རླུང་ནི་འབྱུང་བ་བཞིའི་ཡ་གྱལ་ཏེ། ཡང་ཞིང་གཡོ་བ་རླུང་གི་མཚན་ཉིད་དོ། ། དྲི་བཞོན། རྡུལ་གྱི་ཁ་ལོ། བསིལ་བྱེད། རྟག་འགྲོ། ནམ་མཁའི་དབུགས་སོགས་རླུང་ལ་མིང་གི་རྣམ་གྲངས་དུ་མ་བདོག
རླུང་ནི་གནམ་སའི་ཧྲག་བར་གྱི་ཆེས་རང་དབང་ལྡན་པའི་ཁེར་རྐྱང་གི་འགྲུལ་བཞུད་པ་དེ་ཡིན། རླུང་གི་གར་རྒྱུ་གང་འགྲོ་ལ་གཏན་འཁེལ་གྱི་ལམ་ཐིག་མེད་ཅིང་། ངེས་གཏན་གྱི་དབྱིབས་དང་རྣམ་པ། ཁ་དོག་བྲལ། ཡིན་ཙང་གཟུགས་མེད་ཀྱི་རླུང་བུས་རི་ཆུ་སྟོང་ཕྲག་བརྒལ་ཞིང་ལ་ལུང་མང་པོ་གཏིབས་ཏེ་གནས་ཡུལ་སོ་སོའི་མངར་སྐྱུར་འཚོ་བའི་གཏམ་རྒྱུད་རེ་རེ་ཡུན་གྱིས་ཀློག དེ་ནི་ལྐོག་གྱུར་གྱི་སྙན་ངག་པ་ཞིག་དང་འདྲ་བར་གཟུགས་མེད་ཀྱི་སྨྱུ་གུ་སྤྱད་དེ་འཇིག་རྟེན་དུ་ངོ་མཚར་བའི་རྨི་ལམ་དང་ཡིད་སེམས་སྒུལ་བའི་ལེའུ་རྩོམ།
ཞོགས་པའི་བསིལ་འཇམ་གྱི་རླུང་བུས། རྨི་ལམ་གྱི་ཞིང་ཁམས་འགྲིམ་པའི་ལྗོན་ཤིང་གི་ལྕང་ལྕུག་དལ་གྱིས་སྒུལ་བ་ན། ཚང་མལ་ན་ཨ་ལོག་རྒྱག་གིན་པའི་བྱེའུ་ཆུང་འཇོལ་མོའང་བྲེལ་བྲེལ་འཚབ་འཚུབ་ཏུ་གཤོག་པ་རྡེབ་བཞིན་གྲེ་འགྱུར་དབྱངས་ཀྱི་རོལ་མོ་ཡུན་གྱིས་དཀྲོལ། དབྱངས་སྙན་གྱི་འགྱུར་ཁུགས་ཁྲོད་མེ་བརྡར་ལངས་པའི་གཞོན་ནུ་མའང་དར་ཅིག་ར་བཟི་སྟེ་ཉིན་གཅིག་གི་ལས་ཀ་གང་ནས་མགོ་རྩོམ་པའང་ཆ་མ་འཚལ།
ཉིན་གུང་གི་བསིལ་འཇམ་རླུང་བུས་དགའ་བ་དང་སྤྲོ་བ་བསྣམས་ནས་ཁོད་ཡངས་པའི་རྣང་ཞིང་གྲུ་བཞིའི་གསེར་མདོག་གི་སྙེ་མའི་མགོ་ལྕོག་དལ་གྱིས་རེག་པའི་ཚེ། རིམ་པ་དང་རིམ་པ་གསལ་པའི་རླབས་རིས་བརྩེགས་མ་མུ་ནས་མུ་རུ་འཕྱུར། དེ་མུར་བསིལ་རླུང་གིས་ཟོར་བར་འཇུས་ཏེ་རྔུལ་ནག་དང་ལྷན་དུ་བཙས་མ་རྔོ་བའི་སོ་ནམ་པའི་གདོང་ལ་བྱིལ་བྱིལ་གནང་བ་ན། སོ་ནམ་པས་མྱུར་བར་ལས་མཚམས་བཞག་སྟེ་སྐེད་པ་ཡུན་གྱིས་དགྱེ་ནས་མ་བཅོས་རང་བྱུང་གི་འཛུམ་པས་བསིལ་བསིལ་མཁའ་རླུང་འཇམ་པོའི་དགའ་བདེར་རོལ། དེ་ནི་ཁུ་བྱུག་ཆར་ཆུ་ལ་རེ་བ་ལྟར་ཡུན་རིང་གི་རེ་སྒུག་ལ་དོན་སྨིན་བྱུང་བ་དང་འདྲ། མཁའ་དབྱིངས་སུ་ལྡིང་བསྐོར་རྒྱག་པའི་བྱིའུ་ཆུང་དང་ཕྱེ་མ་ལེབ་དག་ཀྱང་རླུང་བུའི་འཕྱོ་འཇགས་དང་ལྷན་དུ་བར་སྣང་ནས་རང་དབང་གི་གར་ལ་རྩེན། མཉེན་འཇམ་གྱི་བསིལ་རླུང་གིས་རང་བྱུང་ཁམས་ལ་སྐྱེས་སུ་བཏེགས་པའི་འགྱུར་ཁུགས་ཀྱིས་འཇིག་རྟེན་ལ་སྔ་ན་མེད་པའི་གསོན་ཤུགས་དང་བདེ་སྐྱིད་ཚད་མེད་པ་སྦྱིན།
ས་སྲོད་ཀྱི་བསིལ་འཇམ་རླུང་བུར་ལྷིང་འཇགས་དང་འཇམ་མཉེན་གྱི་རང་གཤིས་མངའ་བས་སྙན་ངག་གི་ཉམས་ཅུང་ཟད་ལྡན་པ་སྟེ། ཉི་མ་ཆུ་ལྷའི་ཕང་བར་རིམ་གྱིས་ནུབ་རྗེས། ཉིན་གཅིག་ལ་ཡར་རྒྱུ་མར་རྒྱུའི་བྱེད་རྩོལ་གྱིས་ཨ་ཐང་ཆད་པས་བསིལ་རླུང་གིས་ཀྱང་གོམ་པ་ཇེ་དལ་དུ་བཏང་སྟེ། ལྟེམས་མེར་འཁྱིལ་བའི་མཚེའུའི་ངོགས་ལ་འཇམ་ཞིང་ལྷོད་ཤིག་གེར་རྡེག་པ་ནི་གཞོན་ནུ་ཕོ་མོ་ཟུང་བརྩེ་དུང་གི་དབྱིངས་སུ་ཞུགས་ནས་ཕན་ཚུན་འཛེམ་བག་གི་ལག་ཟུང་ཡུན་གྱིས་འཐམས་པ་དང་ཀུན་ནས་མཚུངས། དེ་ནི་རོལ་མོ་བས་གདངས་འགྲོས་མཐོན་པོ་ནས་ཇེ་སྙོམ་དུ་སྐུམ་པའམ་རི་མོ་བའི་པིར་རྩལ་ལས་འཁྲུངས་པའི་མཛེས་སྡུག་གི་རི་མོ་ཡང་ངོ་། ། ས་སྲོད་ཀྱི་བསིལ་རླུང་ཁྲོད་ཡོད་ཚད་ཇེ་དལ་དུ་ཕྱིན་པས་མི་རྣམས་ལ་འཚོ་བའི་ཁ་དོག་དང་མཛེས་སྡུག་ཚོར་དུ་བཅུག དེ་ནི་ཡུན་རིང་གི་ལོ་ཟླའི་ནང་མྱངས་མ་མྱོང་བའི་ཐུན་མིན་གྱི་ཚོར་བ་ཡན་གར་བ་ཞིག
མཚན་མོའི་རླུང་བུ་ནི་ལྐོག་གྱུར་དང་གཡོ་སྒྱུ་ཆེ་སྟེ། མཚན་མོའི་མུན་ནག་གིས་ས་གཞི་ཆེན་པོ་ཧྲིལ་གྱིས་ཁྱུར་མིད་དུ་བཏང་བ་དང་ལྷན། རླུང་ནི་མཚན་མོའི་ཕོ་ཉར་གྱུར། སྒྲ་མེད་འུར་མེད་ངང་ཁང་ཁྱིམ་རེ་རེའི་ཐོང་ག་དང་ལྷིང་འཇགས་ཀྱི་སྲང་ལམ་བརྒྱུད་དེ་ཁྱིམ་མིའི་གསང་བ་ཅི་ཡོད་ལྐོག་ཉན་རྒྱག་གིན་ཁེར་རྐྱང་གི་སྐར་མའི་ཚོགས་ལ་སྐད་