
ཞོགས་པའི་ཉི་ཟེར་ས་ལ་མ་འཕྲོས་སྔོན་དུ། ཁོས་ཉིན་གཅིག་གི་སེམས་ཀྱི་འདུན་མ་མདོ་དབུས་གཙང་གསུམ་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་གྲས་སུ་གཏོགས་པའི་རྗེ་ཙོང་ཁ་བའི་འཁྲུངས་ཡུལ་ཏེ། སྐུ་འབུམ་བྱམས་པ་གླིང་གི་མཆོད་རྟེན་བརྒྱད་པའི་ཐང་ཆེན་དུ་གཏད། ཉིན་དེ་ནི་གཟའ་སྐར་འཕྲོད་སྦྱོར་གྱི་རྟགས་དང་རྟེན་འབྲེལ་ཅི་ཡང་དཔྱད་མི་དགོས་པའི་ཞོགས་པ་རང་ག་བ་ཞིག་རེད། རང་ག་བའི་ཞོགས་པ་དེར་ཁོས་རང་གི་ལུས་པོ་འདོམ་ལ་འཇལ་ནས་བརྐྱངས་ཕྱག་རེ་རེ་འཚལ་བཞིན་སྐུ་འབུམ་དགོན་པར་ཕྱི་སྐོར་ཐེངས་གཅིག་ལེན་པར་སེམས་ཐག་བཅད།
“ཁྲོག~ཤག~"
ལག་ཟུང་ཐལ་མོ་སྦྱར་ཙམ་གྱིས་ཕྱག་ཤིང་གི་ཁྲོག་སྒྲ་དང་ལུས་པོ་མདུན་དུ་འགྱེལ་ཙམ་གྱིས་ས་ལ་བརྡར་བའི་ཤག་སྒྲ་གཉིས་རེས་མོས་ཀྱིས་ཁོའི་ལུས་སྟེང་དུ་ཡང་དང་ཡང་དུ་མཆེད་པ་དེས། ཧ་ཅང་ཁོད་ཡངས་ཤིང་ཞི་འཇགས་ཀྱི་རྣམ་པའི་ཡོངས་སུ་འཁྱིལ་བའི་མཆོད་རྟེན་བརྒྱད་པའི་ཐང་ཆེན་དུ་བསྐྱར་ཟློས་ཀྱི་སྒྲ་དབྱངས་ཤིག་མཚམས་མ་ཆད་པར་གྲགས་བྱུང་། ཁོས་འདི་འདྲའི་སྒྲ་གདངས་གཅིག་པ། དལ་མགྱོགས་རན་པ། ཡང་དང་བསྐྱར་དུ་ཟློ་བའི་སྒྲ་ཞིག་ལ་མ་ཉན་པར་ཡུན་རིང་འགོར་སོང་བ་འདྲ།
“པང~དིང~"
བསྐྱར་ཟློས་ཅན་གྱི་སྒྲ་དབྱངས་དེའི་རིགས་ཁོས་ཐོག་མར་ཐོས་དུས། མཚོ་བོད་མཐོ་སྒང་གི་འབྲོག་པ་ཚོས་ཁལ་གཡག་ལ་བསྟེན་ནས་རུ་བ་སྤོར་བའི་དུས་སྐབས་ཤིག་སྟེ། སྔར་བཞིན་ཞོགས་པའི་ཉི་ཟེར་ས་ལ་མ་འཕྲོས་སྔོན་ནས་གཡག་རྒྱབ་ལ་ཟོ་དང་སླ་ང་བཀལ་ཞིང་། གཅེན་གཅུང་ངམ་མིང་སྲིང་སུ་ཞིག་དོ་ཡས་བྱས་ཏེ་གཡས་གཡོན་གྱི་སྣོད་དུ་བཙོག་རྗེས། ད་གཟོད་ཁལ་མའི་འགུལ་སྐྱོད་དང་སྦྲག་ནས“པང~དིང~"གཉིས་ཀྱི་སྒྲ་དེ་བསྐྱར་ཟློས་ཀྱིས་གྲགས་འོངས།
ཁོས་མགོ་བརྩམས་མ་ཐག་གི་ལུས་པོ་ལ་རྩལ་ཤུགས་ཀྱིས་ཁེངས་ཡོད་ལ། རྨིད་ལྔ་སྟོང་ལྷག་གི་སྐོར་ལམ་ལ་ཡིད་ཆེས་ཀྱིས་བརྟས་ཡོད། ཞོགས་པའི་ཉི་གཞོན་ཤར་གྱི་རི་རྩེ་ནས་འཕྲོས་དུས། ཁོའི་སེམས་ཁམས་ཀྱང་བྱིས་དུས་ཀྱི་ཟོ་དང་སླ་ངའི་ནང་དུ་དབྱར་གྱི་ལང་ཚོ་འཚོལ་བར་འགྲོ་བའི་སྣང་བ་དང་འདྲ་བས། དེ་ནི་ཡུན་རིང་རེ་ཞིང་སྒུག་པའི་ཡིད་འོང་གི་ཞོགས་པ་ཞིག་རེད་ཨང་སྙམ།
“ཕྱག་འཚལ་ཐུབ་པ་ནི་ལས་ཅན་རེད།"
“བདེན་ཀི ངས་ཀྱང་ཕྱག་སྐོར་གཅིག་བྱེད་དགོས། མ་མཐའ་ཡང་ངའི་བུ་མོའི་ཆེད་དུ...."
ལམ་གྱི་བཅུ་ཆའི་གཅིག་བརྒལ་དུས། ཁོས་མཇལ་བ་གཞོན་ནུ་མ་དེ་གཉིས་ཀྱི་ལབ་གླེང་དེར་བསམ་གཞིགས་ཕྲན་ཙམ་གཏོང་དགོས་བྱུང་། སེམས་ཅན་ཐམས་ཅད་མ་རུ་མ་གྱུར་པ་མེད་པ་ཡིན་ན། མ་རུ་གྱུར་བ་ཐམས་ཅད་ཀྱིས་འདི་ལྟར་བུ་ཡི་ཆེད་དུ་ཅི་ཞིག་སྒྲུབ་བཞིན་ཡོད་ལ། ཅི་ཡང་སྒྲུབ་ནུས་པའི་ཕངས་མེད་ཀྱི་སྙིང་སྟོབས་དེ་ཇི་འདྲའི་བླ་ན་མེད་པ་ཞིག་རེད་ཨང་སྙམ་ཞིང་། གཞོན་པའི་སྙིང་སྟོབས་བཞིན་རང་གི་རྩ་ལམ་ན་ལྷོག་ལྷོག་དུ་གདུ་བཞིན་པའི་སྟོབས་ཤུགས་འདི་ནི་རང་གི་མ་དྲིན་མོ་ཆེས་གནང་བ་རེད་སྙམ་པའི་དྲིན་དྲན་པའི་སེམས་ཁམས་ཤིག་ཀྱང་ཡིད་ལ་ཐོག་མར་སྐྱེ་མགོ་བརྩམས།
ཡིན་ནའང་ལམ་གྱི་བཅུ་ཆའི་གཉིས་ལ་བརྒལ་རྗེས། བུད་མེད་ཅིག་གིས་སྒོར་གཅིག་གིས་འགྱེད་གཏོང་བར་ཁོས་ཧ་ཅང་སྣང་ཆུང་གིས“མི་དགོས། མི་དགོས"ཞེས་བཤད། ཐ་ན་འགྱེད་དངོས་ནི་ངེས་པར་དུ་ལེན་དགོས་པའང་ཤེས་མ་སོང་། བུད་མེད་དེའི་གདོང་ལ་བྱམས་བརྩེས་ཁེངས་ཤིང་སྔར་བཞིན་འཛུམ་དམུལ་དམུལ་ངང་ཕྱག་འཚལ་མཁན་རེ་རེར་སྦྱིན་བཞིན་འདུག ཁོས་སྦྱིན་གཏོང་གི་རླབས་ཆེ་བའི་ཡང་སྙིང་མ་གཏོགས་པ་ལ། ཅུང་ཙམ་ཁ་སྐྱེངས་ཤིང་སྐོར་ལམ་འདི་ཁོ་ནའི་སྟེང་ནའང་སློབ་རྒྱུ་མང་པོ་ཞིག་འདུག་སྙམ་བཞིན་སྒོར་དེ་ཨམ་ཕྲག་ཏུ་བཅུག
ཕྱག་འཚལ་ནས་གོམ་པ་བརྒྱ་ལྷག་རེ་སོང་རྗེས་ཁོས་དུས་ཚོད་ལ་ཡང་ཡང་བལྟས། དུས་ཚོད་ཡོད་པས་ཁོས་རང་གི་འགྲོས་ཚད་རྟོགས་སོང་། འགྲུབ་སོང་བའི་ཕྱག་སྐོར་རམ་བཞུད་ཟིན་པའི་སྐོར་ལམ་ལ་པར་རེ་བླངས་རྗེས། པར་དེ་དག་ཁོས་རང་གི་ཤ་ཉེ་དུ་དང་གྲོགས་པོའི་ཚོམས་སུ་བསྐུར། སོ་སོས་བསྟོད་བསྔགས་ཐོབ་པ་ནས་བཟུང་། ཁོ་ལ་ཚམ་ཚོམ་མེད་པར་ང་རྒྱལ་ཞིག་ཀྱང་སྐྱེས་མགོ་བརྩམས། ད་དུང་དུས་ཚོད་ཐུང་ཐུང་ནང་ལ་ས་ཐག་རིང་བོར་བསྐྱོད་དགོས་སྙམ་པའི་ཧམ་སེམས་ཤིག་གིས། བྲེལ་མྱུར་གྱིས་ལམ་གྱི་བཅུ་ཆའི་གསུམ་ལ་སླེབས་ཙ་ན། བསྐྱོགས་མཚམས་ཆེན་པོ་ཞིག་དང་འཕྲད་ཅིང་མི་གསུམ་གྱིས་དེ་རུ་ཕྱག་མེ་ཏོག་ཅན་འཚལ་བཞིན་འདུག
