས་གཏོང་དགོས་དོན་ཅི། མཚམས་རེར་བསམ་གཞིག་གི་སྣེ་འདི་རི་དང་གཙང་བོས་མི་ཁོག་པར་འདི་ལྟར་ཤོར་འགྲོ། ལེ་བར་བརྒྱད་སྟོང་གི་མཚམས་ནི་མི་རྟ་གཉིས་ཀྱི་ཉིན་ཞག་ག་ཚོད་ཅིག་གི་ཚད་རེད་ཨང་། ལམ་སྐྱ་མོ་ཞབས་ཐང་གིས་གཞལ་བའི་མི་རྟ་གཉིས་ཁྲང་ཨན་མཁར་གྲོང་དུ་འབྱོར་དུས། སློག་པ་གྱོན་པའི་མི་བུ་དག་ལ་གཞན་གྱི་ཁྲེལ་དགོད་འཆོར་ཡོད་དམ། སྐྲ་ལོ་ཕྲག་ལ་དཔྱང་བའི་ཟིལ་ཤུགས་དེའི་གཟི་མདངས་ཉམས་ཡོད་དམ། ཟས་དང་གོས་དང་ལྟོགས་སྐོམ་གྱི་སྡུག་བསྔལ་མྱང་ཡོད་དམ། མྱང་ཡོད་དེ་ཅིས་ཀྱང་མྱང་ཡོད་སྲིད། མེད་ན། གངས་རི་དང་རྩྭ་ཐང་གི་དྭངས་བསིལ་གྱིས་གསོས་པའི་མི་བུ་དེ་དག་གིས་གངས་རི་དང་རྩྭ་ཐང་དྲན་ཚུལ། ཚ་ངད་ཀྱི་ཁུད་དུ་གཅུད་པའི་ཁྲང་ཨན་མཁར་གྲོང་གིས་འགོག་མ་ནུས་པར་ལེ་དབར་བརྒྱད་སྟོང་གི་རི་དང་གཙང་བོའི་མཐའ་ལ་ཤོར་དོན་ཅི། དེ་ལྟར། སེམས་ཀྱི་སྐྱོ་བའི་ཁ་གནོན་ལ། རྟ་ཐོག་སྤོ་ལོའི་རྩེད་འཇོ་འདི་ཁྲང་ཨན་མཁར་གྲོང་ནས་ཐོག་མར་ལོ་རྒྱུས་ཀྱི་ཐོ་ལ་འགོད་པའི་ས་བོན་ལྟ་བུར་གྱུར་སྐད། དེ་རིང་གི་ཁ་ཐ་ཨར་འཛམ་གླིང་རྐང་གྲུག་བུམ་པའི་ཡུལ་དངོས་དང་འདྲ་བར། དེ་རིང་གི་འུ་ཅག་ལ་དེ་དུས་ཀྱི་རྟ་ཐོག་སྤོ་ལོའི་འདུ་འཛི་འདིའི་ཆ་ཙམ་ཡོད་ཚེ། ཕམ་ཁ་ལ་མིག་མཆི་མ་ཤ་ལེར་སྡུག་བསྔལ་བྱེད་དགོས་ཀྱང་གཟི་བརྗིད་དང་བདེ་སྐྱིད་ཅིག་ཏུ་རྩིས་ཆོག་པ་མིན་ནམ། འདི་ལྟར་ཁྲང་ཨན་མཁར་དུ་སླེབས་པ་དག་གིས་རིག་པས་ས་ཟིན་པའི་གཏམ་མ་བྱུང་ཡང་རྟ་ཐོག་སྤོ་ལོའི་སྙན་པ་ཞིག་གིས་ས་ཟིན་འདུག  

ཐང་གི་དུས་ནི་མཛའ་འབྲེལ་གྱི་དུས་ཤིག་ཏུ་བརྩི། གཉེན་ལམ་གྱི་དར་སྐུད་འཐེན་པའི་འཇིག་རྟེན་མཐུན་འཇུག་གི་དགའ་སྟོན་དང་། རྟ་ཕོ་ཁྲི་ཕྲག་ཇ་ལ་བརྗེ་བའི་མཐོ་རླབས་འཕྱུར་དུས་རེད། རྩིས་དང་ཤོག་བུ། སྨྱུ་གུ དར་སྲིན། ཆང་སོགས་མཐོ་སྒང་གི་ཡུལ་དུ་དྲངས་པའི་ལོ་ཟླའང་རེད། དེ་ལྟར་མཛའ་བརྩེ་རུ་བརྩི་བའི་ལོ་ལ་མཛའ་བརྩེ་ཡི་འགྲན་སྡུར། རྟ་ཐོག་སྤོ་ལོའི་རྩེད་འཇོ་ཡང་དེ་ལྟར་བྱུང་། ཐོག་མའི་དུས་ལ། སྨུག་པོ་གདོང་གི་རྒྱུད་པ་མང་དུ་རྒྱལ་ཏེ། བོད་ཀྱི་སྟག་ཤར་ཚོའི་རྟ་ཐོག་སྤོ་ལོའི་རྩལ་བོ་ཆེའི་སྙན་པའི་མིང་དེ་ཁྲང་ཨན་མཁར་དུ་གྲགས། སྐབས་དེར། རྟ་ཁ་སྲབ་ཀྱིས་སྒག་པའི་ལུས་ཀྱི་ལྡེམ་མྱུར་རེ་རེའི་གསེང་ན་སེམས་ཀྱི་ངར་ཤུགས་མེ་ལྕེ་འདྲ་ཞིག་ཅིས་ཀྱང་ཡོད་སྲིད། སེམས་ཀྱི་ཚ་དྲོད་དེའི་དབང་གིས་སྟག་ཤར་དག་ལ་མགོ་ན་གནམ་དང་ཉི་ཟླ་མ་གཏོགས་ཡོད་མི་སྲིད། རྒྱལ་ན་རྒྱལ་བའི་རྟིང་མར་གླུ་ཨ་ལ་ལ་མོ་དང་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན་ཞེས་ཁྲོམ་ཆེན་མོར་སྲིད་པའི་དབྱངས་རྟ་ངག་ལ་དྲངས་ཡོད་སྲིད། ཕམ་ན་ཕམ་པའི་སྐྱོ་གདུང་ཡང་སེམས་ཀྱིས་མི་ཐེག་པ་ཞིག་ཀྱང་གཏན་ནས་ཡིན་མི་སྲིད། རང་ལ་ད་དུང་གངས་རི་དང་རྩྭ་ཐང་ཡོད་པས་ཡིན། གངས་རི་དང་རྩྭ་ཐང་ལྟ་བུའི་སེམས་རྒྱ་ཡོད་པས་སྔར་བཞིན་ཐན་ཐུན་ངག་གི་འགུག་གླུ་དབྱངས་ལ་དྲངས་ཡོད་ངེས། རིམ་བཞིན་ཐང་གི་རྗེ་བོའི་མཐོང་ཆེན་གྱི་ཐུགས་བཀོད་འོག ཐང་གི་རྟ་ཐོག་རོལ་རྩེད་ལ་འབྲས་བུ་མངོན་སུམ་མིག་ཏུ་ཤར་ནས་རང་ཕྱོགས་ཀྱིས་ཕམ་ཁའི་བྲོ་བ་ཡང་ཡང་མྱངས། འདིས་ནི་རང་གི་རིགས་ལ་ནམ་ཡང་ཞིབ་ཚགས་དང་རྒྱུན་འཁྱོངས་ཀྱི་རུས་པ་སྲ་མོ་མེད་པ་ཞིག་ཀྱང་ངང་གིས་མཚོན་འོངས། ཡང་ན་གླིང་གི་དཔའ་རྟུལ་རྣམས་ཀྱི་དཔའ་ཁེར་རྒྱུག་གི་གཤིས་དེ་འདྲའི་དབང་གིས་ཡིན་ཡང་སྲིད། རང་སྣང་གང་ཤར་ལ་ཐུན་མོང་གི་རྒྱལ་ཁ་ཞིག་ཅི་ལྟར་ཐོབ་ཨང་། 