ཆ་མ་ལུས་གསོང་བོར་བརྗོད་པར། དཀར་གསལ་གྱི་དུང་ཟླའང་མ་རངས་པའི་ཚུལ་གྱིས་རི་བོའི་ཕྲག་གོང་བརྟོལ་ནས་ས་གཞིའི་རྒྱན་དུ་སླེབས། དལ་མོར་སྒེའུ་ཁུང་གི་དྲ་མིག་བརྟོལ། དྭངས་གསལ་གྱི་མཚེའུ་བརྒྱན། སྨག་མུན་གྱི་གྲིབ་གཟུགས་འགམས།
རླུང་བུ་ནི་ཐག་ཐག་བསྐྱོད་པའི་དུས་ཚོད་འཁོར་ལོ་དང་འདྲ་བར་གོམ་མཚམས་གཏན་ནས་འཇོག་མི་སྲིད། དུས་ཚིགས་བཞི་བོའི་འཁོར་བསྐྱོད་དང་བསྟུན་རླུང་བུ་ལའང་འཇམ་རྩུབ་དྲག་ཞན་མངའ་བས་དབྱེ་བ་མང་དུ་བདོག དཔྱིད་ཀར། བསིལ་འཇམ་གྱི་རླུང་བུས་རེ་བ་དང་སྨོན་འདུན་ཁྱེར་ནས་གཉིད་ལོག་པའི་སྐྱེ་དངོས་ཡོད་རྒུར་སྐྱེ་སྟོབས་ཀྱི་རང་མདངས་འབྲི་དགོས། དབྱར་ཁར། བསིལ་འཇམ་གྱི་རླུང་བུས་བསིལ་བསིལ་དང་སྐྱིད་སྣང་ཁྱེར་ཏེ་ཉི་མའི་ཚ་དྲོད་སྙོམས། བདེ་སྣང་གི་དགའ་བ་བསྩོལ། སྟོན་དུས་སུ། བསིལ་རླུང་གིས་ལོ་ལེགས་ཀྱི་འབྲས་བུ་བཤམས། དགའ་སྤྲོ་ཡི་འཛུམ་ཆུང་འགྱོགས། ལྕང་ལྕུག་གི་ལོ་མའི་ཁ་དོག་བསྒྱུར། དགུན་ཁའི་རླུང་བུས་གྲང་ངར་གྱི་རྡུལ་འཚུབ་སློང་། ས་ཆེན་པོར་དངུལ་དཀར་གྱི་ལྭ་བ་གྱོན།
འགྱུར་སླ་ཞིང་འགྲོས་མགྱོགས་པའི་རླུང་བུའི་བྱ་བྱེད་ཀྱིས་འཇིག་རྟེན་ཁམས་སུ་རྣམ་པ་སྣ་ཚོགས་པའི་འཁྲབ་སྟོན་བྱེད་སྲིད་ལ། རྫོགས་མཐའ་མེད་པའི་མངར་སྐྱུར་གྱི་གཏམ་རྒྱུད་ཀྱང་མི་ཡུལ་ཁམས་འདིར་མཚམས་མེད་དུ་གླེང་གིན་གདའ་འོ། །

སྟག་རིག་འབྲུག་ཐར། ལོ་རབས་བརྒྱད་ཅུའི་སྟོད་དུ་མཚོ་སྔོན་ཁྲི་ཀ་རྫོང་གི་ཞིང་གྲོང་དཀྱུས་མ་ཞིག་ནས་སྐྱེས། བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་དུ་བརྩམས་སྒྲུང་ཐུང་གྲས་དང་ལྷུག་རྩོམ། སྙན་ངག དཔྱད་རྩོམ་ཐུང་གྲས་སོགས་བརྩམས་ཆོས་བརྒྱ་ལྷག་སྤེལ་མྱོང་། 《འོད་ཀྱི་གཤོག་རླབས》 དང་། 《སེམས་འགྱུ་བན་བུན། ཚོར་བ་ཟ་ཟི》《ངག་གི་མེ་ཏོག》བཅས་མི་ཡུལ་གྱི་ཟས་རིན་དུ་བཀྲམ།