“ལུས་པོ་འདོམ་ལ་འཇལ་བ་འདིའི་རིགས་ཕྱག་སླ་མོའི་སྐོར་རེད། ཕྱག་དཀའ་མོ་ནི་མདུན་གྱི་མི་ཀན་ཚོ་བཞིན། ཁ་དགོན་པའི་གསེར་སྡོང་ལ་ཕྱོགས་ནས་ལུས་ཀྱི་ཤོང་ཚད་ཅིག་འཚལ་བ་འདིའི་རིགས་རེད། འདི་ལ་ཕྱག་མེ་ཏོག་མའང་ཟེར།"
ལམ་འགྲོ་བ་སྐོར་ཅིག་གི་ཁྲོད་དུ་མི་ཞིག་གིས་ངོ་སྤྲོད་ཀྱི་ཚུལ་དུ་དེ་ལྟར་ལབ་སོང་བས། ཁོའི་སེམས་སུ་ཕྱག་མེ་ཏོག་ཅན་གསུམ་འཚལ་ན་ད་གཟོད་བརྐྱངས་ཕྱག་གཅིག་གི་རིང་ཚད་དང་འདྲ་བས། ཁྱད་པར་ཆེ་ཤོས་ནི་དུས་ཚོད་དང་སྟོབས་ཤུགས་ལྷག་མ་ཞིག་འདོན་དགོས་པ་མ་གཏོགས། “དཀའ་མོ་དང་སླ་མོ" ཞེས་བགར་བ་ནི་ཇི་འདྲའི་གནས་ལུགས་དང་མི་མཐུན་པ་ཞིག་རེད་ཨང་སྙམ། མི་ཟེར་བ་འདི་འདྲ་རང་རེད། ཉམས་མྱོང་དང་བློ་སྦྱོང་ཅི་ཡང་མེད་ནའང་རང་གི་རྨོངས་ཚོད་ཀྱིས་གཞན་གྱི་ཡོན་ཏན་ཆེ་ཆུང་གང་ཞིག་ཚིག་གཅིག་གིས་སྤྱི་སྡོམ་བྱས་འགྲོ་བ་དེ་རེད། དེ་ལྟར་སྙམ་པའི་མོད་ལ་ཁོའི་པུས་མོའི་ནང་དུའང་ཅི་ཞིག་ཟུག་སོང་བ་བཞིན། ཟུག་གཟེར་ལྷག་མ་ཞིག་གཏིང་རིམ་དུ་འཕག་བཞིན་འདུག ཟུག་གཟེར་དེའི་དབང་གིས་ད་ལྟ་ཁོའི་ངོམ་སོ་དང་འདྲ་བའི་པར་དེ་དག་ཀྱང་ཚོམས་སུ་བསྐུར་འདོད་མེད་པར་གྱུར།
ལམ་གྱི་བཅུ་ཆའི་བཞི་ལ་ཉེ་དུས། ཁོ་རང་སྐུ་འབུམ་དགོན་པའི་མདུན་རིའི་རྩེ་ལ་བུད་ཅིང་གསེར་འོད་ལམ་ལམ་འཚེར་བའི་གསེར་གདུང་ཆེན་མོའི་རྒྱ་ཕིབས་གསལ་ལམ་མེར་མཐོང་བྱུང་། ཉམས་དགའ་བའི་སྐོར་ལམ་དེ་ན་ད་དུང་ངལ་གསོ་སའི་ལྡིངས་ཆ་ཞིག་ཀྱང་འདུག་པས། ཁོས་ཀྱང་འགྲུལ་བཞུད་པ་དེ་དག་དང་འདྲ་བར་དེ་རུ་ངལ་ཙམ་གསོས།
“མོ་རང་སྐུ་དྲག་ཚང་ནས་བྲོས་བྱོལ་དུ་སོང་རྗེས། བཞིན་མདངས་ཀྱང་རིམ་བཞིན་ཉམས་ཤིང་། ལོ་ལོན་རྗེས་མོས་རང་གི་ཨ་མར་དྲིན་ལན་མཇལ་ཆེད། ཨ་མས་སྔོན་ཆད་གྱོན་མྱོང་བའི་པགས་རྩག་དེར་རས་ཐུམ་རྒྱབ་སྟེ་ཁུར་ནས་གངས་རིན་པོ་ཆེར་ཕྱག་སྐོར་ལན་གསུམ་ཕུད་ཟིན། དེ་ནས..."