སྐབས་དེར། རྟ་ཐོག་སྤོ་ལོ་ཟེར་ན།  དགའ་དྲགས་པའི་སེམས་ཀྱིས་ལུས་ཀྱི་ཨ་ཐང་མི་རྟོགས་པའི་ཚུལ་རེད། ཐ་ན་གོང་མའི་ཕོ་བྲང་གི་ཆེས་དགའ་བའི་བྱ་འགུལ་དུ་གྱུར་ཏེ་ཐང་རྒྱལ་རིམ་བྱོན་མང་པོ་ཞིག་ཀྱང་རྟ་ཐོག་སྤོ་ལོ་ལ་དགའ་མཁན་དུ་གྱུར། སྤྱི་ལོ༧༤༧ལོར། རྟ་ཐོག་སྤོ་ལོ་འདི་ཐང་གི་དམག་རྩལ་སྦྱོང་བརྡར་གྱི་ལས་རིམ་ཞིག་ཏུ་ཚུད། དེ་ཡི་ཞོར། རྟ་ཐོག་སྤོ་ལོ་དང་འབྲེལ་བའི་ངག་རྒྱུན་དང་། གླུ་གཞས། རི་མོ། སྙན་ངག་དག་ཀྱང་ལོ་རྒྱུས་ཀྱི་ཡིག་ཚགས་སུ་གྱུར། ཕོ་བྲང་ནས་འབངས་དང་། སྐྱེས་པ་ནས་བུད་མེད། དེ་ལྟར་ཐང་གི་ཡུལ་དུ་རྟ་ཐོག་སྤོ་ལོ་དར་བའི་ཚད་ནི་ད་ལྟའི་སྐོར་བྲོའི་སྟངས་སྟབས་རྩྭ་ཐང་ནས་གྲོང་ཁྱེར་ལ་དར་བའི་ཚད་དང་། ཕ་རོལ་འཁྲབ་སྟོན་པ་དང་རང་ཉིད་ལྟད་མོ་བའི་ཚུལ་ཞིག་མིན་ནམ།  

སྤོ་ལོ། ཕོ་ལོང་། ནོར་ནག་མོ་ལས་དྲངས་པའི་རྩིད་སྐུད་གྲིམ་ཤ་ཅན། ལུག་གཡང་དཀར་ལས་དྲངས་པའི་བལ་ཐིག་ལྷོད་ཤ་ཅན། རྩིད་སྐུད་དང་བལ་སྐུད་ཀྱིས་གྲུབ་པའི་རིལ་རིལ་གོ་ལའི་དབྱིབས་འདི་ལ། སྨུག་པོ་ཤ་རྩ་ཅན་གྱི་སྟག་ཤ་ར་དང་བྱུ་རུའི་མདངས་ཅན་གྱི་མ་བུ་མོ་གཉིས་ཀྱི་ཐབས་དང་ཤེས་རབ་འདུས་ཡོད། གངས་དང་ཁ་བ། ཙག་དང་ཆར་བ། ཉི་འོད་དང་བསིལ་རླུང་། མཐོ་སྒང་གི་དཔྱིད་དབྱར་སྟོན་དགུན་དང་ས་ཆུའི་བཅུད་ཀྱིས་གསོས་པའི་སེམས་ཅན་གྱི་རྒྱུད་ལས་དྲངས་པའི་སྙན་པའི་མིང་གི་ཆོ་ལོ་ཅན། སྤོ་ལོ། དུས་དེ་རིང་འཛམ་གླིང་སྒྱུ་རྩལ་རིག་པའི་དོ་རའི་དཔལ་དུ་གྱུར་བ་ནོར་ནག་མོ་དང་ལུག་གཡང་དཀར་གྱི་བདག་པོ་འདིའི་རྒྱན་དུ་གྱུར་ཡོད། དོན་གྱི་ངོ་བོ་སྟོན་པའི་མིང་འདི་ཁོ་ནས་ད་གཟོད་འདི་ཡི་བྱུང་བ་རིགས་པས་མཐའ་ལ་འདེད་ཆོག་པ་མིན་ནམ། 

ཡང་ལ་ལས། རྟ་ཐོག་སྤོ་ལོའི་ཐོག་མའི་བྱུང་བ་ནི་པར་ཟིག་གི་ཡུལ་ཡིན་པར་སྨྲ། མ་ཟད། པར་ཟིག་གི་ཡུལ་དུའང་། རྟ་ཐོག་སྤོ་ལོའི་གནའ་བོའི་ཤེས་རིག་གི་གཟི་བྱིན་དག་མཐོང་བ་མིག་གི་ཡུལ་ལ་རི་མོའི་སྣང་བརྙན་མངོན་སུམ་དུ་ཡོད། འདི་ཡང་ཚད་མས་མི་གྲུབ་པ་མིན་ཏེ། གནའ་བོའི་ཕྱི་ནང་གི་འགྲོ་འོང་ལ་པར་ཟིག་ནི་རང་རེའི་ཤག་པོ་ལྟ་བུ་ཡིན་པས་ན། འདོ་རིག་རྟ་ཡི་འགྲུལ་བཞུད་ཁྲོད་ཕན་ཚུན་གྱི་ཕྱིའི་ཆ་ལུགས་དང་ནང་བསམ་པ་ལ་བག་ཆགས་ནི་ཏིལ་ལ་ཏིལ་མར་དང་། ཆུ་ལ་ཆར་བ་བཞིན་མིན་ནམ། ཡང་ལ་ལས་དེ་ལས་ཀྱང་སྔ་བ་སྔ་བ་ཞིག་ཏུ་ཁུངས་འདེད། གང་ལྟར། ནང་ནས་ཕྱི་དང་ཕྱི་ནས་ནང་གང་ཡིན་ཡང་། ནག་མོ་ནོར་དང་གཡང་དཀར་ལུག འདོ་བ་རྟ།  རྟ་ནོར་ལུག་གི་སྒོ་ཟོག དེ་དག་འཚོ་བའི་སྔོན་མོ་སྤང་གི་ཡུལ་གྲུ།  འདི་དག་ནི་རོལ་རྩེད་འདིའི་གྲུབ་ཆ་ཡིན་པ་རྗེས་དཔག་གིས་རྟོགས་དགོས་ཨང་། མ་ཟད།  སྤོ་ལོ། མིང་འདིའི་དོན་གྱི་ངོ་བོ་དང་དེ་ཡི་བདག་པོ་ལ་རྒྱུ་མ་ཁུངས་འདེད་ཀྱིས་དཔྱད་དགོས། སྤོ་ལོ་ནི་སྤོ་ལོ་ཙམ་མ་ཡིན་པར། སྤོ་ལོས་མགྱོགས་བཅུ་རུ་འཕེལ་བའི་བང་ལ་སྟག་ཤ་རའི་རྩལ་བོ་ཆེ་ཡི་ལུས་ཀྱི་ལྡེམ་མྱུར་དེ་བསྐྱངས་ཡོད། ད་དུང་། དབེན་གནས་ལ་བསླབ་པ་དོན་གཉེར་ཅན་གྱི་བན་སེར་མོ་ཆོས་གོས་ཅན་དག་ཏིང་འཛིན་ལ་སྒོམ་དུས། སེམས་ཀྱི་བྱིང་རྨུགས་སངས་པ་ལ་ཕོ་ལོང་འཕང་ཏེ་རིག་པའི་དྲན་གསོ་ཞིང་ཡིད་གཅིག་ཏུ་བསྡུ་བར་བྱེད། 

སྐབས་ཤིག་ལ། རྟ་ཐོག་སྤོ་ལོས་དེ་ལྟར་ས་ཆེན་པོ་ལ་སྙན་པའི་གྲགས་པ་བསླངས་ནའང་། རྒྱ་ཡིག་ཐོག་དང་བོད་མནའ་ཐོག་བཞིན། བོད་ཀྱི་མནའ་ཡིས་ལོ་རྒྱུས་ཀྱི་དྲན་པ་མ་ཟིན།  བོད་ཀྱི་མནའ་ཡིས་རང་ཉིད་ཀྱི་བདེན་པ་དང་བརྟན་བརླིང་སྲུང་བ་བདེན་ཡང་། བདེན་པ་དང་བརྟན་བརླིང་གི་ཡིག་ཚགས་བོར། ངས་རང་གི་ན་ཆུང་བུ་མོའི་མཛའ་འབྲེལ་གྱི་སྣང་བ་མ་ཁུ་པོ་ལོའི་ཟིན་བྲིས་ཚད་མར་འཛིན་དགོས་པ་བཞིན། ངས་རང་གི་མེས་པོ་འདས་པའི་མྱ་ངན་གྱི་ལུགས་སྲོལ་ཐང་གི་ཡིག་ཚགས་ལ་བསྟུན་དགོས་པ་བཞིན། ངས་རང་གི་གཏམ་དང་བྱུང་བའི་ལོ་དང་ཟླ་བ་སྲིད་སྐྱོང་མེ་ལོང་ལས་འདྲེན་དགོས་པ་བཞིན། མི་བདེན་བདེན་ཁུལ་དང་ཡིད་གཉིས་ཐེ་ཚོམ་གྱི་དོགས་པ་མཐའ་དག ཐོ་ལ་བཀོད་པའི་ཡིག་ཚགས་ཡིན་པས་སུས་ཀྱང་བསྙོན་དུ་མེད་པ་བཞིན་དང་དུ་ལེན་དགོས་བྱུང་། དེ་བཞིན་ངས་རང་ས་རང་ཡུལ་ནས་རྟ་ཐོག་སྤོ་ལོའི་སྣང་བརྙན་རབ་རིབ་ཙམ་ལས་མི་རྙེད་པ་འདི་ཅི། མཚམས་རེར་ང་དངོས་གནས་མིས་མི་ཟ་བ་མནའ་དང་། ཁྱིས་མི་ཟ་བ་ལྕགས་ཡིན་པའི་རང་གིས་རང་ལ་བདེན་པ་སྟེར་བའི་ཡིད་ཆེས་དང་། རང་ལྟ་མཁྲེགས་འཛིན་གྱི་ཨུ་ཚུགས་འདི་ལ་ཚིག་པ་ཞིག་ཟ་འོངས། སྙིང་གི་གཏིང་རིམ་ནས་རབ་ཏུ་མི་དགའ་བ་ཞིག་སྐྱེས་འོངས། འབའ་ལི་ཐང་དང་སྒ་ཁྲི་འདུ། ནག་ཆུ། ཆབ་མདོ། ཁྲི་ཤོར་རྒྱལ་མོ། རྨ་ཆུ། ཀླུ་ཆུ། སྡེ་དགེ། མཛོད་དགེ། ད་དུང་ཡུལ་ལུང་གཞན་དག་ན། སྟག་ཤ་ར་རྩལ་ཅན་དག་རྒྱུག་རྟ་འགྲོས་མ་དག་ལ་བཅིབས་པའི་ཡོ་ལང་དེ་འདྲ་མཐོང་བ་བཞིན། རྟ་ཐོག་སྤོ་ལོའི་འདུ་འཛི་རབ་ཏུ་རྒོད་པ་ཞིག་མཐོང་འདོད་ཀྱི་མིག་ནི་རིག་རིག་བྱས་ཀྱང་ངལ་བའི་རྒྱུ་ལས་མ་འདས། གང་ཞིག་རྙེད་འདོད་པ་ཅི་ལྟར་བཙལ་ཡང་མི་རྙེད་པ་འདི་ཅི། འབྲོག་སྡེ་ས་རྒྱ་ཆེ་ཞིང་དུད་ཁྱིམ་ཁ་འཐོར་ཡིན་པས་ལན་ནམ། རོང་སྡེར་རྟ་ཡི་རྒྱུད་པ་རྟ་རྔའི་ཉག་མ་བཞིན་དུ་ཕྲ་བས་ཡིན། གང་ལྟར་ད་ནི་རྟ་ཐོག་སྤོ་ལོ་ཕར་ཞོག རྟ་འདོ་བའི་རྒྱུད་ཀྱང་སྲོད་ཁའི་ཉི་མའི་རྗེས་ལ་འབྲངས་པས་ན། ངས་རྟ་འདོ་བ་དང་རིགས་ཀྱི་བུ་རྒོད་གཉིས་ཀྱི་ཉི་འོད་ལམ་ལམ་དང་སྐར་འོད་ཆེམ་ཆེམ་ལྟ་བུའི་འདས་སོང་དེ་གང་ནས་འཚོལ་དགོས་ཨང་། བདེན་པ་འདི་རང་ལ་ཡོད་པའི་ཡིད་ཆེས་ཀྱི་ཁུངས་དེ་ཅི་ལྟར་རྙེད་ཐུབ་དགོས་ཨང་།

དུས་དེ་རིང་གི་མཐོང་བ་ལ། ཆུ་རྨ་ཆུའི་རྒྱུད་ན་ཆགས་པའི་རྨ་ཆུ་བ། རྟ་འདོ་བའི་འཕོང་གི་ཤ་རྩ་སྨུག་པོ་ཅན། ཕ་བཟང་གི་བུ་དང་གཡག་བཟང་གི་ཀོ་འདི་ཁོ་ན། ད་གཟོད་རྟ་ཐོག་སྤོ་ལོའི་སྙན་པའི་ས་བོན་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་དང་མཚུངས། འདི་ནི་རྣ་ལ་སྙན་པའི་གདངས་དང་འདྲ། འདི་ནི་མིག་ལ་མཛེས་པའི་གཟུགས་དང་འདྲ། འོ། གེ་སར་རྟ་རྒྱུགས་ཀྱི་གཡང་རར་གྲགས་པའི་རྨ་ཆུའི་ཁུག་སོ། དར་ཚོན་སྣ་ལྔ་འཛོམས་པའི་སྦྲ་སྨུག་པོ་ཚང་། རྟ་རྒྱུགས་རིག་གནས་ཀྱི་ཕ་ས་ནས་གཉོམ་ལག་རྒྱས་པའི་རྨ་ཆུ་བ། རྨ་ཆུ་བ་ནི་སྐྱེ་བོ་རང་ག་བ་ཞིག་མིན། རྨ་ཆུ་བ་ནི་རྟ་ཐོག་གི་རྩལ་བོ་ཆེའི་མི་རྒྱུད་ཅིག་ཡིན། སྙན་པའི་དབྱངས་རྟ་ལ་བརྒྱུས་པའི་གཞས་ཚིག་ཅིག་དྲངས་ན། རྨ་ཆུ་བ་ནི་འདི་འདྲ་སྟེ།

རྨ་ཆུ་བ། 

འབྲུག་སྐད་སེང་སེང་། ཕོ་སྐད་ལྡིར་ལྡིར། རྨ་ཆུ་བ། རྨ་ཆུ་བ། 

འཇའ་ཚོན་གྱི་སྐེད་རགས་དམར་པོ་ཅན། གློག་དམར་གྱི་འཁྱུག་རྩལ་རྒོད་པོ་ཅན། 

གནམ་སྔོན་པོའི་དོ་ཡ། སྤང་སེར་པོའི་བདག་པོ། རྨ་ཆུ་བ། མི་སྨུག་པོ། གཤིས་སྨུག་པོ། བོད་སྨུག་པོ་ཚང་གི་རུ་བ། རྨ་ཆུ་བ།

འབྲོང་རྭ་ཆེམ་ཆེམ། དཔའ་སྐད་ལམ་ལམ། རྨ་ཆུ་བ། རྨ་ཆུ་བ། 

སྨུག་སྤྲིན་གྱི་རལ་བ་ནག་པོ་ཅན། ཆུ་བྲག་གི་དཔུང་བ་བཙན་པོ་ཅན། 

འབྲོག་རུ་བའི་ཕ་ཞིང་། མར་ཕྱུར་བའི་མ་མཚོ། རྨ་ཆུ་བ། མི་སྨུག་པོ། གཤིས་སྨུག་པོ། བོད་སྨུག་པོ་ཚང་གི་རུ་བ། རྨ་ཆུ་བ། 

རྨིག་སྒྲ་ཐག་ཐག འཚེར་སྐད་ལྷང་ལྷང་། རྨ་ཆུ་བ། རྨ་ཆུ་བ། 

མདུང་ནག་གི་ཟེ་བ་དམར་པོ་ཅན། ཕྱིང་དཀར་གྱི་ཁྲབ་རྨོག་སྲ་མོ་ཅན།

སྦྲ་ནག་པོའི་ཕ་ཁྱིམ། འབྲོག་སྨུག་པོའི་མ་སྡེ། རྨ་ཆུ་བ། མི་སྨུག་པོ། གཤིས་སྨུག་པོ། བོད་སྨུག་པོ་ཚང་གི་རུ་བ། རྨ་ཆུ་བ། རྨ་ཆུ་བ།   

མི་སྨུག་པོ། གཤིས་སྨུག་པོ་ཅན་གྱི་རྨ་ཆུ་བས་སྨད་ཀྱི་རྟ་ཡི་ཆོལ་ཁ་ནས་རྟ་ཐོག་སྤོ་ལོའི་མེ་རོ་གསོས་པའི་རྟེན་འབྲེལ་གྱི་ཞོར་དུ། སྟོད་ཀྱི་གྱི་ལང་འགྲོས་མ་དང་རིགས་ཀྱི་སྤུན་ཟླ་གཞན་ཞིག་གི་བཤུལ་ལམ་ཁབ་སྐུད་མ་ཞིག་ཀྱང་ངང་གིས་རྙེད་པའི་ཚུལ་འདི་མིག་ཏུ་བསྟར།

གཉིས།

སྦལ་ཏི། ཡང་ན་བོད་ཆུང་བ། མངའ་རིས་སྐོར་གསུམ་གྱི་ཡ་གྱལ་དུ་གདན་ལ་འདུག་དབང་དང་། རྩྭ་ཆུ་ལ་རོལ་དབང་ཡོད་པའི་སྦལ་ཏི་བ། དེང་ཕ་གི་སི་ཐན་གྱི་མངའ་ཁོངས་སུ་གཏོགས་པའི་འབངས་ཀྱི་སྡེ། དུས་རབས་ཀྱི་ཕྲེང་བ་ཡར་ནས་ཡར་ལ་དེད་ཚེ། མཐིང་མདོག་གི་ནམ་མཁའ་དང་དེའི་འོག་གི་གངས་ཀྱི་ར་བ་ལ་གཞི་བཅའ་མཁན་གྱི་ཁྱོད་དང་འུ་གཉིས་ལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་གི་སྲིན་མོ་ཞེས་ཕ་མ་གཅིག་གི་རུས་རྒྱུད་ལས་གྱེས་པའི་ཁྲག་རྒྱུན་ཡོད། ཁྲག་རྒྱུན་འདིའི་དབང་གིས་དུས་དེ་རིང་གི་ཁྱོད་ལ་ད་དུང་ཡང་ང་ལ་དུངས་པའི་རུས་ཞེན་ལྷག་མ་ཞིག་དང་། ང་ཡང་ཁྱོད་དང་ཉེ་བའི་བརྩེ་བ་ཟབ་མོ་ཞིག་ཡོད་པས་ན། མི་ལོ་དྲུག་བརྒྱའི་རིང་ལ་ཁྱོད་ཀྱི་ཕྱི་ནང་དང་གནམ་ས་གཉིས་ཀ་གཞན་དབང་དུ་གྱུར་ནའང་། དེའི་སྔོན་གྱི་མི་ལོ་དྲུག་བརྒྱའི་ང་ཚོ་ཐུན་མོང་གི་རིག་གནས་དང་སེམས་ཀྱི་འདུ་ཤེས་དེས་དུས་དེ་རིང་གི་ཁྱོད་ཀྱིས་ད་དུང་གང་ཞིག་མ་དོར་བར་སྲུང་བ་འདི་ལ་ང་དངོས་གནས་དགའ་སྐྱོ་འདྲེས་མའི་མཆི་མ་ཞིག་འཐོར་འོངས།

ད་ལྟའི་སྦལ་ཏི་ནི་ཕྱི་ཕ་གི་སི་ཐན་གྱི་སྐྱེ་གཟུགས་དང་ཆ་བྱད་ལ། ནང་དབྱི་སི་ལན་གྱི་དད་མོས་ཅན་ཞིག དུས་རབས༡༤བར་དབྱི་སི་ལན་གྱི་ཆོས་ལུགས་ཡུལ་འདིར་དར་བ་དང་བསྟུན་ནས་གནའ་བོའི་སྐད་དང་ཡི་གེའི་དགུང་གི་ཉི་མ་སེར་བོ་སྤྲིན་ནག་གིས་བསྒྲིབས་ཏེ་ཉི་ཟེར་མཐོང་མ་ཐུབ་པའི་མགོ་དེ་བརྩམས་སོང་། དེ་ནས་བཟུང་། ལམ་སྐྱ་མོ་རྐང་བས་དེད་དེ་དབུས་ལ་ཐོས་བསམ་སྒོམ་འཇུག་ཏུ་ཡོང་བའི་རྒྱུན་ཡང་ཆད། དགེ་བཤེས་ཞེས་མཐོན་པོ་མཐོན་པོའི་མཚན་ཅན་སྙེག་པའི་སེམས་ཀྱི་འདུ་ཤེས་ཀྱང་བཅད། སྔོན་གྱི་སྐྱེས་ཆེན་དག་རྒྱ་གར་དུ་བཞུད་ཅིང་། རྒྱ་གར་དང་ཨོ་རྒྱན་གྱི་སྐྱེས་མཆོག་ཚུར་དུ་དྲངས་པའི་འགྲུལ་བཞུད་ཀྱིས་ད་གཟོད་འོད་ལམ་ལམ་གྱི་ཤེས་རིག་ཅིག་བསྐྲུན་པས་ན། སྦལ་ཏི་བའི་ཞབས་ཐང་གི་ལམ་བཀག་པ་ནི་ནང་སེམས་ཀྱི་བར་ཐག་དང་རིང་དུ་གྱེས་པའི་ནག་ཉེས་ཀྱི་བྱ་བ་ཞིག ན་ཟུག་འདི་སུ་ཞིག་གིས་སྙིང་ལ་གྲི་ཡིས་བསྣུན་པ་ལས་ཀྱང་གཟེར། 