ཁོ་དང་ཁ་གཏད་དུ་ཡོད་པའི་གསར་བུ་མགོ་སེར་ཞིག་གིས་ཆུང་མའམ་དགའ་རོགས་སུ་ཡིན་ཆ་མི་འཚལ་བའི་བུ་མོ་ཞིག་ལ་དེ་ལྟར་ངག་རྒྱུན་ཞིག་འཆད་ཀྱིན་འདུག ཁོའི་སྣང་ངོར་སྐྲ་རྩི་སེར་པོ་བྱུགས་པ་དང་ལུས་ལ་རི་མོ་ཕབ་མཁན་མང་ཤོས་ནི་“དེང་རབས་པ"ཞེས་པའི་མགོ་རྔ་མེད་པའི་ན་གཞོན་སྐོར་ཞིག་ཡིན་འདོད་ཡོད་མོད། གསར་བུ་དེས་བོད་སྐད་ཀྱི་སྨྲ་དག་ཅིང་འབྲུ་གསལ་བོ་ཞིག་གིས་ངག་རྒྱུན་ཞིག་འཆད་འོངས་བ་ནི་བློ་ཁོག་ལའང་ཤོང་དཀའ་བ་ཞིག་རེད། དེ་ལས་རྒྱུད་འཛིན་ཞེས་པ་ནི་རྒན་པས་གཞོན་པར་ཁྲིད། གཞོན་པས་ཕན་ཚུན་བརྡར་ནས་འོངས་དགོས་པ་ཞིག་ཡིན་ཤོས་ཆེ་སྙམ།
ཨ་མའི་ལྭ་ཁུར་བའི་ངག་རྒྱུན་ལ་ཉན་རྗེས། ཁོས་རྒན་མོ་དེའི་སྣང་བརྙན་ལ་རྟོགས་བཟོ་བྱས། དེའང་ལམ་གྱི་བཅུ་ཆའི་ལྔ་ལ་སླེབས་དུས་འཕྲད་པའི་རྒྱབ་ལ་སྐུ་འདྲ་ཁུར་བའི་ཨ་མ་རྒན་མོ་དེའི་ཞལ་རས་དང་འདྲ་བར་སྣང་། ད་ཐེངས་བརྩིས་ན་ཐེངས་གསུམ་ལ་སྐོར་བ་བྱས་ཟིན་པའི་ཨ་མ་རྒན་མོ་དེས་ཕྱིང་གོས་སེར་པོ་ཞིག་གི་ཁུག་ལ་དབུ་ཡི་སྤྱི་གཙུག་མ་གཏོགས་མི་མཐོང་བའི་སྐུ་འདྲ་ཞིག་རྒྱབ་ལ་ཁུར་ཞིང་ཁ་ནས་མ་ཎི་བཟློ་་བཞིན་ཕར་ཚུར་སུ་ལའང་མིག་ཉུལ་ཙམ་ཡང་མི་བྱེད་པར་སྐོར་བ་བྱེད་ཀྱིན་འདུག སྐྲ་ལོའི་བཅུ་ཆའི་ལྔ་ནི་དཀར་པོར་གྱུར་འདུག་པའི་ཁར་ད་ཐེངས་ཁོ་མོས་གོམ་པའི་འདེགས་འཇོག་སྐོར་བ་སྔོན་མ་གཉིས་ལས་ཅུང་ཇེ་དལ་དུ་སོང་འདུག་ལ། བཞིན་རས་ཀྱང་སྔར་ལས་རྒས་སོང་བའི་སྣང་བ་ཞིག་སྟེར།
ཁོས་ཨ་མ་རྒན་མོ་དེའི་རྒྱབ་གཟུགས་ལ་ཡུན་རིང་ཅེར་རྗེས། རང་གིས་ལུས་པོའི་རིང་ཚད་ས་ལ་འཇལ་ནས་སྐར་མ་རེ་རེ་བཞིན་འགུལ་ནས་འོངས་བའི་སྐོར་ལམ་ལ་ཕྱིར་མིག་ཅིག་འཕེན་དགོས་བྱུང་། ངོས་མི་སྙོམས་ཤིང་མཐོ་དམའ་མི་རན་པ། ཀྱ་ཀྱུ་དང་འཇམ་རྩུབ་རྒོད་པའི་བཞུད་ལམ་དེ་ནི་རང་གི་བཞུད་སོང་བའི་མི་ཚེ་ཕྱེད་ཀ་དང་འདྲ་བོ་འདུག་སྙམ། སླར་ཡང་འགྲོ་དགོས་པའི་སྐོར་ལམ་གྱི་ཕྱོགས་སུ་མིག་གཡེང་ཙམ་བྱས་པ་ན། དེའང་ཀྱ་ཀྱུ་ཞིག་གིས་རྒྱང་ལ་འཐེན་ཡོད་པས་ཁོའི་ལུས་སྟེང་གི་ཕྱོགས་མང་པོ་ཞིག་ནས་ན་ཟུག་ལངས་མགོ་བརྩམས། ད་ལྟ་ཁོས་ཕྱག་འཚལ་བའི་འགྲོས་ཚད་ཀྱང་ལོ་ལྔ་བཅུར་ལོན་པའི་རྒད་པོ་ཞིག་དང་འདྲ་བར། ལྗིད་ཏིག་ཏིག་གིས་མདུན་དུ་ནུར་བཞིན་ཡོད།
ཁོའི་ལྗིད་ཏིག་ཏིག་གི་ལུས་པོ་དེའི་སྟེང་ན་ད་དུང་ལྗིད་ཏིག་ཏིག་གི་རྒྱབ་ཁུག་ཅིག་ཡོད་པས། ལམ་གྱི་བཅུ་ཆའི་དྲུག་ལ་སླེབས་དུས། ཁོས་རྒྱབ་ཁུག་ལམ་འགྲོ་བ་ཞིག་ལ་བསྐུར་དགོས་བྱུང་།
“ཨ་ཁུ། ཁུག་མ་འདི་སྤྱི་ལེ་གཅིག་གི་མཚམས་སུ་བཞག་ན་འགྲིག་གམ། "
“ཚེ་རིང་རྒྱུ་བོ་་་"
ན་གཞོན་ཞིག་གིས་ཁོའི་བཟོ་ལྟ་ཁོ་ནས་སྟེང་ཨ་ཁུ་ཞེས་རྒན་པ་ཞིག་ཏུ་མཐོང་ཞིང་ལུས་ཀྱི་ནུས་ཟུངས་ལ་བརྟག་ནས་སྤྱི་ལེ་གཅིག་གི་མཚམས་སུ་ངལ་གསོ་དགོས་པའི་བརྡ་བསྟན་སོང་།
“ཨ་མའི་བུ་ལ་སྙིང་དགོས། སྙིང་ལ་རུས་པ་དགོས"ཁོ་རང་ལོ་བཅུ་དྲུག་ལ་བུད་པའི་ལོ་དེར་ཁོ་དང་ཁོའི་ཕ་རྒན། ད་དུང་ལུག་ཁྱུ་བཅས་སྤྱང་ཚོགས་ཀྱིས་བསྐོར་དུས། ཁོའི་ཕ་རྒན་གྱིས་འཕར་སྤྱང་ལ་གདོང་གཏོད་ཐུབ་དགོས་པའི་ཚུལ་དུ་དེ་ལྟར་སྐུལ།
ཁོས་སླར་ཡང་ཕ་རྒན་གྱིས་དཀའ་བའི་དུས་སུ་མགོ་སྒུར་མི་རུང་བའི་གདམས་པ་ཡིད་ལ་བཅངས་ནས་མདུན་དུ་སོང་ཞིང་། མདུན་ཕྱོགས་ནི་ཐུར་ངོས་གཟར་མོ་ཞིག་ཡིན་པས། ཕར་བལྟས་ཚོད་ཀྱིས་ཁོས་ཕྱག་འཚལ་ཟེར་བ་ལས་ནུར་ནས་འགྲོ་བཞིན་འདུག་ཅེས་བཤད་ན་འགྲིག་ཙམ་འདུག
“ཁྱོད་ཚོ་མི་ཆད་དམ།"
ལམ་གྱི་བཅུ་ཆའི་བདུན་ལ་སླེབས་དུས། བོད་མིའི་དད་པ་ཞེས་པར་ཆ་རྒྱུས་སྤུ་ཙམ་མེད་པའི་གཞན་རིགས་བུ་མོ་ཞིག་གིས་ཧ་མི་གོ་བའི་ཚུལ་དུ་དེ་ལྟར་དྲིས། སྐད་ཆ་དེར་ཁོས་ཀྱང་ཡང་དང་ཡང་དུ་བསམ་བློ་བཏང་། ཁོས་བསམ་ན་ཁོ་རང་ལངས་ནས་མི་འགྲོ་བར་གོག་ནས་འགྲོ་དགོས་པའི་ལམ་ཐིགས་དེའི་ལྟེ་གནས་སུ་གསེར་སྡོང་ཆེན་མོ་ཡོད། གསེར་སྡོང་ཆེན་མོའི་ལོ་རྒྱུས་དེ་ངེས་པར་དུ་རྗེ་ཙོང་ཁ་བ་ཆེན་པོའི་ལོ་རྒྱུས་ནས