ཡིན་ནའང་། མཚམས་རེར། དགོས་དབང་གིས་གདོང་ལ་ཁྲག་དམར་བྱུགས་པའི་སྲོལ་དང་། ཁང་བའི་མཛེས་བཟོ་ལ་བཀོད་པའི་ཁྱུང་ཆེན་གྱི་པ་ཊ། རྡོ་ལ་བརྐོས་པའི་སྟོན་པའི་སྐུ་དང་གསུང་གི་དབྱངས་གསལ་གྱི་རི་མོ། ཟླ་བ་གཟའ་ཡིས་ཟིན་དུས་ས་ཆེན་གཉིད་ལས་སློང་འདྲའི་ཀི་སྒྲ་རིང་མོ། དབྱར་གྱི་དུས་ལ་ནོར་ལུག་རི་ལ་འཚོ་བའི་འབྲོག་པའི་ལུགས་སྲོལ། བ་རེས་ནོར་རེས་རི་གཤེར་སོགས་རི་རྒྱ་དང་རེས་མོས་ཀྱི་རྫི་བོའི་ལམ་ལུགས། ལོ་ར་བ་དང་ཆུ་ར་བ་ཞེས་གྲོ་ནས་ཀྱི་ཞིང་ལ་ཉིན་མོའི་བྱ་ར་བ།  སྟོན་གྱི་དུས་ལ་གྲོ་ཞིང་གསེར་མདོག་གིས་སྨིན་དུས་རོགས་སྡེབ་དང་ལག་སྡེབ་ཀྱིས་ལོ་ལེགས་བསྡུ་ཚུལ། དགུན་གྱི་དུས་ལ་གེ་སར་དང་གླིང་སེང་ལྕམ་འབྲུག་མོའི་སྒྲུང་ལ་ཉན་ཚུལ། ད་དུང་མེ་ཕུང་གི་མཐའ་ལ་བསྐོར་བའི་གླུ་གཞས་ཀྱི་སྒྱུ་རྩལ། མ་བུ་མོ་གནས་ལ་འགྲོ་དུས། སྐྱིད་ཉི་མ་གཉིས་ཀ་རང་གིས་ཁྱེར་ནས་གཡང་ནོར་བུ་འདྲ་བོ་རང་ཡུལ་ལ་འཇོག་ཚུལ། ཟས་ཞིམ་པོ་མར་དང་ཐུད་ཀྱི་བཟའ་བཅའ། ད་དུང་། བྱ་ན་ཟན། སྐྱིད་ལ་ཤོག ཐོད་འཆིང་། སོར་མོ། མཐོ། ཁྲུ། བྲེ། ཁལ་གྱི་འཇལ་གཤོར་འདེགས་གསུམ། ཁྱི་དྲོད། བྱ་དྲོད། ཁང་དྲོད། ས་དྲོད་ཅེས་ནམ་ཟླ་དྲོད་ལ་བརྟག་ནས་སོན་འདེབས་ཀྱི་ལས་ལ་འཇུག་ཚུལ། ཁངས་སྟོན་དང་མིས་བཟོས་འཁྱག་རོམ། ཕྱར་ར། དམག་དཔོན། ཤིང་མཁན། འཐུས་མིང་། གསོས་བུ། རྐུན་མ། བོང་བུ། ཡོས། ཨ་མའི་ནུ་རིན། ཟན་སྐལ། བོས་ཟན། ལམ་ཟན། ས་བོན། འབྲེང་མ། མེ་ཏོག རླུང་རྟ། ཧོར་ཡུལ། གླིང་ཡུལ། ལྷ་དང་འདྲེ། སྲིན་པོ། ཀླུ། ཀྱེ་ཀྱེ། སྐད་ཀྱི་གཞི་གདངས་གཅིག་ཏུ་སྨྲ་བའི་མིང་གི་ཚོགས་པ་འདི་ནི་ཁྱོད་དང་འུ་གཉིས་རིགས་གཅིག་སྤུན་ཟླར་གྱུར་བའི་བདེན་དཔང་མིན་ནམ། འཚོ་བའི་ལུགས་སྲོལ་དང་རྩ་བའི་མིང་བརྡ་འདི་དག་གིས་ངས་ད་དུང་ཁྱོད་རང་སྔར་གྱི་ཁྱོད་རང་ཡིན་པ་ཕྱི་གསལ་ནང་གསལ་གྱིས་རྟོགས་སོང་། གལ་ཏེ་མི་ལོ་དྲུག་བརྒྱའི་རིང་གི་ཕྱི་ཡི་དབང་སྒྱུར་མེད་པ་ཡིན་ན། གལ་ཏེ་མི་ལོ་དྲུག་བརྒྱའི་རིང་གི་ནང་གི་འདུ་ཤེས་བསྒྱུར་མེད་པ་ཡིན་ན། གལ་ཏེ་མི་ལོ་དྲུག་བརྒྱའི་སྔོན་གྱི་ཁྱོད་དང་འུ་ཅག་གི་རིག་པའི་འགྲུལ་བཞུད་ཀྱི་རྐང་ལམ་བཅད་པ་མིན་ན། དུས་དེ་རིང་གི་ཁྱོད་ཀྱིས་སྔར་བཞིན་ཡོད་ཚད་དམ་དུ་བསྡམས་ཡོད་སྲིད། བསྡམས་ཡོད་སྲིད། ལོ་དང་ཟླ་བས་དེད་པའི་དེ་རིང་། སྔོ་དྭངས་དྭངས་ཀྱི་ནམ་མཁའ་དེའི་འོག་ན་ད་དུང་ཡང་རི་མཐོན་པོའི་རྩེ་ལ་བཞེངས་པའི་གནའ་བོའི་བཙན་རྫོང་དང་། གཞིས་ཀའི་མཁར་རྙིང་གསོན་པོ་མིག་ལ་མཐོང་དུ་ཡོད་པ་འདིས་སྐྱོ་སྣང་བན་བུན་ཞིག་ཀྱང་ངང་གིས་བསྐྱལ་འོངས་པའི་མོད་ལ། རྒོད་རྩེ། ཁྲི་རྩེ། འཕྱིང་བ་སྟག་རྩེ་སོགས་རང་རེའི་མེས་པོ་དག་རི་མཐོན་པོ་མཐོན་པོའི་རྩེ་ལ་གནས་བཅའ་བ་དང་མཚུངས་པར། སྦལ་ཏིའི་ཡུལ་གྱི་མེས་པོ་དག་ལའང་གཅིག་མཐུན་གྱི་བསམ་པའི་འཁྱེར་སོ་དེ་ཡོད་པ་མིན་ནམ།  དུས་རབས༡༦ནས་དུས་རབས༡༨བར་ནི། དབྱི་སི་ལན་གྱི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་པའི་དུས་ལ་སླེབས་པས། ད་ནི་ཕྱིར་བཟློག་པའི་སྐབས་ཤིག་གང་དུ་མཆིས་ཨང་། དེ་ལྟར་སྔ་མོ་སྔ་མོ་ཞིག་ལ་གངས་ཀྱི་རི་རབ་ལ་མཉམ་འདུག་དང་། ཆུ་དང་གཙང་བོ་མཉམ་འཐུང་བྱས་མྱོང་བའི་ང་ཚོ་ཁྲག་རྒྱུན་གཅིག་ལས་མཆེད་ཅེས་ལབ་ན། མ་འོངས་པའི་མ་འོངས་པར་ང་ཚོའི་རིགས་ཀྱི་མྱུ་གུ་དག་གིས་མཚར་བའི་མདངས་ཤིག་སྟོན་མི་འོངས་སམ། ཁྱོད་གླེང་དུས་ངས་ཁྱོད་ཀྱི་དཀའ་སྡུག་གི་ངོ་གདོང་དྲན་འོངས། བཙན་འཛུལ་དང་དབང་སྒྱུར་ལ་གདོང་གཏད་པའི་ཡུལ་མཐའ་མཚམས་ཀྱི་འུ་ཐུག་གི་ལས་དབང་དེ་རྟོགས་འོངས། འུ་ལག་ལ་རྒྱུག་པའི་སྟག་ཤ་རའི་མི་གཞིའི་རིན་ཐང་ཉམས་པའི་སྐྱོ་སྣང་ཚད་མེད་པ་དག་ཚོར་འོངས། ཁྱོད་ཅག་ལ་ཁག་ཅི་ཡོད་ཨང་། ཁྱོད་ཅག་ལ་དངོས་གནས་ཁག་ཅི་ཡོད་ཨང་།

མཚམས་རེར། སྦལ་ཏི་བ་དེ་ལྟར་རིང་དུ་གྱེས་གྱེས་འདྲ་ལ། ཡང་མཚམས་རེར། ཧ་ཅང་ཉེ་ཉེ་ཞིག་ཏུ་སྣང་།  གང་ལྟར་སེམས་ཀྱི་བར་ཐག་དང་དུངས་པ་ཞིག་གིས་ངས་ནམ་ཡང་སྦལ་ཏི་བ་སེམས་ཀྱི་མངའ་ཁོངས་ནས་མཐའ་རུ་དེད་མ་མྱོང་།

སྦལ་ཏི་བ་དྲན་དུས། ངས་དེ་རིང་གི་གཏམ་གྱི་སྙིང་བོ་རྟ་ཐོག་སྤོ་ལོ་དྲན་འོངས། རྟ་ཐོག་སྤོ་ལོ་དྲན་དུས་སྦལ་ཏི་བ་དྲན་པ་བཞིན། ད་དུང་སྦལ་ཏི་བའི་ཁྱིམ་མཚེས་བོད་ཆེ་བ། ལ་དྭགས་པ། དུས་འདི་ལ། རི་བོའི་ཕ་རོལ་གྱི་ཡུལ་འདི་གཉིས་ན་རྟ་འདོ་བའི་འཕོང་ལ་ཞོན་པའི་སྟག་ཤར་དག་ལ་སྤོ་ལོ་འདེད་པའི་ལྡེམ་མྱུར་གྱི་རྩལ་ཞིག་ཡོད། ཡང་རྩལ་བྱ་འདྲ་བ་འདིས་ཕོ་རྩལ་སྣ་དགུའི་ཡང་རྩལ་བྱ་འདྲ་བའི་རྩལ་བོ་ཆེའི་རྣམ་གྲངས་སྲུང་ཡོད། ད་དུང་མདའ་ལི་མའི་རྩེད་འཇོ་ཡོད། འཕོང་ལ་གོམས་ཤིང་འཕོང་ལ་སྐྱེན་པའི་ལུས་ཀྱི་རྩལ་འདིས་ཕོ་རྩལ་སྣ་དགུའི་མཐེབ་ཀྱིས་ཤ་ནོན་པའི་ཆ་དེ་སྲུང་ཡོད། མདའ་དང་རྟ་ལ་མཁས་ཤིང་མདའ་དང་རྟ་ལ་དགའ་བ་འདི། སྟག་ཤ་རའི་ལས་དོན་ཕྱི་ན་ཡོད་པའི་བདེན་ཐུབ་ཀྱི་ཁུངས་དམར་མོ་མ་དེ་མིན་ནམ། དུས་དེ་རིང་གི་བར་དུ། མདའ་ལི་མ་དང་རྟ་འདོ་བའི་སྒྱུ་རྩལ་གྱི་མེ་རོ་ཡུལ་འདི་ནས་སྤེལ་ཏེ་འདི་ནས་རབ་ཏུ་དར་རོ། འདི་ནས་མཐའ་མཚམས་ཀྱི་ཡུལ་གྲུ་སོ་སོར་དང་། དུས་རབས༡༣པར་གནའ་བོའི་ཤེས་རིག་གི་ཞིང་ས་རྒྱ་གར་ལ་དར། རིམ་བཞིན་རྒྱ་གར་ལ་དབང་སྒྱུར་བྱེད་པའི་སྐབས་དེའི་དབྱིན་ཇི་དང་དབྱིན་ཇིའི་དམག་སྡེ་ལ་ཡོངས་སུ་ཁྱབ། ད་ལྟ། འཛམ་གླིང་རང་བཞིན་གྱི་དགའ་སྤྲོའི་བྱ་འགུལ་དུ་གྱུར་པ་མ་ཟད། དབྱིན་ཇིའི་རྒྱལ་ཁོངས་ནས་རྟ་ཐོག་སྤོ་ལོའི་རྩེད་འཇོ་ནི་མཐོ་རིམ་མི་སྣ་དག་གི་མཐོ་རིམ་གོ་གནས་མཚོན་པའི་རྟགས་ཤིག་ཏུའང་བརྩི། 