་གླེང་དགོས། ཁོང་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་སོ་བདུན་རྗེས་སུ་མདོ་སྨད་ཙོང་ཁ་ཞེས་བྱ་བའི་སྨན་ལྗོངས་འདི་རུ་སྐུ་འཁྲུངས། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཁྲི་འཕང་མཐོན་པོར་འཇིགས་པ་མེད་པར་མངའ་བསྒྱུར་ཏེ། མདོ་སྔགས་གཞུང་གི་གླེགས་བམ་དུམ་པ་བཅུ་དགུ་བརྩམས། ཁོང་ཚང་སྐུ་མྱ་ངན་ལས་འདས་ནས་ངོ་ལོ་དྲུག་བརྒྱའི་རྗེས་སུ། མི་ཕོ་རང་ག་བ་ཞིག་གིས་ལོ་ངོ་བཞི་བརྒྱ་བཞི་ཅུ་ཞེ་གསུམ་གྱི་ལོ་རྒྱུས་ལྡན་པའི་དགོན་པ་འདིར་རང་གི་ལུས་པོས་འཇལ་ནས་འགྲོ་བ་ལ་མ་མཐའ་ཡང་ཕན་ཡོན་བཅུ་རྩི་རྒྱུ་འདུག་སྙམ་སྟེ། གཞན་རིགས་བུ་མོ་དེ་ལ་ལན་ཞིག་སྤྲོད་རྩིས་ཀྱིས་ཀི་ཞིག་བཏབ་མོད། བུ་མོ་དེ་མོ་ཊྲ་ཞིག་ལ་བསྡད་ནས་རྒྱང་དུ་ཡལ།
དུས་ཚོད་ལྟར་བརྩིས་ཚེ། ད་ནི་ཁོའི་རྒྱབ་ཁུག་གམ་བཟའ་བཏུང་གི་ཉེ་སར་སླེབས་བཞིན་པ་ཚོར་ལ། གནས་དེ་ནི་ལམ་གྱི་བཅུ་ཆའི་བརྒྱད་ཀྱི་ས་མཚམས་རེད། ཁོའི་བསམ་པར་ཟ་མ་རྒྱག་ཆོད་པ་ཞིག་ཟོས་ན། མདུན་སྐྱོད་ཀྱི་གོམ་ཁ་སྔར་ལས་ཇེ་ཡང་དུ་འགྲོ་ངེས་ལ། ཕྱག་སྐོར་འགྲུབ་རྗེས་ད་དུང་ཟ་མ་ཞིམ་མངར་ཅན་ཞིག་ཟ་དགོས་སྙམ། དམིགས་བསལ་གྱི་བཟའ་བཏུང་ཞེས་པའི་འགུགས་ཤུགས་དེས་ཁོས་འགྲོས་ཚད་ཇེ་མགྱོགས་སུ་བཏང་། ཡང་རང་གི་བྱ་སྤྱོད་ལ་ཚོད་བགམ་རེ་བྱས་ཚེ། ཁོ་ཇི་ཞིག་ལ་རྔམ་བཞིན་པའི་འཚུབ་སྣང་དེས“རང་གིས་ལྟོ་འབྲངས་འབའ་ཞིག་དོན་དུ་གཉེར་བཞིན་པའི"ངེས་ཤེས་བྱུང་། ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་རྗེ་ཙོང་ཁ་བ་ཆེན་པོས་ལེགས་བཤད་ཀྱི་སྐྱེས་ལེན་པའི་ཕྱིར་སྙིང་སྟོབས་ཆེན་པོ་བསྐྱེད་ནས། མདོ་སྨད་བྱ་ཁྱུང་ནས་ལམ་ལ་ཆས་ཏེ་ལོ་གཅིག་གི་རྗེས་སུ་ད་གཟོད་སྟོད་དབུས་གཙང་དུ་སླེབས། འོན་ཏེ། རྗེ་ཁོང་ཚང་དང་བསྡུར་ན་ད་ལྟ་ཁོ་རང་ལུས་ཟུངས་ཟད་པའི་བརྒྱད་ཅུའི་རྒད་པོ་ཞིག་དང་འདྲ་བར། མིག་གཉིས་དོང་ལ་ལྷུང་ཞིང་གོམ་ཁ་འཁྱར་ནས་འགྲོ སྟབས་ཐུག་གཅིག་དང་ཆུ་ཁོལ་ཁམ་བུ་གསུམ་ཙམ་འཐུང་ཙ་ན། ཧལ་ཧལ་བྱེད་པའི་དབུགས་ཀྱི་རྒྱུ་རྔུབ་རྒྱུན་ལྡན་དུ་ཆགས་པ་ཙམ་ལས། ཟས་ཀྱིས་སྟོབས་ཤུགས་བསྩལ་བའི་ཉམས་སྣང་ཅི་ཡང་མ་བྱུང་།
“པུས་མོ་ན་ཚེ་ཐང་བདེ་སར་བརྒྱུད་དང་ཕན་ཐོགས་ཡོད།"
ཁོ་རང་ལམ་གྱི་བཅུ་ཆའི་དགུ་ལ་སླེབས་ཙ་ན། པུས་མོ་དང་གྲུ་མོ། ལག་ངར་སོགས་ཀྱི་སྐྱི་ལྤགས་རལ་ནས་ཁྲག་གིས་ཟིན་ཡོད་པས། ལམ་འགྲོ་བ་ཞིག་གིས་སེམས་ཀྱིས་མ་བཟོད་པར་དེ་ལྟར་ཟེར། ད་ལྟ་བསྐོར་ལམ་ནི་གྱེན་ལ་ཕྱོགས་ནས་ཡོད་མོད། ཁོས་ཕྱག་འཚལ་སྟངས་ནི་ལག་ཟུང་མདུན་དུ་བསྲིངས་ཙམ་ལས་ལུས་པོ་ནི་ཁ་སྤུབ་ཏུ་འགྱེད་པ་དང་མཚུངས་ལ། ཕྱིར་ལངས་དུས་ཀྱང་གྲུ་མོ་དང་པུས་མོ། ལག་ངར་སོགས་ས་ལ་གླན་ཡོད་པ་ཚང་མར་བསྟེན་ཏེ་ད་གཟོད་ཡར་ལངས་ཙམ་བྱེད་བཞིན་ཡོད་ལ། བཟོ་ལྟ་དེ་ནི་དགུ་ཅུའི་རྒད་པོ་ཞིག་དང་འདྲ་བས། ཁོས་གོམ་པ་བཅུ་རེའི་མཚམས་སུ་ངལ་ཙམ་གསོ་དགོས་འདུག
ངལ་གསོའི་བར་གླེགས་དེར། མགོ་སྐྲ་དུང་ལྟར་དཀར་པོའི་གྲྭ་བ་བགྲེས་པོ་ཞིག་གིས། སྐོར་བ་འགྲོ་ཞོར་དང་ལམ་གྱི་གད་སྙིགས་འཐུ་བཞིན་འདུག ཁོ་རང་དེ་ལྟར་དལ་བྲེལ་མེད་པ་དང་གད་སྙིགས་གཏོར་མཁན་གྱི་ལམ་འགྲོ་བ་དག་ལ་ལེ་གདའ་ཡང་མེད་པར་འགྲོ་བཞིན་འདུག བར་སྐབས་ཤིག་ལ་བར་སྐོར་གྱི་ཁྱུ་གུ་སྐོར་ཞིག་ཁོའི་གམ་དུ་རུབ་པ་ན། ཁོས་གད་སྙིགས་ཁྲོད་ཀྱི་འགྱིག་གི་སྣོད་ཆུང་ཆ་རེ་གཙང་མར་བཀྲུས་ཤིང་སླར་ཡང་ཆུ་གང་རེ་སྣོད་དུ་བླུགས་ནས་ཁྱི་གུ་དེ་དག་གི་མདུན་དུ་བཤམས། སུས་ཀྱང་བསྒྲུབ་ཆོག་ལ་སྒྲུབ་ཀྱང་སླ་བའི་བྱ་སྤྱོད་དེས་ཁོ་ལ་སེམས་འགུལ་ཐེབས་སུ་བཅུག
དེ་ཡང་རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས། “ཐམས་ཅད་བསམ་པ་དག་ལ་རག་ལས་པས།། བརྟག་པར་བསམ་པ་བཟང་ལ་འབད་པར་བྱ།།"ཞེས་གསུངས་པ་ནང་བཞིན་ཡིད་ཀྱི་ཀུན་སྤྱོད་ནི་བསམ་པའི་ཀུན་སྤྱོད་དང་། བསམ་པའི་ཀུན་སྤྱོད་ཀྱིས་ཐད་ཀར་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་ཁ་ལོ་སྒྱུར་བཞིན་པས། ཁོའི་བསམ་པར་རང་གི་ཕྱག་འཚལ་བ་ནི་མྱོང་བ་ཙམ་ལས་ཡིད་ཀྱི་ཀུན་སྤྱོད་ཐད་ལ་ད་དུང་ཆད་ལྷག་མང་པོ་ཞིག་འདུག་པའི་ཚོར་བ་བྱུང་།