ད་ལྟའང་སྦལ་ཏིའི་ཡུལ་དུ། སྤོ་ལོ། ཀོ་ལོང་། དམག་དཔོན་གྱི་རྟ་ཐོག་སྤོ་ལོའི་རྩེད་ར། ཞེས་སྐད་དང་དོན་མ་ཡལ་བའི་མིང་སྙན་མོ་ཡོད་པ་འདི་དང་། རྒྱལ་ཕམ་གྱི་རྟིང་མ་ལ་གླིང་གི་དཔའ་རྟུལ་གྱི་ཉམས་དང་བཅས་ཏེ་ཕ་རོལ་ཟིལ་གྱིས་གནོན་པའི་ཤགས་སྙན་མོ་ཨ་ལ་ལ་མོའི་ངག་གི་དབྱངས་རྟར་དྲངས་པ་འདི་ཡིས་ནི། ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་གླིང་སྒྲུང་དང་རྟ་ཐོག་སྤོ་ལོ་གཉིས་རེས་མོས་ཀྱིས་ངའི་མིག་དང་སེམས་ལ་སྣང་འོངས། འདི་གཉིས་ནི་མེ་ཏོག་མཉམ་བཞད་དང་འདྲ། མཁས་བརྒྱ་འགྲན་གླེང་དང་ཡང་ཅིས་མི་མཚུངས། གཅིག་ནི་ཁུངས་ཐུབ་པའི་ལོ་རྒྱུས་ཀྱི་བདེན་དཔང་དང་། གཅིག་ནི་ལྕེ་ཡི་མདུད་པ་འགྲོལ་བའི་ངག་གི་སྒྱུ་རྩལ། སྐད་ཀྱི་གདངས། ད་དུང་དེ་ལ་འཐིམ་པའི་རིག་པའི་བཅུད། དུས་དེ་རིང་གི་བར་དུ་བུ་རབས་ཚ་རྒྱུད་དང་མཉམ་དུ་གསོན་ཞིང་འཚོ་ཐུབ་པའི་རྐྱེན་མིན་ནམ། གལ་ཏེ། འདོར་མི་འདོད་པ་གང་ཞིག་གསོན་ཞིང་འཚོ་ཐུབ་པའི་ཐབས་ཤིག་ཡིན་ཚེ། གླུ་ལེན་གར་རྩེད་ཁོ་ན་ཡིན་ཡང་ཅིས་མི་ཆོག་ཨང་སྙམ། སྦལ་ཏིའི་ཡུལ་དུ་རྟ་ཐོག་སྤོ་ལོ་དང་གླིང་སྒྲུང་གཉིས་འདི་ལྟར་གནམ་སའི་དབང་སྒྱུར་གྱིས་མ་ནུབ་པར་དེ་རིང་གི་གང་ཞིག་ར་སྤྲོད་པའི་བདེན་པའི་ཚད་མར་གྱུར་པ་འདི་དགའ་ཨང་།

རི་མཐོན་པོ་ཧི་མ་ལ་ཡའི་རི་རྒྱུད་དང་ཆུ་རིང་མོ་སེང་གེ་ཁ་འབབ་ཀྱི་རྒྱུད་ན་ཆགས་པའི་སྦལ་ཏི་བ། རྟ་ཐོག་སྤོ་ལོའི་རྩལ་བོ་ཆེའི་ལྡེམ་མྱུར་དང་སྙན་པའི་གྲགས་པ་སྲུང་མཁན་གྱི་སྦལ་ཏི་བ། རི་བོའི་ཕ་རོལ་ནས་དཀའ་སྡུག་དང་རྔུལ་ཆུས་སྲུང་བའི་རྟ་ཐོག་སྤོ་ལོའི་སྒྱུ་རྩལ། ཡང་ན། རྟ་ཐོག་སྤོ་ལོའི་བདག་པོ་ཁྱོད། དུས་དེ་རིང་གི་ང་ཚོའི་རྒྱན་དང་གཟི་བརྗིད་དུ་རློམ་ཡོད། 

རྟ་ཐོག་སྤོ་ལོ་ནི་མིག་གི་ལྟད་མོར་སྣང་བའི་སྒྱུ་རྩལ་ཁོ་ན་ཞིག་མིན། གངས་རི་དང་རྩྭ་ཐང་ནས་གྱེས་པའི་སྟག་ཤར་ཞིག་གི་མཆོང་རྒྱུག་འཕེན་གསུམ་གྱི་རྩལ་གྱི་རྣམ་གྲངས་ཡིན། རྩལ་གྱི་རྣམ་གྲངས་དེའི་གསེང་ན། རི་མཐོན་པོ་ཞིག་ལ་ཕ་འདང་དང་ཆུ་གཙང་མོ་ཞིག་ལ་མ་འདང་གི་གཞས་ཚིག་དེའི་བརྩེ་བ་ཟབ་མོ་ཟབ་མོ་དེའང་སྦས་ཡོད། 

རྔ་མ་ཟླུམ་པོར་བཅིངས་པའི་སྦལ་ཏིའི་རྟ་ཐོག་སྤོ་ལོ་འདི་རྔ་མ་ཟླུམ་པོར་བཅིངས་པའི་ཁྲང་ཨན་མཁར་གྲོང་གི་རྟ་ཐོག་སྤོ་ལོ་དང་འདྲ། ངས་འདི་ལྟར་མེས་པོ་དག་གི་མནའ་ཡིས་མ་ཟིན་པའི་བྱུང་བ་ཐར་ཐོར་མི་བརྗེད་དྲན་པའི་ཚུལ་དུ་ཉར་བར་བྱ། ཁྱེད་ལའང་སྐྱེས་སུ་འབུལ་ལོ།།  

དཔལ་མོ་རྒྱལ། རེབ་གོང་དུ་སྐྱེས། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམས།  ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། བརྩམས་ཆོས་ལ།བལ་དཀར་པོ་སྲུང་གི་མདུད་པ་ཅན། འདོ་རིག་རྟ་ཕོ། བོད་ཀྱི་ཡུལ་སྐད་དང་ཡི་གེའི་འབྲེལ་བ་ཞིབ་འཇུག་བཅས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།