སྐབས་དེར་ཁོས་མགོ་བོ་སྨད་དེ་ལག་མཐིལ་གྱི་རྨ་ཤུལ་ལ་ཞིབ་བལྟ་ཞིག་བྱས། ཆོག་ཤེས་དང་གཏོང་ཕོད་ཀྱི་མཇམ་མཉེན་བར་དུ། ང་ཚོར་ལག་ཟུང་འདི་གཉིས་ཀྱིས་བཟུང་ཡང་ཆོག་ལ་བཏང་ཡང་ཆོག་པའི་གདམ་གསེས་ཇི་འདྲའི་མང་པོ་ཞིག་ཡོད་ཨང་། དེ་མིན་ཚེ་སྔོན་ཆད་ཁོ་དང་ཕ་རྒན་གཉིས་སྤྱང་ཚོགས་དང་འཕྲད་དུས་ཀྱང་། ཕ་རྒན་གྱིས་“ཁ་དམ་རྒྱུ་བོ"ཞེས་དམོད་ཚིག་འཕངས་མོད། ཕྱིས་སུ་སྔར་བཞིན་ལུག་རོ་རེ་གཉིས་ཆེད་དུ་སྤྱང་ཚོགས་ལ་བསྐྱུར་སོང་བ་མ་ཡིན་ནམ་སྙམ་། ཁོས་བསམ་ན་ཟུག་གཟེར་ནི་ཤ་ཁྲག་ལ་བྱིན་པའི་ཚོར་བ་ཙམ་དང་། འགུལ་སྐྱོད་ནི་རུས་པའི་སྒྲོམ་གཞི་ལ་སྤྲད་པའི་ཁ་ལོ་ཙམ་ཡིན་པས། ཁ་ལོ་དང་ཁ་ཕྱོགས་ནོར་མི་རུང་བ་ནི་བསམ་པའི་ཀུན་སྤྱོད་ཀྱི་བདེན་པ་དེ་རེད་སྙམ།
ཁོ་རང་མཇུག་མཐའི་ལམ་གྱི་བཅུ་ཆའི་བཅུ་ལ་བརྒལ་རྗེས། རང་གི་མི་ཚེ་མྱོང་གྲུབ་དང་བཞུད་པའི་སྐོར་ལམ་ལ་རྒྱང་མིག་དང་ཕྱིར་རྟོགས་བྱས། ཞོགས་པའི་སྐྱ་རེངས་དང་ལྷན་དུ་ལམ་ལ་ཆས་པའི་ཕྱི་སྐོར་དེ་ད་ལྟ་བསམ་ན་ལམ་ཐག་རིང་བོ་ཞིག་མིན་ལ། བཅུ་ཆའི་བཅུ་ཡི་མི་ཚེ་ཡང་དེ་བཞིན་རིང་བོ་ཞིག་མིན་པའི་སྣང་བ་བྱུང་།
“ཁྲོག~ཤག~"
རེས་མོས་ཀྱི་སྒྲ་དེ་ཁོའི་ལུས་སྟེང་དུ་སྔར་བཞིན་ཡང་དང་ཡང་དུ་མཆེད་ཅིང་། དགོན་པའི་ཐང་ཆེན་གྱི་མཆོད་རྟེན་བརྒྱད་པོའང་སྔར་བཞིན་ཞི་འཇགས་སུ་གནས།

དུང་ཟིན་རྒྱལ རྐང་ཚ་རྫོང་སློབ་གསོ་ཅུའི་འགོ་གཙོ་གཞོན་པ། རྐང་ཚ་རྫོང་དམངས་ཁྲོད་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། བརྩམས་ཆོས་ལ་སྙན་ངག་དེབ《སྦྲ་ནག་གི་ལེའུ》དང་འཛམ་གླིང་གློག་བརྙན་གྲགས་ཅན་སྐོར་གྱི་དཔྱད་བརྗོད་བཅུ་ལྷག་ཡོད།